ཤུ་དགསྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-19 08:21ལ་འགྲུབ།

ཤུ་དག

ཤུ་དག
ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏菖蒲
རིགས་དབྱེ།
སྦྱོར་བ་སྨན་གྱི་རིགས།
མིང་གཞན།
སཾ་གྲནྠ། ཡོངས་སུ་མདུད་པ། གངས་ལྡན། གབ་ཏུ། ནག་པོ་ཁྲོ་གཉེར། ཛ་ཡ། ཨ་པ་ར་ཛི་ཏ་སོགས་ཟེར།
ཕན་ནུས།
ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ།
1 ​ངོ་བོ། 

འཁྲུངས་དཔེར། ཤུ་དག་ཆུ་ཡི་ནང་དུ་སྐྱེ༎ ལོ་མ་འབྲས་ཀྱི་ལྗང་པ་འདྲ༎ རྩ་བ་ཅུང་ཟད་ཁྲོ་གཉེར་ཅན༎ དཀར་ནག་རྣམ་པ་གཉིས་སུ་ཡོད༎ རོ་ནི་ཚ་ལ་རྩུབ་པ་ཡིན༎ དཀར་པོ་རྒུ་དྲུས་ཞེས་བཤད་དེ༎ རང་གི་ནུས་བས་བད་ཀན་གཅོད༎ ཅེས་པ་ལ་རིགས་དཀར་ནག་གཉིས་ལས་ནག་པོ་ནི་རྩ་བ་མི་རྒན་སོར་ཚིགས་སྐམ་པོ་འདྲ་བ་མདོག་ནག་ངམ་ཅན་དྲི་དང་ལྡན་པ་དེའོ༎ ཤུ་དག་ཚོན་གང་ལ་གཉེར་མ་དགུ་ཡོད་པ་ལ་ཤུ་དག་ཀུ་བེ་ར་ཞེས་མཆོས་ཏེ་སྲུང་བ་ལ་བཟང་བར་བཤད། དཀར་པོ་མཁྲེགས་ཤིང་གཉེར་མ་ཅན་ཚིགས་མཚམས་སྔོ་མདངས་ཅུང་ཟད་ཡོད་པ་བཅད་མཚམས་དཀར་ལ་བཞུན་པ་དྲི་ཞིམ་རོ་མངར་བ་དེའོ༎ དམན་པ་རྒྱ་ནག་ནས་འབྱུང་བ་དབྱིབས་ཕྱོགས་སྔ་མ་འདྲ་བ་ཞིག་དང་ལྡུམ་རར་འཛུགས་པའི་སཱ་ལུ་ལྗང་པའོ༎ 

2 ནུས་པ། 

སྐབས་འདིར་བསྟན་པ་ནི་ནག་པོ་སྟེ་དེས་མ་ཞུ་ཕོ་བའི་དྲོད་སྐྱེད་ཅིང་གག་ལྷོག་སོགས་གཉན་ནད་སེལ་བར་བྱེད། ལྕགས་ཕྲེང་ལས། ཤུ་དག་ཚ་ལ་རྣོ་བས་སྙིང་གི་དྲན་པ་སྐྱེད༎ རུལ་གཅོད་འཁྲུ་དང་ཆུ་སེར་འདྲེན་པར་བྱེད༎ ཅེས་དང་། གདམས་པ་སུམ་ཅུ་བར། ཤུ་དག་དྲོ་ཞིང་སྐམ་ལ་སྙོམ་པར་བྱེད༎ ཁ་ཟས་འཇུ་ཞིང་རླུང་འཇོམས་ཕོ་དྲོད་སྐྱེད༎ ཅེས་དང་། རང་བྱུང་ཞབས་ཀྱིས། ནག་པོ་གཉན་ཚད་གྱེན་དུ་འདྲེན༎ ཞེས་གསུངས།