བྲག་གདོང་བཀྲས་གླིང་དབང་རྡོར།སྔ་མའི་པར་གཞི་དེ སྒོ་མེ་སྙིང་བྱམས་ཚེ་རིང  ནས 2022-04-28 10:45ལ་འགྲུབ།

བྲག་གདོང་བཀྲས་གླིང་དབང་རྡོར།

བྲག་གདོང་བཀྲས་གླིང་དབང་རྡོར།
ཁོང་ནི་བོད་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་དང་ལོ་ཙཱ་བ་ཡིན་ལ། སྤྱི་ལོ1934ལོར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་སྐུ་དྲག་ཕལ་བ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། སྤྱི་ལོ1946ལོར་བཀའ་ཤག་གིས་རྒྱ་གར་སེན་འཇོ་སེབ་སློབ་གླིང་གི་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་མངགས་པའི་སློབ་མ་བཅུའི་གྲས་ཡིན། སྤྱི་ལོ1953ལོར་བོད་དུ་ཕྱིར་ཕེབས་རྗེས་ལྷ་ས་སློབ་ཆུང་དང་པོ་དང་། གཞིས་རྩེ་ལས་བྱེད་སློབ་གྲྭ། རང་སྐྱོང་ལྗོངས་སློབ་གསོ་ཨུ་ལྷན། རང་སྐྱོང་ལྗོངས་ཡུལ་སྐོར་ཅུའུ་སོགས་སུ་ཕྱག་ལས་གནང་། སྤྱི་ལོ1991ལོར་རྒན་ཡོལ་ཞུས་རྗེས་ཁོང་གིས་སྒྲུང་རིང《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》རྩོམ་གནང་མཛད་ཅིང་། ཤེག་སེ་ཕེར་གྱི་གྲགས་རྩོམ《ཧམ་ལི་ཀྲི》དང《རོ་མེའོ་དང་ཇུ་ལི་ཀྲི》སོགས་བོད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་དུ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། སྤྱི་ལོ2022ལོའི་ཟླ4པའི་ཚེས27ཉིན་སྐུ་གཤེགས་ཤིང་དགུང་གྲངས88ལ་བཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斋林·旺多
ཕ་ཡུལ།
བོད་ལྗོངས་གཞིས་ཀ་རྩེ་མྱང་སྟོད།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1934-2022.4.27)
ལས་རིགས།
རྩོམ་པ་པོ།
འཐུས་ཚབ་བརྩམས་ཆོས།
《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》《ཧམ་ལི་ཀྲི》《རོ་མེའོ་དང་ཇུ་ལི་ཀྲི》
1 མི་ཚེའི་བརྒྱུད་རིམ།

བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ནི་སྤྱི་ལོ1934ལོར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་མྱང་སྟོད་དུ་སྐུ་དྲག་ཕལ་བ་ཞིག་གི་ཁྱིམ་དུ་འཁྲུངས།

བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ནི་སྤྱི་ལོ1946ལོར་བཀའ་ཤག་གིས་རྒྱ་གར་སེན་འཇོ་སེབ་སློབ་གླིང་གི་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་མངགས་པའི་སློབ་མ་བཅུའི་གྲས་ཡིན། སན་འཇོ་སེབ་སློབ་གླིང་དུ་དབང་རྡོར་ལགས་ཀྱིས་ཤེག་སེ་ཕེར་གྱི་བརྩམས་ཆོས་ཐོག་མར་མཇལ་སྐབས་དེ་ནི་དེ་སྔ་བཀླགས་མྱོང་བའི་རྩོམ་རིག་བརྩམས་ཆོས་གཞན་དག་དང་འདྲ་ཡི་མེད་པའི་ཚོར་སྣང་བྱུང་སྟེ་ནམ་ཞིག་བརྩམས་ཆོས་དེ་དག་བོད་ཡིག་ཏུ་བསྒྱུར་རྒྱུའི་ཐུགས་དགོངས་འཁྲུངས། 

སྤྱི་ལོ1953ལོར་བོད་དུ་ཕྱིར་ཕེབས་རྗེས་ལྷ་ས་སློབ་ཆུང་དང་པོ་དང་། གཞིས་རྩེ་ལས་བྱེད་སློབ་གྲྭ རང་སྐྱོང་ལྗོངས་སློབ་གསོ་ཨུ་ལྷན། རང་སྐྱོང་ལྗོངས་ཡུལ་སྐོར་ཅུའུ་སོགས་ལ་སྔ་རྗེས་སུ་ཕྱག་ལས་གནང་ནས་སྤྱི་ལོ1992ལོར་རྒན་ཡོལ་ཞུས།

བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱིས“ཤེག་སེ་ཕེར་གྱི་བརྩམས་ཆོས་སྔར་ནས་བོད་ཡིག་ལ་བསྒྱུར་འདོད་ཡོད། འོན་ཀྱང་ལས་ཀའི་རྐྱེན་གྱིས་བསྒྱུར་ཐུབ་མ་སོང”ཞེས་གསུངས་པ་དང་ཁོང་གིས་རྒན་ཡོལ་ཞུས་རྗེས་ངས་བྱེད་འདོད་པའི་ལས་ཀ་དང་པོ་ནི་ཤེག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་བསྒྱུར་བའི་མགོ་བརྩམས་པ་ཡིན་ཞེས་གསུངས།  

བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱིས་ཤེག་སེ་ཕེར་གྱི་བརྩམས་ཆོས་ནང་བསྟན་བཤིག་དང་ཟློས་གར་གྱི་འགལ་བ་འདུས་ཡོད་པས་བལྟས་མ་ཉིད་དུ་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པའི་ངོས་འཛིན་གནང་གིན་ཡོད། ཁོང་གིས་ཤེག་སེ་ཕེར་གྱི་བརྩམས་ཆོས་ཡིག་རིགས་མང་པོ་ཞིག་ལ་བསྒྱུར་ཡོད་ནའང་བོད་མིས་ཤེས་མཁན་ཉུང་ཉུང་ཡིན་སྟབས་ཤེག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ལ་བསྒྱུར་རྒྱུའི་སེམས་ཐག་བཅད།.jpg

ལོ་གཉིས་ལྷག་ཙམ་འབད་བརྩོན་གནང་བ་བརྒྱུད། དབང་རྡོར་ལགས་ཀྱིས《ཧམ་ལི་ཀྲེ》དང《རོ་མེའོ་དང་ཇུ་ལི་ཀྲི》བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད། སྤྱི་ལོ2004ལོར་དངོས་སུ་པར་འགྲེམས་བྱས་པས་ཤེག་སེ་ཕེར་ཉིད་བོད་རིགས་མང་ཚོགས་མང་ཆེ་བས་ཤེས་པར་གྱུར་ཡོད། དེབ་དེ་གཉིས་ནང་ནས《ཧམ་ལི་ཀྲེ》ཡི་བོད་ཡིག་པར་མའི་ནང་དོན་ཁག་གཅིག་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་མཐོ་འབྲིང་གི་བོད་ཡིག་སློབ་དེབ་ནང་བཅུག་ཡོད། དེས་མ་ཚད་ཁོང་གིས་ད་དུང《མའེ་ཁེ་པེ》ཡིག་སྒྱུར་གནང་འཆར་ཡོད་ཀྱང་། སྐྱ་གྲིབ་ཀྱི་སྙུང་བཞེས་པ་དང་སྐུ་གཟུགས་ཇེ་སྡུག་ཏུ་སོང་ནས་ཁོང་གི་ཐུགས་དགོངས་དེ་འགྲུབ་ཐུབ་མེད། ཨ་རིའི་ཤེག་སེ་ཕེར་མཐུན་ཚོགས་ཀྱིས་ཆེད་མངགས་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ལ་ཤེག་སེ་ཕེར་གྱི་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བའི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་དབྱིན་ཇིའི་རྒྱང་བསྒྲགས་ཀུང་སིས་དབང་རྡོར་ལགས་ལ་ཁ་པར་བརྒྱུད་ནས་བོད་ཡིག་ལ་བསྒྱུར་བའི་ཤེག་སེ་ཕེར་གྱི་བརྩམས་ཆོས་དུམ་བུ་ཞིག་ལྗགས་ཀློག་གནང་དུ་བཅུག་པ་རེད། ཡིག་སྒྱུར་བ་རྒན་རབས་དབང་རྡོར་ལགས་ཀྱིས་བོད་ཡིག་བརྩམས་ཆོས་དབྱིན་ཡིག་ཏུ་བསྒྱུར་གནང་མཛད་པས་ཕྱི་རྒྱལ་བ་སྔར་ལས་མང་བས་བོད་ཀྱི་གནའ་བོའི་རིག་གནས་དང་ཤེས་རིག་ཤེས་ཡོད། ཁོང་གིས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཤོ་ལོ་ཀ74དབྱིན་ཡིག་ཏུ་བསྒྱུར་གནང་བས་དར་ཁྱབ་ཤིན་ཏུ་བྱུང་ཡོད། བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱིས“འགྲོ་བ་མིའི་རིགས་ཀྱི་ལོ་ངོ་སྟོང་གི་ཤེས་རིག་ཁྲོད་མི་རིགས་ཁག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གྲུབ་ནས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་ཐོན་པ་དེ་དག་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན་པས་མི་རིགས་གཞན་གྱིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡིན”ཞེས་གསུངས་པ་དང་ཁོང་གིས་ཡིག་སྒྱུར་ནི་སྐད་རིགས་མི་འདྲ་བའི་དབར་གྱི་མཚམས་སྦྱོར་བ་ཞིག་ཡིན་པས་མི་རིགས་ཀྱི་བརྩམས་ཆོས་ལྟ་ཀློག་ལ་མེད་དུ་མི་རུང་བའི་གནས་བབ་གལ་ཆེན་བཟུང་ཡོད། ལོ་ཙཱ་བ་ཚོས་རིག་གནས་སྤེལ་རེས་ཕོ་ཉའི་འགན་སེམས་ཐོག་ནས་བརྩམས་ཆོས་ཡག་པོ་བསྒྱུར་ཏེ་ཀློག་པ་པོར་དེ་བས་ལེགས་པའི་བརྩམས་ཆོས་ལྟ་ཀློག་ཐུབ་པ་བྱས་ནས་མི་རིགས་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་དགོས་ཞེས་གསུངས་ཡོད།

2 བརྩམས་ཆོས།

《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ཅེས་པའི་སྒྲུང་རིང་བོད་ཡིག་དང་དབྱིན་ཡིག་གཉིས་སུ་བརྩམས་གནང་མཛད་ལ། ཤེག་སེ་ཕེར་གྱི་བརྩམས་ཆོས་གྲགས་ཅན《ཧམ་ལི་ཀྲི》དང《རོ་མེའོ་དང་ཇུ་ལི་ཀྲི》སོགས་བོད་ཡིག་ཏུ་བསྒྱུར་བ་དང་། 《ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ》ཅེས་པ་དབྱིན་ཡིག་ཏུ་བརྩམས་པ་མ་ཟད། 《བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད》ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ལ་སྤྱི་ལོ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། སྤྱི་ལོ1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།