མིའི་རིགས་ཀྱི་བྱེད་སྒོ་གཙོར་བྱས་པའི་སྐྱེ་ཁམས་ཁོར་ཡུག་དང་མིའི་རེ་འདོད་ལྟར་འཛུགས་སྐྲུན་བྱས་པའི་སྐྱེ་ཁམས་མ་ལག་ལ་ཟེར། མིས་བཟོས་སྐྱེ་ཁམས་མ་ལག་ཁྲོད་དུ་གྲོང་ཁྱེར་སྐྱེ་ཁམས་མ་ལག་དང་ཞིང་ལས་སྐྱེ་ཁམས་མ་ལག་སོགས་འདུས་ཡོད།
གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་ནི་གྲོང་ཁྱེར་གྱི་ཡུལ་མི་ཉིད་གྲོང་ཁྱེར་གྱི་སྐྱེ་དངོས་དང་སྐྱེ་དངོས་མ་ཡིན་པའི་ཁོར་ཡུག་བར་ཕན་ཚུན་བྱེད་ལས་ཐོན་ནས་བྱེད་ནུས་ངེས་ཅན་གྱི་དྲ་བའི་རྣམ་པ་གྲུབ་ཡོད། མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་བསྒྱུར་བཀོད་དང་དེ་ལ་བསྟུན་པའི་རྨང་གཞིའི་ཐོག་ཏུ་ཚུགས་པའི་མིའི་རྩོལ་བ་ལས་བྱུང་བའི་སྐྱེ་ཁམས་མ་ལག་དམིགས་བསལ་ཅན་ཞིག་ཡིན། དེ་ནི་རང་བྱུང་གི་མ་ལག་དང་། དཔལ་འབྱོར་གྱི་མ་ལག སྤྱི་ཚོགས་ཀྱི་མ་ལག་བཅས་ཀྱིས་གྲུབ་ཡོད། རང་བྱུང་གི་མ་ལག་ནི་གྲོང་ཁྱེར་བ་ལ་ཉེ་བར་མཁོ་བའི་ཉི་འོད་དང་མཁའ་དབུགས། ཆུ་དང་ས། སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་ཕྲ་རབ་སོགས་གཞི་རྩའི་དངོས་རྫས་ཀྱི་ཁོར་ཡུག་དང་། དཔལ་འབྱོར་གྱི་མ་ལག་ནི་ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག་དང་འཛད་སྤྱོད་ཀྱི་ལྷུ་ཚིགས་ཁག་དང་། སྤྱི་ཚོགས་ཀྱི་མ་ལག་ནི་གྲོང་ཁྱེར་བའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་བྱེད་སྒོའི་ཕྱོགས་སོ་སོར་ཁྱབ་ཡོད། གཙོ་བོར་མི་དང་མིའི་བར། མི་དང་ཚོགས་པའི་བར། ཚོགས་པ་དང་ཚོགས་པའི་བར་བཅས་ཀྱི་འབྲེལ་བ་སྣ་ཚོགས་ལ་ཟེར། མ་ལག་ཆེན་པོ་དེ་གསུམ་བར་དུ་ཕྲ་ཞིང་རྒྱས་པའི་དངོས་རྫས་ཀྱི་རྒྱུན་དང་། ནུས་ཚད་ཀྱི་རྒྱུན། ཆ་འཕྲིན་གྱི་རྒྱུན་བཅས་ལ་བརྟེན་ནས་ཕན་ཚུན་འབྲེལ་ཐུག་བྱེད་ཀྱི་ཡོད་ལ། དེ་དག་གི་ནང་དུ་མིའི་རིགས་ཀྱི་དོ་དམ་དང་བཀོད་ཇུས་ཀྱིས་སྙོམ་འཛིན་གྱི་ནུས་པ་གཙོ་བོ་ཐོན་གྱི་ཡོད།
ཞིང་ལས་སྐྱེ་ཁམས་མ་ལག་ནི་ཞིང་ལས་ས་ཁོངས་ནང་གི་ཕན་ཚུན་བྱེད་ནུས་ཐོན་པའི་སྐྱེ་དངོས་རྒྱུ་རྐྱེན་དང་སྐྱེ་དངོས་རྒྱུ་རྐྱེན་མ་ཡིན་པའི་གྲུབ་པའི་བྱེད་ལས་མ་ལག་ཧྲིལ་བོ། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྒོ་སྤེལ་བའི་ཐེ་གཏོགས་ཁྲོད་གྲུབ་པའི་མིས་བཟོས་སྐྱེ་ཁམས་མ་ལག ལུགས་མཐུན་གྱི་ཞིང་ལས་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱེད་པ་དེས་ཞིང་ལས་ཐོན་ཁུངས་ནུས་ལྡན་སྒོས་བཀོལ་སྤྱོད་དང་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུན་མཐུད་འཕེལ་རྒྱས། དེ་བཞིན་དུ་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་སོགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པའི་ནུས་པ་གལ་ཆེན་ཐོན་ཡོད།