བཀྲ་ཤིས་ལྷུན་པོ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-24 16:28ལ་འགྲུབ།

བཀྲ་ཤིས་ལྷུན་པོ།

བཀྲ་ཤིས་ལྷུན་པོ།
དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཏེ། རབ་བྱུང་བརྒྱད་པའི་མེ་ཡོས་སྤྱི་ལོ1447ལ་རྒྱལ་དབང་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ། རྗེ་བློ་བཟང་ཆོས་རྒྱན་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན། དགོན་མིང་ཆ་ཚང་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎什伦布寺
མཚན་རྒྱས་པ།
བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་།
ཕྱི་ཡིག་གི་མིང་།
Tashi Lhunpo monastery
གྲུབ་མཐའ།
དགེ་ལུགས་པ།
བཞེངས་མཁན།
རྒྱལ་བ་དགེ་འདུན་གྲུབ་པ།
བཞེངས་དུས།
སྤྱི་ལོ1447ལོ།
ཆགས་ཡུལ།
གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉེ་སྐོར་ཉི་མ་རིའི་ལྷོ་འདབས།
རྒྱ་ཁྱོན།
ཁྲི15(སྨི་གྲུ་བཞི་མ)
རྟེན་གཙོ།
རྗེ་བཙུན་བྱམས་པ་མགོན་པོ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདུང་རྟེན་སོགས།
1 ཐོག་མའི་བཞེངས་སྐྲུན།

གདན་ས་བཀྲ་ཤིས་ལྷུན་པོ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉེ་སྐོར་ཉི་མ་རིའི་ལྷོ་འདབས་སུ་ཆགས་ཤིང་། དེ་ནི་གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཡིན། གདན་ས་དེ་ནི་རྒྱལ་བ་ཙོང་ཁ་པའི་ཞལ་སློབ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་སྤྱི་ལོ1447ལོར་ཐོག་མར་ཕྱག་བཏབ། རྒྱལ་བ་དགེ་འདུན་གྲུབ་ནི་སྤྱི་ལོ1391ལོར་གཙང་གི་སྲས་གུར་མེ་ཞེས་པའི་འབྲོག་ཁྱིམ་དུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་གསན་བསམ་སློབ་གཉེར་ལ་སྦྱང་བརྩོན་ཤིན་ཏུ་ཆེ། སྐུ་ནར་སོན་ནས་རྗེ་ཙོང་ཁ་པ་སོགས་རྩ་བའི་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་རིག་པའི་གནས་བཅུར་མཁས་པའི་ཆོས་ལུགས་ཐད་ཀྱི་གྲགས་ཅན་མི་སྣར་གྱུར།

དགོན་གནས་འདི་ཐོག་མར་འདེབས་པ་གནང་སྐབས་ཀྱི་སྦྱིན་བདག་ནི་དར་རྒྱས་པ་བསོད་ནམས་དཔལ་བཟང་དང༌། སྐབས་དེའི་གཞིས་ཀ་རྩེའི་རྫོང་དཔོན་འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་གཉིས་ཀྱིས་ཞུས་ཏེ་དགོན་གནས་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་གསར་བཞེངས་གནང་ཞིང༌། ཕྱུག་གཞུང་དཔོན་དར་རྒྱས་པ་བསོད་ནམས་དཔལ་བཟང་གིས་མཆོད་གཞིས་ཁག་གཅིག་འཚོ་བའི་མཐུན་རྐྱེན་དུ་ཕུལ། གཙུག་ལག་ཁང་ལྟེ་བའི་སྦུག་གི་གཙང་ཁང་ཀ་བ་དྲུག་དང་འདུ་ཁང་ཀ་བ་བཞི་བཅུ་ཞེ་བརྒྱད། གཟིམས་ཁང་རྒྱལ་མཚན་མཐོན་པོ་ཀ་བ་ཉི་ཤུ་རྩ་བཞིའི་རྒྱ་ཁྱོན་བཅས་ཡོད་པ། གྲྭ་ཤག་སྤྱིལ་བུ་དང་བཅས་པ་གྲུབ་རྗེས། རྟེན་གཙོ་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གསར་བཞེངས་ཐོག  རྒྱུན་དུ་གཞུང་ཆེན་པོ་ལྔའི་འཆད་ཉན་སློབ་ཁྲིད་གཙོར་འདོན་མཛད་པར་བརྟེན་དངོས་སློབ་མཁས་པའི་དབང་པོ་བཅུ་ཕྲག་གསུམ་ལྷག་ཙམ་དང་གྲྭ་ཚོགས་ཀྱང་ཐོག་མར་ཞལ་གྲངས་བརྒྱ་དང་བཅུ་སྐོར་ལས་མེད་ཀྱང༌། སྐུ་ཚེའི་སྨད་དུ་གྲྭ་གྲངས་ཆིག་སྟོང་དྲུག་བརྒྱ་ཙམ་དུ་འཕེལ།

རྒྱལ་བ་དགེ་འདུན་གྲུབ་པས་ཆོས་སྡེ་འདིའི་ཁྲི་པ་དང་པོ་མཛད་ནས་སྤྱི་ལོ1959ལོའི་བར་ཁྱོན་བསྡོམས་ཁྲི་རབས་ཉི་ཤུ་རྩ་གཅིག་འཕོས། སྤྱི་ལོ1600ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་སྡེ་འདི་རྒྱས་སྐྲུན་མཛད་པ་ནས་བཟུང་པན་ཆེན་སྐུ་ཐོག་རིམ་བྱོན་གྱིས་ཉམས་གསོ་རྒྱས་སྐྲུན་མཛད་ནས་དེང་གི་གཞི་ཁྱོན་འདི་ཙམ་བྱུང་ལ་། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་གསེར་ཕིབས་དང་།རྒྱལ་མཚན། གཉྫིར་བཅས་ཀྱི་སྟེང་དུ་མཛེས་པའི་རྣམ་པ་ནི་བརྒྱ་བྱིན་རྣམ་པར་རྒྱལ་བའི་ཁང་བཟང་ཕྱོགས་འདིར་འཕོས་པ་ལྟ་བུའི་བརྗིད་ཉམས་དང་ལྡན་ཞིང་།ལྟ་བས་ཆོག་མི་ཤེས་པ་ཞིག་དང་།གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་ལྗོངས་ཀུན་ནས་མཛེས་པའི་རྒྱན་དུ་གྱུར་ཅིང་།གཞིས་རྩེའི་ནུབ་ངོས་ཉི་མ་གདོང་གི་རི་རྒྱུད་རྒྱབ་རི་གླང་ཆེན་འགྱིངས་པ་དང་འདྲ་བའི་ལྷོ་འདབས་སུ་རྔམ་བརྗིད་དང་ལྡན་པར་གནས་ཡོད།       

བཀྲ་ཤིས་ལྷུན་པོ་དགོན་དུ་ཤར་རྩེ་དང་། དཀྱིལ་ཁང་། ཐོས་བསམ་གླིང་། སྔགས་པ་སོགས་གྲྭ་ཚང་བཞི་ཡོད་ཁོངས་ནས་སྔགས་པ་གྲྭ་ཚང་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དུས་ཕྱིས་ཕྱག་བཏབ་པ་ཞིག་ཡིན་པ་དང་།གྲྭ་ཚང་སོ་སོའི་སྔར་ཡོད་མི་ཚན་ཉེར་དྲུག་གི་སྟེང་དུ་རྗེ་དིའི་སྐུ་དུས་སུ་གསར་འཕར་མི་ཚན་སུམ་ཅུ་སོ་གཉིས་བྱུང་བ་བཅས་བསྡོམས་མི་ཚན་ལྔ་བཅུ་ང་བརྒྱད་ཡོད་པ་དང་།ལྷ་ཁང་གསར་བཞེངས་ཐད་ལི་མ་ལྷ་ཁང་།བཀའ་འགྱུར་ལྷ་ཁང་།ཡང་རྩེ་ལྷ་ཁང་།མངོན་དགའ་ལྷ་ཁང་།རྒྱ་ནག་ལྷ་ཁང་།རིན་ཆེན་ལྷ་ཁང་།ངུར་སྨྲིག་ལྷ་ཁང་།པཎ་གྲུབ་ལྷ་ཁང་།དགའ་གདོང་ལྷ་ཁང་།བླ་མ་ལྷ་ཁང་།གཡབ་བར་ལི་མ་ལྷ་ཁང་ནུབ་མ།གཡབ་བར་ལི་མ་ལྷ་ཁང་དབུས་མ།གཡབ་བར་ལི་མ་ལྷ་ཁང་ཤར་མ།གཡབ་བར་དངུལ་གདུང་ལྷ་ཁང་སོགས་དང་།གཞན་ཡང་དུས་གསུམ་སངས་རྒྱས་ཀྱི་གོས་སྐུ་ཆེན་མོ་གསུམ་དང་།དབྱེན་སྡུམ་མཆོད་རྟེན་ཤར་མ་དང་།བཀག་སྣེ་སྒོ་བཞི་བཅས་ཀྱང་གསར་བཞེངས་མཛད་པས་དུས་དེ་ནས་བཟུང་ཆོས་སྡེ་འདི་ཉིད་པཎ་ཆེན་རིན་པོ་ཆེའི་ཆོས་བཞུགས་བླ་བྲང་དུ་གྱུར།ཆོས་སྡེ་འདིའི་གྲྭ་གྲངས་ཐད་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་སྒྲིག་བཞུགས་དགེ་འདུན་ཞལ་གྲངས་བཞི་སྟོང་ལྷག་ཙམ་ཟིན།

2 གྲྭ་ཚང་བཞི།

ཞལ་སློབ་མཁས་པའི་དབང་པོ་རྣམས་ཀྱིས་ཟུར་ཆོས་སློབ་དཔོན་མཛད་པ་ལས་ཐོག་མར་གྲྭ་ཚང་གསུམ་ཏེ་ཐོས་བསམ་གླིང༌དང་། དཀྱིལ་ཁང༌། ཤར་རྩེ་བྱུང་བ་དང༌། རྗེས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་རྗེ་དགེ་འདུན་གྲུབ་ཀྱི་དགོངས་བཞེད་དང་མཐུན་པར་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད་པ་བཅས་བསྡོམས་པའི་གྲྭ་ཚང་བཞི་ཡོད།

2_1 གཅིག  ཐོས་བསམ་གླིང་གྲྭ་ཚང༌།

རྗེ་དགེ་འདུན་གྲུབ་ཀྱི་དངོས་སློབ་མཁས་དབང་དྲི་མེད་བཤེས་གཉེན་གྱིས་འཆད་ཉན་དང་ཡིག་ཆ་མཛད་པ་ལས་འཕེལ་རྒྱས་བྱུང་ཞིང༌། རྗེ་དགེ་འདུན་གྲུབ་ཞལ་བཞུགས་དུས་མི་ཚན་བཅུ་ཡོད་ཐོག་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་དུས་གསར་འཕར་མི་ཚན་བཅུ་དྲུག  པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་སྐབས་གསར་འཕར་མི་ཚན་གཅིག་བཅས་མི་ཚན་ཉི་ཤུ་རྩ་བདུན་ཡོད་པ་ནི།  ལེགས་གླིང་དང་།  བདེ་འབྱོར། ལྷུན་རྩེ། ནོར་བུ་དགའ་ལྡན། གཅེན་ལུང༌། འབྲོང་རྩེ། རྟ་ནག  སྤང་ཡུལ། གནས་ཆོས། གནས་པ། (དེ་རྣམས་རྗེ་དགེ་འདུན་གྲུབ་པའི་དུས་སུ་བྱུང) ལེགས་གྲུབ། བཞད་པ། གསེར་གླིང༌། རྫོང་ཁ། བ་སོ།  ཏྲེ་ཧོར།  གཡང་པ།  ཧར་གདོང༌།  ཅོ་ནེ།  གསེར་ཁང༌།  རྒྱ་ཁང་ཚན།  ཚུལ་ཁང༌།  གྲང་མོ་ཆེ།  ལྕགས་པ།  རོང་པ།  གཏིང་སྐྱེས། (དེ༌དག་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་དུས་སུ་བྱུང) སྲད་པ་མི་ཚན(འདི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་དུས་སུ་བྱུང་བ)བཅས་ཡིན།

2_2 གཉིས། དཀྱིལ་ཁང༌གྲྭ་ཚང༌། 

རྗེ་དགེ་འདུན་གྲུབ་ཀྱི་དངོས་སློབ་མཁས་དབང༌། དཔལ་ལྡན་ཆོས་སྐྱོང་གིས་འཆད་ཉན་མཛད་པ་ལས་འཕེལ༌རྒྱས་བྱུང་ཞིང༌། གྲྭ་ཚང་འདིར་རྗེ་དགེ་འདུན་གྲུབ་པའི་སྐབས་སུ་མི་ཚན་བཅུ་ཡོད་པ་ནི།  དཔེ་ཐུབ།  གུ༌གེ།  སྟག་མོ། ལྷུན་གྲུབ་རྩེ།  འདར་པ།  མདངས་ཅན།  ལ་ཁ།  རི་མཁར།  རོང་པ།  གནས་རྙིང་བཅས་དང༌། པཎ་ཆེན་སྐུ་ཕྲེང་བཞི་པའི་སྐབས་སུ་གསར་འཕར་མི་ཚན་དྲུག་སྟེ།  བདེ་བ་ཅན་པ།  ཆོས་སྦུག  ཁལ་ཁ།  ཨོ་རྒྱན་རྫོང་པ། གློ་སྦུག  རྡོ་གདན་བཅས་ཡོད།

2_3 གསུམ། ཤར་རྩེ་གྲྭ་ཚང༌།

རྗེ་དགེ་འདུན་གྲུབ་ཀྱི་དངོས་སློབ་མཁས་དབང་དྲི་མེད་བཤེས་གཉེན་གྱིས་ཟུར་ཆོས་འཆད་ཉན་མཛད་པ་ལས་འཕེལ་རྒྱས་བྱུང་ཞིང༌། གྲྭ་ཚང་འདིར་རྗེ་དགེ་འདུན་གྲུབ་ཞལ་བཞུགས་སྐབས་མི་ཚན་དྲུག་ཡོད་པ་ནི།  ལྷ་ཁང༌།  གནས་གསར། ཁྲོན་ཁ་སྦུག་པ།  བ་ཤེ། ཤར་བྱང༌།  ལས་སྟོད་བཅས་དང༌། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐབས་གསར་འཕར་མི་ཚན་བཅུ་སྟེ།  བདེ་ཡངས།  ཞི་གནས།  ཐོན་པ།  ནོར་སྟེང་།  ས་ལུང་།  ལྷོ་པ།  ཡོལ་དཀར།  སྤོར་ཐོག   བསམ་བློ།  རྒྱལ་ཆེན་རྩེ་བཅས་ཡོད།

2_4 བཞི། རྒྱུད་པ་གྲྭ་ཚང་།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྗེ་དགེ་འདུན་གྲུབ་ཀྱི་དགོངས་བཞེད་དང་མཐུན་པར་དགུང་ལོ་བཞི་བཅུ་ཞེ་བདུན་པ་རབ་བྱུང་བཅུ་པའི་མེ་འབྲུག(1616)ལོར་རྒྱུད་པ་གྲྭ་ཚང་ཐོག་མར་འཛུགས་གནང་མཛད་ཅིང་། སྨད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་དང་མཐུན་པའི་འཆད་ཉན་དང་། ཆོ་ག་ཁག་བཅའ་ཡིག་བཅས་གཏན་འབེབས་གནང་སྟེ། རྡོ་རྗེ་སློབ་དཔོན་རིམ་པར་བྱོན་པ་རྣམས་ལ་སྔགས་ཆེན་ཞེས་པའི་མཚན་འབོད་སྲོལ་བྱུང་། 

3 རྟེན་གཙོ།   

དགོན་པ་འདིའི་འདུ་ཁང་གི་རྒྱ་ཁྱོན་ཀ་བ་བཞི་བཅུ་ཞེ་བརྒྱད་ཡོད་པ་དང་། དེའི་གཙང་ཁང་དབུས་མར་རྗེ་དགེ་འདུན་གྲུབ་པས་བལ་བོད་ཀྱི་བཟོ་བོ་བཀུག་ནས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་སྐུ་ཚད་སྤྱི་ཁྲེ་ལྔ་ལྷག་ཙམ་ཡོད་པ་བཞུགས་ཤིང་། ནང་བཞུགས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་། ཙོང་ཁ་པའི་དབུ་སྐྲ། རྗེ་དགེ་འདུན་གྲུབ་པའི་རྩ་བའི་བླ་མ་ཤེས་རབ་སེང་གེའི་དབུ་ཐོད་བཅས་ཡོད། དེའི་གཡས་གཡོན་དུ་ཉེ་སྲས་བརྒྱད་ཀྱི་འཇིམ་སྐུ་བཞུགས་པ་དེ་ནི་བཀྲིས་ལྷུན་དགོན་གྱི་རྟེན་གཙོའི་གྲས་ཡིན། དེའི་གཡས་ཀྱི་བྱམས་ཁང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མི་ཕམ་མགོན་པོ་སྐུ་ཚད་སྤྱི་ཁྲེ་བཅུ་གཉིས་དང་ལྡན་པ།ནང་བཞུགས་སུ་རྒྱལ་བ་ཤཱཀྱ་ཐུབ་པས་མཚོན་པའི་དམ་པ་མང་པོའི་རིང་བསྲེལ་ལྡན་པ་བཞུགས།བྱམས་མགོན་གྱི་གཞོགས་གཉིས་སུ་རྗེ་དགེ་འདུན་གྲུབ་པའི་ཕྱག་བཟོའི་སྨན་འཇིམ་གྱི་སྤྱན་རས་གཟིགས་དང་།འཇམ་དབྱངས་བཞེངས་སྐུ་ཐོག་ཚད་མ་གཉིས་བཞུགས།གཡོན་གྱི་སྒྲོལ་མ་ལྷ་ཁང་ནང་རྟེན་གཙོ་གསེར་ཟངས་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྣང་བརྙན་སྐུ་ཚད་སྤྱི་ཁྲེ་གསུམ་ལྡན་མ་བཞུགས་ཤིང་།དེའི་ནང་བཞུགས་སུ་སངས་རྒྱས་བྱང་སེམས་མང་པོའི་རིང་བསྲེལ་དང་། སྒྲོལ་མ་རང་བྱོན་མཐོ་གང་པ་བྱིན་རླབས་ཅན་ཞིག་བཅས་བཞུགས།      

དགོན་པའི་ནུབ་ངོས་བྱམས་ཁང་ཆེན་མོ་མཐོ་ཚད་སྤྱི་ཁྲེ་སུམ་ཅུ་ལྷག་ཙམ་བྱས་པ་ཞིག་ཡོད་པ་དེར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་བརྒྱད་བརྒྱ་དྲུག་ཅུ་ལྷག་ཙམ་ཡོད། བྱམས་ཁང་ཆེན་མོའི་རྟེན་གཙོར་2.jpg.jpgགསེར་ཟངས་ཀྱི་རྗེ་བཙུན་བྱམས་པ་མགོན་པོ་སྐུ་ཚད་སྤྱི་ཁྲེ་ཉི་ཤུ་རྩ་དྲུག་དང་སྐར་མ་བདུན་ཅུ་ལྡན་པ་བཞུགས་ལ་དེའི་ཕྱག་མགོ་གཅིག་པུར་རིང་ཚད་སྤྱི་ཁྲེ་གསུམ་ཙམ་དང་། ཕྱག་དཔུང་གཡས་གཡོན་བར་གྱི་ཕྲག་ཞེང་ལ་སྤྱི་ཁྲེ་བཅུ་གཅིག་དང་ཕྱེད་ཙམ་ཟིན། དེའི་དབུ་དཔལ་གྱི་དཀྱིལ་དུ་རིན་ཆེན་རྡོ་རྗེ་ཕ་ལམ་གྱི་ཕྲ་ཚོམ་སྒོ་ང་ཙམ་ཞིག་ཡོད་པ་དང་།སྐུ་གཟུགས་ཧྲིལ་པོར་གཡུ་མུ་ཏིག་དང་། གཟི་བྱུ་རུ་ལ་སོགས་པའི་རིན་པོ་ཆེའི་ཕྲ་རྒྱན་བསམ་གྱིས་མི་ཁྱབ་པ་ཡོད་ལ་མཐོ་ཁྱད་འཛམ་གླིང་ཡོངས་ན་དཔེ་ཟླ་བཙལ་དུ་མེད་པ་དེ་ལྟ་བུའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་འདི་ནི་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་སྤྱི་ལོ1914ལོར་བཞེངས་མཛད་ཅིང་། བཞེངས་ཡུན་ལོ་བཞི་འགོར་བ་དང་སྐུ་རྒྱུར་ཟངས་དམར་འདེགས་རྒྱ་སུམ་འབུམ་ཉིས་ཁྲི་ལྷག་ཙམ་སྤྱད་པ་སོགས་གསེར་ཐང་ལ་ཕབ་ན་རྒྱུ་གྲོན་གསེར་རྒྱ་མ་ལྔ་བརྒྱ་ལྔ་བཅུ་ལྷག་ཙམ་དུས་ཡུན་ལོ་གསུམ་ལ་ལེགས་གྲུབ་བྱུང་བ་རེད། 

4 དུས་འཁོར་ཆོས་གྲྭ།

དུས་འཁོར་ཆོས་གྲྭ་ནི། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(1760)ལོར་གསང་སྔགས་རྒྱུད་པ་གྲྭ་ཚང་གི་གྲྭ་པའི་གྲས་ནས་མི་གྲངས་བཅུ་དྲུག་འདེམས་སྒྲུག་གནང་སྟེ་དུས་འཁོར་སྒྲུབ་མཆོད་གསར་འཛུགས་མཛད་ཅིང་། སྐབས་དེར་ས་གར་དང་མཆོད་གར་འཛུགས་རྒྱུའི་དགོངས་བཞེད་ཡོད་མུར་གོང་མ་ཆེན་ལུང་དགུང་ལོ་བདུན་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་ལ་གདན་དྲངས་ཏེ་ཕེབས་དགོས་བྱུང་ཐོག་པེ་ཅིན་དུ་དགོངས་པ་གཞན་དོན་དུ་གཤེགས་པར་ནར་འགྱངས་སུ་ལུས་པར་བརྟེན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དཔལ་བཟང་པོས་དུས་འཁོར་གྲྭ་ཚང་ལ་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་ལྔ་འཕར་སྣོན་ཐོག  ས་གར་དང་མཆོད་གར་བཅས་གསར་འཛུགས་མཛད། 

5 གར་འཆམ་གྱི་སྲོལ་བཙུགས་པ།

གདན་ས་འདིར་གར་འཆམ་གྱི་སྲོལ་དུས་སྐབས་གང་དུ་དབུ་ཚུགས་པའི་སྐོར་ངག་རྒྱུན་ཐོག་ཤོད་སྲོལ་མི་འདྲ་བ་འདུག་ཀྱང༌། ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེས་མཛད་པའི《ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཆོའི་རྣམ་ཐར》ལྕགས་དཔར་མའི་ཤོག་གྲངས219པར་འཁོད་དོན། སྐུ་མཚམས་གྲོལ་རྗེས་ལོ་མཇུག(རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ1740)ལོར་གཏོར་བཟློག་ལ་གོང་མ་ཆེན་པོས་བསྩལ་བའི་འཆམ་གོས་ཁྱད་མཚར་ཡོད་པ་དང༌། རྣམ་རྒྱལ་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་བཅས་བཀྲ་ཤིས་ལྷུན་པོ་སྔགས་ཁང་ནས་འཆམ་དཔོན་ཆེད་གཉེར་གྱིས་བོས་ཏེ་སློབ་སྦྱོང་ལེགས་པར་གྲུབ་པས་འཆམ་ལ་གཟིགས་ཞེས་གསལ་ཞིང༌། སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དགུང་ལོ་གསུམ་ལས་ཕེབས་མེད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི《རང་རྣམ》གྱི་ནང་དགུང་ལོ་དྲུག་བཞེས་པ་ས་སྤྲེལ(1668)ལོ་དང༌། དགུང་ལོ་བཅུ་བདུན་བཞེས་པ་ས་ལུག(1679)ལོ་དང༌། དགུང་ལོ་ཉི་ཤུ་བཞེས་པ་ཆུ་ཁྱི(1682)ལོ་དང༌། དགུང་ལོ་ང་གཅིག་བཞེས་པ་ཆུ་སྦྲུལ(1713)ལོ་བཅས་ལ། འཆམས་གོས་མངགས་བཏགས་སྣ་ཚོགས་དང༌། ཞྭ་ནག་གི་འཆམས་གོས་ཕྱག་མཚན་དང་བཅས་པ་ཆ་ཚང༌། ཁྲོ་བོའི་འབག་བརྒྱད། གོང་མ་ཁང་ཤིའི་སྲས་བཞི་པས་ཕུལ་བའི་འཆམ་གོས་མངགས་བཏགས་མ་ཆ་ཚང་ཉི་ཤུ་རྩ་བརྒྱད་བཅས་བཀྲ་ཤིས་ལྷུན་པོའི་སྔགས་ཁང་དང་དབེན་དགོན་གཉིས་ལ་སྦྱོར་འཇགས་གནང་ཚུལ་གསུང་འདུག་པས། སྐབས་དེ་དུས་གར་འཆམ་གྱི་སྲོལ་ཚུགས་ཟིན་པ་ར་འཕྲོད་བྱུང༌། 

6 མཆོད་ཁང་སྲིད་གསུམ་རྣམ་རྒྱལ།

མཆོད་ཁང་སྲིད་གསུམ་རྣམ་རྒྱལ་དེ་ཉིད་གསར་བཞེངས་བྱ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་དངུལ་སྒོར་ཁྲི་ཚོ་དྲུག་སྟོང་བཞི་བརྒྱ་བཅུ་མེད་དྲུག་དང་། གསེར་སྤྱི་རྒྱ་དྲུག་བརྒྱ་བཅུ་བཞི་དང་། དངུལ་སྤྱི་རྒྱ་ཉིས་བརྒྱ་བདུན་ཅུ་དོན་ལྔ། དེ་བཞིན་རང་སྐྱོང་ལྗོངས་སྲིད་གཞུང་དང་། འབྲེལ་ཡོད་ཚན་པས་མ་དངུལ་དང་དངོས་ཟོག་འཛུགས་སྐྲུན་རྒྱུ་ཆ་སོགས་འགྲོ་གྲོན་འབོར་ཆེན་བཏང་ཡོད་ལ་རྒྱ་ཆེའི་ཆོས་དད་སེར་སྐྱ་མང་ཚོགས་ཀྱིས་ཀྱང་རང་མོས་ངང་ཞལ་འདེབས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ་ཡོད་པ་ལས་གསར་བཞེངས་བྱས་པ་ཡིན་ཞིང་རྒྱལ་ཁབ་བཙུགས་པ་ནས་ཆོས་ལུགས་ཀྱི་གཙོ་འཛིན་ལ་བཟོ་སྐྲུན་བྱེད་པའི་གསེར་གྱི་མཆོད་སྡོང་ཨང་དང་པོ་ཡིན་པ་དང་། བཟོ་སྐྲུན་ལས་དོན་ལ་ཏང་དང་མི་དམངས་སྲིད་གཞུང་གིས་མཐོང་ཆེན་དང་དོ་འཁུར་ཧ་ཅང་ཆེན་པོ་གནང་ཐོག་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་དང་ལས་བཟོ་རྣམས་ཀྱིས་ཀྱང་འབད་པ་ལྷོད་མེད་བྱས་པ་བརྒྱུད་བརྗིད་ཉམས་ལྡན་པའི་གདུང་རྟེན་མཆོད་ཁང་དེ་ལྟ་བུ་བཞེངས་ཐུབ་པ་བྱུང་བ་རེད།     

མཆོད་ཁང་སྲིད་གསུམ་རྣམ་རྒྱལ་གྱི་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་གྱི་གཟུངས་གཞུག་ཏུ་ཆོས་ལུགས་ཀྱི་སྲོལ་རྒྱུན་གཞིར་བཟུང་གྲོ་དང་འབྲས་ཚྭ་ཇ་ཤིང་འབྲས་སོགས་ཟས་སྣ་རིགས་དང་། ཙནྡན་དཀར་པོ་དང་། རྩ་ཆེའི་སྨན་རྒྱུ། གཞན་དག་གོས་ཆེན་གྱི་རིགས་དང་། དར་ལྕོག་ཚོས་སྣ་ལྔ་ལྡན། གྲུ་རྩི་སོགས་དང་། གསེར་ཚགས་བརྒྱབ་པའི་ཆིབས་སྒ་ཆ་ཚང་། ཤ་རྭ་དང་། བསེ་རུའི་རྭ་ཅོ། རྒྱ་དངུལ་རྟ་རྨིག་མ། རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ཀྱི་ན་བཟའ་དང་། མཆོད་ཆས་ཆ་ཚང་། རྒྱལ་བའི་བཀའ་བསྟན་འགྱུར་བསྡོམས་པོ་ཏི་ཆིག་སྟོང་བརྒྱད་བརྒྱ་ལྷག་ཙམ།  པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོ་ཏི་ཆིག་སྟོང་ལྷག་ཙམ་སོགས་ཕུལ་ཡོད་པ་རེད།

7 ལྡེབས་རིས་དང་བརྐོས་རིས་སྣ་ཚོགས། 

བཀྲ་ཤིས་ལྷུན་པོ་དགོན་པའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པ་དང་། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གྱིས་མཚོན་པའི་ལྡེབས་བྲིས་མང་པོ་ཡོད་པ་དེ་དག་བྲིས་ཆ་ལེགས་ཤིང་ཚོན་རིས་བཀྲག་མདངས་ཆེ་བ། ཉམས་འགྱུར་སྣ་ཚོགས་དང་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན། ལྷག་པར་དུ་དགོན་ནང་གི་སྐོར་ལམ་དུ་བསྒྲིགས་པའི་རྡོ་གཡམ་ཐོག་གི་རྣམ་འདྲེན་སྟོང་སྐུའི་འབུར་བརྐོས་རྣམས་དེ་བས་གསོན་ཉམས་བྱོན་གཙང་ལེགས་པར་སྣང་། ངག་སྒྲོས་སུ་རྡོ་གཡམ་དེ་རྣམས་རྗེ་དགེ་འདུན་གྲུབ་པས་དགོན་པའི་ནུབ་ངོས་ཁ་ལུང་སྦུག་ནས་གཏེར་ལས་བཞེས་ཏེ་ལག་རྩལ་ཕུལ་དུ་བྱུང་བའི་རྡོ་བཟོ་བས་བརྐོས་པར་གྲགས་ཤིང་། ཕྱིས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྡོ་གཅལ་གྱི་རྒྱ་ཁྱོན་རྒྱ་ཆེར་སྐྱེད་པ་དང་ཆབས་ཅིག་སྔར་གྱི་རྡོ་གཡམ་རྣམས་ཀྱང་གསར་བརྗེས་མཛད།

8 རིག་དངོས་རྩ་ཆེན།

བཀྲ་ཤིས་ལྷུན་པོ་དགོན་འདི་ཡང་ལྷ་སའི་སེ་འབྲས་དགེ་གསུམ་དང་ར་ས་གཙུག་ལག་ཁང་བཅས་དང་འདྲ་བར་མཆོད་ཁང་ནང་དུ“གོང་མ་བདག་པོ་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ཏུ་བརྟན་པར་གྱུར་ཅིག”ཅེས་པའི་མཇལ་ས་ཡོད་པ་མ་ཟད། མཇལ་སར་བཀུར་བསྟོད་མཆོད་འབུལ་བྱེད་པའི་མཆོད་ཁང་ཆེད་དུ་བཙུགས་ཡོད་ལ་ལོ་ལྟར་མཇལ་ཞུའི་མཛད་སྒོ་གཉེར་ནས་མེས་རྒྱལ་ཁྱིམ་ཚང་གཅིག་ཏུ་མཚོན་པར་བྱས་སོ། དགོན་པའི་ནང་ལོ་རྒྱུས་ཐོག་གི་རྩ་ཆེའི་རིག་དངོས་ཇི་སྙེད་ཅིག་ཡོད་པ་སྟེ། ཤིང་ཏ་ལའི་ལོ་མའི་ཐོག་ཏུ་བྲིས་པའི་དཔེ་ཆ་དང་། བཀའ་བསྟན་གསེར་ཆོས་མ། དེ་བཞིན་མན་ཆིང་གོང་མས་པཎ་ཆེན་རིན་པོ་ཆེར་ཕུལ་བའི་གསེར་གྱི་འཇའ་ས་དང་། ཐམ་གཞན་ཡང་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་དུས་ཀྱི་དཀར་ཡོལ་དང་ཤེལ་གྱི་ཡོ་བྱད་ཁག སྐུ་ཐང་འཚེམ་དྲུབ་མ་སོགས་གནའ་བོའི་དངོས་རྫས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། འདི་དག་ཐམས་ཅད་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་གི་ཆོས་སྲིད་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགྲོ་ལུགས་བཅས་ལ་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དངོས་རྫས་རིན་ཐང་བྲལ་བ་ཤ་སྟག་ཡིན། བཀྲ་ཤིས་ལྷུན་པོ་དགོན་འདི་ཡང་བོད་མི་དམངས་ཀྱི་བཟོ་སྐྲུན་གྱི་ལག་རྗེས་ཁྱད་དུ་འཕགས་པ་ཞིག་ཡིན་པས་སྤྱི་ལོ1961ལོ་ནས་བཟུང་རང་རྒྱལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་ཤིག་ཡིན་པ་དང་། དགོན་པ་འདིས་རྒྱལ་ཁབ་ཕྱི་ནང་གི་ནང་པ་སངས་རྒྱས་པ་དང་། གནས་སྐོར་དུ་ཡོང་བའི་མི་མང་པོའི་ཡིད་དབང་བཀུག་ནས་གནས་མཇལ་དང་། ལྟ་སྐོར་དུ་ཡོང་གི་ཡོད་པ་རེད།