སླར་སྐྱེས་ཐུབ་པའི་ཐོན་ཁུངས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2022-06-29 09:45ལ་འགྲུབ།

སླར་སྐྱེས་ཐུབ་པའི་ཐོན་ཁུངས།

སླར་སྐྱེས་ཐུབ་པའི་ཐོན་ཁུངས།
སླར་སྐྱེས་ཐུབ་པའི་ཐོན་ཁུངས་ཞེས་པ་ནི་རང་བྱུང་ནུས་ཤུགས་ལ་བརྟེན་ནས་འཕར་ཚད་ག་གེ་མོ་ཞིག་ལ་བརྟེན་ཏེ་བསགས་འབོར་རྒྱུན་འཁྱོངས་དང་། འཕར་སྣོན་བྱེད་ཐུབ་པའི་རང་བྱུང་ཐོན་ཁུངས་ལ་ཟེར། སླར་སྐྱེས་ཐུབ་པའི་ཐོན་ཁུངས་ཀྱི་ངོས་ནས་བཤད་ན། གཙོ་བོ་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་སྙོམས་སྒྲིག་བྱས་པ་བརྒྱུད་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པ་བྱ་དགོས། ཐོན་ཁུངས་བསྐྱར་མ་རྒྱུན་མཐུད་བེད་སྤྱོད་བྱེད་པར་གཙོ་བོ་རང་བྱུང་འཕར་སྣོན་ཆོས་ཉིད་ཀྱི་ཚོད་འཛིན་ཐེབས་ཡོད། རང་བྱུང་ཁམས་ཀྱི་སྲོག་ཆགས་དང་རྩི་ཤིང་ལས་བྱུང་བའི་སླར་སྐྱེས་ཐུབ་པའི་ཐོན་ཁུངས(ཞིང་ལས་སྐྱེ་དངོས་དང་ཤིང་སྡོང་། མཚོ་ཐོག་ཐོན་རྫས་ལས་སྣོན་བྱེད་པའི་བེད་མེད་དངོས་རོ་སོགས་ཀྱི་སྤྱི་མིང་ལ་སྐྱེ་དངོས་ཀྱི་རིགས་ཟེར)ནི་ནམ་ཡང་འཛད་མཐའ་མེད་པའི་ཐོན་ཁུངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
可再生资源
ཕྱི་ཡིག་གི་མིང་།
renewable resources
རིག་གནས་ཚན་ཁག
སྐྱེ་ཁམས་ལས་གཞི།
དོན་སྤྱི།
མིའི་རིགས་ཀྱིས་གསར་སྤེལ་བེད་སྤྱོད་བྱས་རྗེས་མུ་མཐུད་བེད་སྤྱོད་བྱས་ཆོག་པའི་རིགས།
1 ​དོན་སྤྱི།

རང་བྱུང་གི་ནུས་པ་བསྐྱར་དུ་གསར་སྒྱུར་བྱས་པ་བརྒྱུད་མིའི་རིགས་ཀྱིས་ཡང་ཡང་བེད་སྤྱོད་བྱེད་པའི་ཐོན་ཁུངས་ལ་ཐོན་ཁུངས་བསྐྱར་མ་ཞེས་འབོད་པ་དང་། གསར་སྒྱུར་བྱས་ཆོག་པའི་ཐོན་ཁུངས་ཀྱང་ཟེར། དཔེར་ན་རྩི་ཤིང་དང་སྐྱེ་དངོས་ཕྲ་རབ།  འབེབས་འབྱེད་ཐུབ་པའི་འགྱིག་ཁུག་དང་ཆུའི་ཐོན་ཁུངས། ས་འོག་ཚ་ནུས་ཐོན་ཁུངས། རང་བྱུང་སྐྱེ་དངོས་སྣ་ཚོགས་ཀྱི་ཁྱུ་ཚོགས་དང་ནགས་ཚལ། རྩྭ་ཐང་། ཆུ་སྐྱེས་སྐྱེ་དངོས་སོགས་ཡོད། བསྐྱར་སྐྱེས་ཐུབ་པའི་རང་བྱུང་ཐོན་ཁུངས་ད་ལྟའི་དུས་རིམ་གྱི་རང་བྱུང་ཁམས་ཀྱི་དམིགས་བསལ་གྱི་ཡུལ་དུས་ཆ་རྐྱེན་འོག་ཏུ། རྒྱུན་མཐུད་ངང་བསྐྱར་སྐྱེས་གསར་སྒྱུར་དང་། སྐྱེ་འཕེལ་འཕར་བ། དེའི་གསོག་ཚད་རྒྱུན་འཁྱོངས་སམ་རྒྱ་སྐྱེད་བཅས་བྱེད་ཐུབ་པ་དང་། སོན་ཁུངས་ལ་བརྟེན་ནས་བསྐྱར་སྐྱེས་བྱེད་ཐུབ། སྤྱིར་བཏང་དུ་རང་བྱུང་ཁམས་ལས་ཐོབ་པ་དང་། བསྐྱར་དུ་བསྒྱུར་ཐུབ་པའི་འགྱུར་རྡོ་མིན་པའི་ནུས་ཁུངས་ལ་ཟེར་བ་དང་། གཙོ་བོ་རླུང་ནུས་དང་ཉི་ནུས། ཆུ་ནུས། ས་འོག་ཚ་ནུས། རྒྱ་མཚོའི་ནུས་པ་སོགས་རང་བྱུང་ནུས་ཁུངས་ལ་ཟེར་བ་དང་། རང་རྒྱལ་གྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དཔལ་འབྱོར་འཕེལ་རྒྱས་དང་གསར་སྤེལ་བེད་སྤྱོད་བྱེད་པར་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་ལ། དམག་དོན་ཐོན་ཁུངས་ཀྱི་མི་མངོན་པའི་ནུས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད།

སླར་སྐྱེས་ཐུབ་པའི་ཐོན་ཁུངས་ཀྱིས་ང་ཚོས་ཚོད་འཛིན་བྱས་པའི་གྲངས་ཚད་ཀྱི་གནས་ཚུལ་འོག སྔོག་འདོན་གྱི་ཚད་དང་ཐོན་ཁུངས་དེ་སླར་ཡང་གྲུབ་པའི་མྱུར་ཚད་ལ་བསམ་གཞིགས་བྱས་པའི་ཆ་རྐྱེན་འོག ང་ཚོའི་གསར་སྤེལ་བེད་སྤྱོད་ཀྱི་མྱུར་ཚད་དེ་དང་འདྲ་བར“བླངས་ན་རྫོགས་མཐའ་མེད་པ་དང་བེད་སྤྱོད་བྱས་ན་རྫོགས་མཐའ་མེད་པ”ཞིག་ཡིན། སླར་སྐྱེས་ཐུབ་པའི་ནུས་ཁུངས་མང་ཆེ་བ་ནི་དོན་དངོས་སུ་ཉི་ནུས་གསོག་འཇོག་བྱས་པ་ཡིན། སླར་སྐྱེས་ཐུབ་པའི་ནང་དོན་ནི་ལོ་ངོ་བཅུ་ཡི་ནུས་ཁུངས་འདོན་སྤྲོད་བྱེད་ཐུབ་པ་ཞིག་མིན་པར། ལོ་བརྒྱ་དང་ཐ་ན་ལོ་ངོ་སྟོང་ཕྲག་རིང་ལ་འདོན་སྤྲོད་བྱེད་ཐུབ་པ་ཞིག་ཡིན།

2 མཚན་ཉིད།

སླར་སྐྱེས་ཐུབ་པའི་ཐོན་ཁུངས་ལ་བསྐྱར་སྐྱེས་རང་བཞིན་གྱི་ཐོན་ཁུངས་ཀྱང་ཟེར། དེ་ནི་དུས་ཚོད་ཐུང་ངུའི་ནང་སླར་གསོ་བྱེད་ཐུབ་པའི་ཐོན་ཁུངས་ལ་ཟེར། གཙོ་བོ་སྲོག་ཆགས་དང་རྩི་ཤིང་། ས་ཞིང་། ཆུའི་ཐོན་ཁུངས་སོགས་ལ་ཟེར། ཐོན་ཁུངས་དེ་དག་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་པོའི་རྨང་གཞི་ཡིན་པས། ལུགས་མཐུན་གྱིས་ཟད་གྲོན་བེད་སྤྱོད་བྱས་ན། གསོ་སྤེལ་དང་ལུད་རྒྱག་པ། འཁོར་སྐྱོད་སོགས་ཀྱི་བརྒྱུད་རིམ་བརྒྱུད་དེ་རྒྱུན་ཆད་མེད་པར་བསྐྱར་དུ་སྐྱེས་ཐུབ། གལ་ཏེ་གསར་སྤེལ་དང་བེད་སྤྱོད་ལུགས་དང་མི་མཐུན་པ་དང་ཚན་རིག་དང་མི་མཐུན་པ་ཡིན་ན། ཐོན་ཁུངས་དེ་དག་གི་གྲངས་འབོར་ཉུང་དུ་འགྲོ་བ་དང་། སྤུས་ཚད་ཇེ་ཞན་དུ་འགྲོ་བ། ཐ་ན་ཟད་འགྲོ་བ་རེད། བཟོ་ལས་གསར་བརྗེ་བྱས་པ་ནས་བཟུང་། མི་གྲངས་མྱུར་དུ་འཕར་བ་དང་ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མིའི་རིགས་ཀྱིས་གསར་བསྒྱུར་ཐུབ་པའི་ཐོན་ཁུངས་ལ་གཏོར་བརླག་བྱེད་ཚད་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར། དེར་བརྟེན། ཐོན་ཁུངས་གསར་སྒྱུར་བྱེད་ཐུབ་པའི་ལུགས་མཐུན་གྱིས་སྲུང་སྐྱོབ་དང་། བེད་སྤྱོད། དོ་དམ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་གསར་སྒྱུར་བྱེད་ནུས་རྒྱུན་འཁྱོངས་བྱ་རྒྱུ་ནི་མིག་སྔའི་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ལས་འགན་གཙོ་བོའི་གྲས་ཤིག་ཡིན།

3 རིགས་ཁྱད་པར་ཅན།

དམིགས་བསལ་གྱི་སླར་སྐྱེས་ཐུབ་པའི་ཐོན་ཁུངས་ནི་དུས་ཚོད་དང་བར་སྟོང་དུམ་བུ་ངེས་ཅན་ཞིག་བེད་སྤྱད་དེ་དམིགས་བསལ་གྱི་ཞབས་ཞུའི་ནུས་པ་འདོན་སྤྲོད་བྱེད་པ་སྟེ། དཔེར་ན་ཡུལ་ལྗོངས་གྲགས་ཅན་དང་ཐོན་ཁུངས་སྲུང་སྐྱོབ། ལམ། ཡུལ་སྐོར། ལུས་སེམས་སྙོམས་སྒྲིག་སོགས་ཀྱི་ནུས་པ་སྣ་ཚོགས་འདོན་སྤྲོད་བྱེད་པའི་ར་བ་ཞིག་ཡིན་ལ། ཐོན་ཁུངས་སྣ་ཚོགས་བེད་སྤྱོད་བྱེད་པ་དང་ཐོན་ཁུངས་གཞན་དག་མཁོ་སྤྲོད་བྱེད་ཐུབ་པའི་ཐོན་ཁུངས་ཤིག་ཡིན།

4 གསར་སྤེལ་གྱི་རྒྱབ་ལྗོངས།

རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སྔར་བཞིན་བརྟན་པོ་མེད་པའི་སྐབས་སུ་རྒྱལ་སྤྱིའི་སྣུམ་རིན་སླར་ཡང་འཕར་ཏེ། ནུས་རྒྱུའི་བདེ་འཇགས་ཀྱི་གནད་དོན་དང་ནུས་རྒྱུ་གསརབའི་གསར་བརྗེ་སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཨ་རིའི་ཨའོ་པཱ་མཱ་སྲིད་གཞུང་གིས་ལས་འགན་འཁུར་བའི་གཟའ་འཁོར་དང་པོར་རྡོ་སྣུམ་ལ་བརྟེན་པ་ལས་སྒྲོལ་བ་དང་། གོ་ལ་ཧྲིལ་བོའི་ནུས་རྒྱུ་གསར་བརྗེར་སྣེ་ཁྲིད་བྱེད་པའི་ནུས་རྒྱུ་གསར་བའི་འཐབ་ཇུས་བཏོན་པ་རེད། ཞིབ་ཕྲའི་སྲིད་ཇུས་ནང་འབྱུང་འགྱུར་ལོ10ཡི་ནང་མ་དངུལ་ཨ་སྒོར་དུང་ཕྱུར1520བཏང་སྟེ། ནུས་རྒྱུ་གཙང་མ་གསར་སྤེལ་བྱས་ཏེ་དེ་དང་འབྲེལ་བ་ཡོད་པའི་ལས་གནས་ཁྲི500གཏོད་རྒྱུ་དང་། སྤྱི་ལོ2012ལོར་སླེབས་སྐབས་གློག་ཤུགས10%སླར་སྐྱེས་ཐུབ་པའི་ཐོན་ཁུངས་ནས་ཡོང་བའི་འགན་ལེན་བྱ་རྒྱུ་དང་། སྤྱོ་ལོ2025ལོར་སླེབས་སྐབས་བསྡུར་གྲངས་དེ25%ཟིན་པ་བྱ་རྒྱུ་དང་། སྤྱི་ལོ2017ལོར་སླེབས་སྐབས་ཨ་རིས་མཉམ་བསྲེས་འབར་རྫས་ཐོན་སྐྱེད་བྱེད་པའི་རླངས་འཁོར་ཁྲི100ལམ་དུ་བསྐྱོད་རྒྱུ།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྐྱེ་ཁམས་ལས་གཞི། ཐོན་ཁུངས།