འཛམ་གླིང་གི་རྒྱ་མཚོའི་ཉིན་མོ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

འཛམ་གླིང་གི་རྒྱ་མཚོའི་ཉིན་མོ།

འཛམ་གླིང་གི་རྒྱ་མཚོའི་ཉིན་མོ།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས63པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ལོ་རེའི་ཟླ6པའི་ཚེས8ཉིན་དེ“འཛམ་གླིང་གི་རྒྱ་མཚོའི་ཉིན་མོར་གཏན་འཁེལ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་དེའི་ཐད་ཤིས་ཚིག་གསུང་སྐབས་མིའི་རིགས་ཀྱི་བྱེད་སྒོས་རྒྱ་མཚོའི་འཛམ་གླིང་ལ་འཇིགས་སུ་རུང་བའི་རིན་དོད་གཏོང་བཞིན་ཡོད་པས་མི་སྒེར་དང་ཚོགས་པ་ཚང་མར་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱ་མཚོའི་ཐོན་ཁུངས་ལ་དོ་དམ་ནན་ཏན་བྱེད་པའི་འོས་འགན་ཡོད་ཅེས་གསུངས་པ་རེད། སྤྱི་ལོ2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་དེ“ང་ཚོའི་རྒྱ་མཚོ། ང་ཚོའི་འགན་འཁྲི”ཞེས་པར་གཏན་འཁེལ་བྱས་པ་མ་ཟད། དེའི་དུས་ཚོད་དེ་ཟླ6པའི་ཚེས8ཉིན་བར་ལེགས་སྒྲིག་བྱས་ཡོད། སྤྱི་ལོ2017ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“ང་ཚོའི་རྒྱ་མཚོ་དང་། ང་ཚོའི་འབྱུང་འགྱུར”ཞེས་པ་དེ་རེད། སྤྱི་ལོ2021ལོའི་ཟླ6པའི་ཚེས8ཉིན་ནི“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”བཅུ་གསུམ་པ་དེ་ཡིན་པ་དང་སྤྱི་ལོ2021ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྲུང་སྐྱོང་བྱེད་དགོས”ཞེས་པ་དེ་རེད། སྤྱི་ལོ2022ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོ་དང་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དྲིལ་བསྒྲགས་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་སྣོད་བཅུད་མ་ལག་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སྲུང་སྐྱོང་བྱེད”ཅེས་པ་དེ་ཡིན་པ་མ་ཟད།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་བརྗོད་དོན་གཙོ་བོ་དེ་སྤྱོད་རྒྱུ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界海洋日
ཕྱི་ཡིག་གི་མིང་།
World Oceans Day
དུས་ཚིགས།
ཟླ6པའི་ཚེས8ཉིན།
དོན་སྙིང་།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་མཚོའི་འགྲན་སློང་ལ་ཁ་གཏད་འཇལ་བར་ལས་སྟེགས་བསྐྲུན་པ།
ལས་ཁུངས།
མཉམ་འབྲེལ་རྒྱལ་ཚོགས།
གཏན་ཁེལ་དུས་ཚོད།
སྤྱི་ལོ2009ལོ།
1 འཛུགས་ཁུངས།

སྤྱི་ལོ2008ལོའི་ཟླ12པའི་ཚེས5ཉིན་གྱི་སྐབས63པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ཨང111པར་གྲོས་འཆམ་བྱུང་ནས་སྤྱི་ལོ2009ལོ་ནས་བཟུང་ལོ་རེའི་ཟླ6པའི་ཚེས8ཉིན་ནི“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”ཡིན་པའི་གཏན་འབེབས་བྱས་ཡོད། སྤྱི་ལོ1992ལོར་ཁ་ན་ཏས་ལོ་དེའི་ལི་གཡོད་རེ་ནེ་ལུའུ་ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་གྲོས་ཚོགས་ཐོག་གྲོས་འགོ་འདི་བཏོན་པ་དང་།  ལོ་ལྟར་རྒྱལ་ཁབ་ཁ་ཤས་ཀྱིས་ཉིན་དེར་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་གཞུང་ཕྱོགས་མིན་པའི་དྲན་གསོའི་བྱེད་སྒོ་སྤེལ་བ་རེད། འོན་ཀྱང་སྤྱི་ལོ2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ནས་གཞུང་ཕྱོགས་ཀྱི་དྲན་གསོའི་ཉིན་མོར་དངོས་སུ་གཏན་འཁེལ་བྱས་པ་རེད།    

སྤྱི་ལོ2009ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དངོས་སུ་གཏན་འཁེལ་བྱས་པའི“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”ཡིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་མིའི་རིགས་འཚོ་གནས་བྱེད་སའི་རྒྱ་མཚོར་དོ་ཁུར་བྱས་ཏེ་རྒྱ་མཚོ་རང་ངོས་ལ་འདུས་པའི་ཕུན་སུམ་ཚོགས་པའི་རིན་ཐང་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་སྦགས་བཙོག་དང་ཉ་རིགས་ཐོན་ཁུངས་ཟད་གྲོན་ཆེ་དྲགས་པ་སོགས་ཀྱི་གནད་དོན་གྱིས་རྒྱ་མཚོའི་ཁོར་ཡུག་དང་རྒྱ་མཚོའི་སྐྱེ་དངོས་ལ་བཟོས་པའི་ཤུགས་རྐྱེན་ངན་པར་ཞིབ་ལྟ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།   སྤྱི་ལོ2009ལོའི“འཛམ་གླིང་རྒྱ་མཚོའི་ཉིན་མོ”ཞེས་པའི་བརྗོད་བྱ་གཙོ་བོ་ནི“ང་ཚོའི་རྒྱ་མཚོ། ང་ཚོའི་འགན་འཁྲི”ཞེས་པ་དེ་ཡིན།   

འཛམ་གླིང་ཐོག་གི་རྒྱ་མཚོའི་རྒྱལ་ཁབ་དང་ས་ཁུལ་མང་པོར་རང་ཉིད་ཀྱི་རྒྱ་མཚོའི་ཉིན་མོ་ཡོད་པ་དཔེར་ན། ཡོ་རོབ་མནའ་འབྲེལ་གྱི་རྒྱ་མཚོའི་ཉིན་མོ་ནི་ཟླ5པའི་ཚེས20ཉིན་ཡིན་པ་དང་། འཇར་པན་གྱིས་ཟླ་བདུན་པའི་གཟའ་ཟླ་བ་གསུམ་པ་དེ“རྒྱ་མཚོའི་ཉིན་མོ”ལ་གཏན་འཁེལ་བྱས་ཡོད། 

2 རྒྱབ་ལྗོངས།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་གསར་སྤེལ་ཧྲུའུ་དང་རྒྱ་མཚོ་སྲུང་སྐྱོང་མཐུན་ཚོགས་ཀྱིས་རྒྱ་མཚོའི་ཁོར་ཡུག་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཞིག་མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གཅིག་གིས་རྒྱ་མཚོའི་སྦགས་བཙོག་བཀག་འགོག་བྱེད་པའི་ཐད་འབད་བརྩོན་མི་ཉུང་བ་བྱས་ཡོད་མོད། འོན་ཀྱང་གནད་དོན་དེ་སྔར་བཞིན་ཧ་ཅང་ཚབས་ཆེན་པོ་ཡོད། མིའི་རིགས་ཀྱིས་རྒྱ་མཚོར་འབུད་པའི་སྦགས་བཙོག་དངོས་པོས་མི་རྣམས་ཀྱི་བདེ་འཇགས་དང་བདེ་ཐང་ལ་མུ་མཐུད་དུ་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་ལ་ཉེན་ཁ་བཟོ་བཞིན་ཡོད་ལ། རྒྱ་མཚོའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་མཚོ་རྒྱུད་ས་ཁུལ་གྱི་རང་བྱུང་རྣམ་པར་ཡང་བསླད་སྐྱོན་ཐེབས་བཞིན་ཡོད།  

སྙན་ཞུ་དེའི་ནང་ཐེངས་གཅིག་ལ་འགྱིག་ཤོག་སྲབ་མོས་བཟོས་པའི་ཤུགས་རྐྱེན་དེ་བས་ཚབས་ཆེ་བས་འཛམ་གླིང་གི་ཁྱབ་ཁོངས་སུ་བཀག་འགོག་གམ་ཡང་ན་རིམ་བཞིན་ཕྱིར་འབུད་བྱེད་དགོས་ཞེས་འཁོད་ཡོད་པ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་གསར་སྤེལ་ཧྲུའུ་ཡི་ཧྲུའུ་ཀྲང་ཨ་ཤིས་མུའུ་ཧྲི་ཐའེ་ན་ཡིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་ལ་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་སྲབ་མོ་སྤྱོད་མི་ཆོག་པའི་རེ་འབོད་བྱས་པ་རེད། སྙན་ཞུའི་ནང་འགྱིག་བཟོས་ཐོན་རྫས་དང་ལྷག་པར་དུ་འགྱིག་བཟོས་ཁུག་མ། ཀྲེ་བླུག་བུམ་པ་བཅས་ནི་རྒྱུན་མཐོང་གི་རྒྱ་མཚོའི་གད་སྙིགས་ཡིན་པ་དང་། འགྱིག་གི་གད་སྙིགས་དེ་དག་རིམ་བཞིན་ཆུང་དུ་ཕྱིན་ནས་རྒྱ་མཚོའི་སྐྱེ་དངོས་ཀྱིས་ཁྱུར་མིད་བཏང་བ་དང་། དེའི་དུག་ལྡན་གྲུབ་ཆ་སྐྱེ་ལྡན་སྐྱེ་དངོས་ཀྱི་ལུས་པོའི་ནང་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ནས་སྐྱེ་དངོས་དེ་དག་ལ་ཉེན་ཁ་བཟོ་བ་མ་ཟད། དེ་དང་ཆབས་ཅིག་བཟའ་བཅའི་འབྲེལ་ཐག་ནང་བཅུག་ནས་གནོད་འཚེ་དེ་བས་ཆེ་བ་བཟོ་སྲིད།    

སྙན་ཞུའི་ནང་ད་དུང་རྒྱ་མཚོའི་གད་སྙིགས་གང་སར་ཁྱབ་པ་དེས་མིའི་རིགས་ཀྱི་སྤྱི་ཚོགས་སུ་གནས་པའི་གཅོང་ནད་ཆེན་པོ་ཞིག་མངོན་པ་དེ་ནི་རང་བྱུང་ཐོན་ཁུངས་འཕྲོ་བརླག་དང་དོ་དམ་ཡག་པོ་མ་བྱུང་བ་དེ་རེད། གད་སྙིགས་ཀྱི་གྲངས་འབོར་ཉུང་དུ་གཏོང་བ་དང་། གད་སྙིགས་དོ་དམ་དང་ཚུར་བསྡུ་སོགས་ཀྱི་བྱེད་ཐབས་ལེགས་སུ་བཏང་ནས་དཔལ་འབྱོར་ལ་སྐུལ་མ་གཏོང་བ་དང་ཆད་གཅོད་བྱེད་ཐབས་ལ་གཞོགས་འདེགས་བྱས་ཚེ་རྒྱ་མཚོའི་གད་སྙིགས་ཀྱི་གྲངས་འབོར་ཉུང་དུ་ཤུགས་ཆེན་གཏོང་རྒྱུར་ཕན་ཐོགས་ཡོད། དེར་བརྟེན་སྲིད་གཞུང་དང་མི་སྒེར་གང་ཡིན་རུང་ཚང་མས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱ་མཚོའི་ཐོན་ཁུངས་དོ་དམ་ལ་མཐོང་ཆེན་སྔར་ལས་མང་བ་བྱེད་དགོས།   

གཞན་ཡང་སྤྲོ་གསེང་ཡུལ་སྐོར་ལས་རིགས་ཀྱིས་རྒྱ་མཚོ་དང་མཚོ་རྒྱུད་ས་ཁུལ་གྱི་ཁོར་ཡུག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ས་དབུས་རྒྱ་མཚོའི་ཡུལ་སྐོར་ཁུལ་ཁ་ཤས་སུ་ལོ་ཧྲིལ་པོར་གད་སྙིགས75%ནི་དབྱར་དུས་ཡུལ་སྐོར་བ་མང་བའི་དུས་སུ་ཐོན་པ་ཞིག་རེད། ཅོར་ཏན་དུ་སྤྲོ་གསེང་ཡུལ་སྐོར་ལས་རིགས་ལས་བྱུང་བའི་གད་སྙིགས་ཀྱིས་རྒྱ་མཚོའི་གད་སྙིགས་བསྡོམས་འབོར་གྱི67%ཟིན་པ་དང་གཞན་ཡང30%གྲུ་ཁའི་སྐྱེལ་འདྲེན་ལས་རིགས་ནས་ཡིན་པ་རེད།  

3 དམིགས་ཡུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་མཚོས་གོ་ལ་ཧྲིལ་པོའི་གནམ་གཤིས་སྙོམས་སྒྲིག་བྱེད་པའི་ནུས་པར་སྔར་བས་ངོས་འཛིན་བྱས་ཏེ་བྱེད་ཐབས་ཏན་ཏིག་སྤྱད་དེ་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་སྐྱོན་བྲལ་གྱི་རྒྱ་མཚོའི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་ཆུ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། མིའི་རིགས་ཀྱི་བྱ་འགུལ་གྱིས་འཛམ་གླིང་གི་རྒྱ་མཚོར་འཇིགས་སུ་རུང་བའི་རིན་དོད་གཏོང་བཞིན་ཡོད། ཚད་ལས་བརྒལ་བའི་གསར་སྤེལ་བྱས་ནས་ཁྲིམས་དང་མི་མཐུན་པ་དང་། དབང་ཆ་མ་སྤྲད་པ། དོ་དམ་མ་བྱས་པའི་ཉ་འཛིན་བྱེད་སྒོ་དང་གཏོར་བཤིག་རང་བཞིན་གྱི་ཉ་འཛིན་བྱེད་ཐབས། ཕྱི་ནས་ཡོང་བའི་བཙན་འཛུལ་དངོས་རིགས་དང་དེ་བཞིན་རྒྱ་མཚོའི་སྦགས་བཙོག་དང་ལྷག་པར་དུ་སྐམ་སའི་སྦགས་བཙོག་སོགས་ཀྱིས་བྱུ་རུ་སོགས་ཉམས་ཞན་གྱི་རྒྱ་མཚོའི་སྐྱེ་ཁམས་མ་ལག་དང་ཉ་ར་གལ་ཆེན་ལ་གཏོར་བཤིག་ཐེབས་བཞིན་ཡོད། རྒྱ་མཚོའི་དྲོད་ཚད་མཐོ་རུ་འགྲོ་བ་དང་རྒྱ་མཚོའི་ངོས་འཕར་བ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་བྱུང་བ་ལས་རྒྱ་མཚོ་སྐྱུར་ཅན་དུ་འགྱུར་བ་དེས་རྒྱ་མཚོའི་ཚེ་སྲོག་དང་། མཚོ་རྒྱུད། མཚོ་གླིང་སྡེ་ཁུལ་དང་དེ་བཞིན་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་སྔར་བས་འཇིགས་སྐུལ་བཟོ་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་གྱི་བཅའ་ཁྲིམས་ཡིག་ཆ་རབ་དང་རིམ་པ་གྲོས་འཆམ་བྱུང་བ་དང་། དེའི་ནང་གི་ལྟེ་བའི་ཡིག་ཆ་ནི་སྤྱི་ལོ1982ལོར་གྲོས་འཆམ་བྱུང་བའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཡིན། སྤྱི་ཆིངས་དེས་མིའི་རིགས་ཀྱིས་རྒྱ་མཚོའི་ཐོག་གི་བྱེད་སྒོ་ཚང་མར་བཅའ་ཁྲིམས་ཀྱི་སྒྲོམ་གཞི་མཁོ་འདོན་བྱས་པ་དང་ཆབས་ཅིག་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མཉམ་ལས་སྣ་ཚོགས་སྤེལ་བར་རྨང་གཞི་ཡང་བཏིང་ཡོད།       

4 དོན་སྙིང་།

“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”གཏན་འཁེལ་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་མཚོའི་འགྲན་སློང་ལ་ཁ་གཏད་གཅོག་པར་ལས་སྟེགས་བསྐྲུན་ཡོད་ལ། ཀྲུང་གོར་རྒྱ་མཚོའི་གལ་ཆེའི་རང་བཞིན་སྔར་བས་དྲིལ་བསྒྲགས་དང་སྤྱི་དམངས་ཀྱི་རྒྱ་མཚོའི་འདུ་ཤེས་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། 

5 བརྗོད་བྱ་གཙོ་བོ།

སྤྱི་ལོ2009ལོའི་ཟླ6པའི་ཚེས8ཉིན་གྱི་དགོང་མོ་ཨ་རིའི་ཉིའུ་ཡུའེ་བཙན་རྒྱལ་ཐོག་ཁང་ཆེན་མོར་མཛེས་ལྗོངས་གློག་སྒྲོན་སྔོན་པོ་བསྒྲོན་ནས“འཛམ་གླིང་གི་རྒྱ་མཚོའི་ཉིན་མོ”ཐོག་མ་དེ་དྲན་གསོ་བྱས་པ་རེད། 

སྤྱི་ལོ2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་རྒྱ་མཚོའི་ཉིན་མོ་ཐོག་མ་དེའི་བརྗོད་བྱ་གཙོ་བོ་“ང་ཚོའི་རྒྱ་མཚོ།ང་ཚོའི་འགན་འཁྲི།”

སྤྱི་ལོ2010ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“ང་ཚོའི་རྒྱ་མཚོ།གོ་སྐབས་དང་འགྲན་སློང”ཞེས་པ་དེ་ཡིན།

སྤྱི་ལོ2011ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“Our Oceans:greening our future”ཞེས་པ་དེ་ཡིན།

སྤྱི་ལོ2012ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“རྒྱ་མཚོ་དང་རྒྱུན་མཐུད་འཕེལ་རྒྱས”ཞེས་པ་དེ་ཡིན།

སྤྱི་ལོ2013ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“རྡོག་རྩ་གཅིག་སྒྲིལ་བྱས་ཚེ་ང་ཚོར་རྒྱ་མཚོ་སྲུང་སྐྱོང་བྱེད་པའི་ནུས་པ་ཡོད”ཅེས་པ་དེ་ཡིན།

སྤྱི་ལོ2014ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“དམངས་སེམས་གཅིག་སྒྲིལ་གྱིས་རྒྱ་མཚོ་སྲུང་སྐྱོང་བྱེད”ཅེས་པ་དེ་རེད།

སྤྱི་ལོ2015ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“བདེ་ཐང་གི་རྒྱ་མཚོ་དང་། བདེ་ཐང་གི་སའི་གོ་ལ”ཞེས་པ་དེ་ཡིན་པ་དང་། འགྱིག་གི་སྦགས་བཙོག་ལ་དོ་ཁུར་བྱེད་དགོས།

སྤྱི་ལོ2016ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་བདེ་ཐང་ལ་དོ་ཁུར་དང་། སྐར་མའི་གོ་ལ་སྔོན་པོ་སྲུང་སྐྱོང”ཞེས་པ་དེ་རེད།

སྤྱི་ལོ2017ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“ང་ཚོའི་རྒྱ་མཚོ་དང་། ང་ཚོའི་འབྱུང་འགྱུར(Our oceans,our future)》ཞེས་པ་དེ་རེད།

སྤྱི་ལོ2018ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི།“དུས་རབས་གསར་པར་འབད་འབུངས་ཀྱིས་རྒྱ་མཚོ་གསར་པ་གཏོད”ཅེས་པ་དེ་ཡིན།

སྤྱི་ལོ2019ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ནས་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད”ཅེས་པ་དེ་ཡིན།

སྤྱི་ལོ2020ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“རྒྱུན་མཐུད་རྒྱ་མཚོའི་གསར་གཏོད”(Innovation for a Sustainable Ocean)ཡིན།    

སྤྱི་ལོ2021ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྲུང་སྐྱོང་བྱེད་དགོས”ཞེས་པ་དེ་རེད། 

སྤྱི་ལོ2022ལོའི་འཛམ་གླིང་རྒྱ་མཚོའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱ་མཚོའི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”ཞེས་པ་དེ་རེད།  


དཔྱད་གཞིའི་ཡིག་ཆ།