དབྱི་ལི་ནོ་དབྱི་སློབ་ཆེན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2021-11-26 09:37ལ་འགྲུབ།

དབྱི་ལི་ནོ་དབྱི་སློབ་ཆེན།

དབྱི་ལི་ནོ་དབྱི་སློབ་ཆེན།
དབྱི་ལི་ནོ་དབྱི་སློབ་ཆེན་ནི་སྤྱི་ལོ1867ལོར་བཙུགས་པ་དང་། ཨ་རིའི་ཤུགས་རྐྱེན་ཆེ་བའི་གཞུང་བཙུགས་སློབ་ཆེན་གྲས་ཀྱི་གཅིག་ཡིན་ཞིང་། ཡན་ལག་སློབ་གྲྭ་གསུམ་ཡོད་པ་དང་། དེ་དག་སོ་སོར་དབྱི་ལི་ནོ་དབྱི་ཀྲོའུ་ཡི་སློབ་ཆེན་གྲོང་གི་ཨེ་པ་ན-ཞང་པིན་དང་། གྲོང་ཁྱེར་ཆེ་གྲས་ཀྲི་ཅ་ཀོ་དང་དེ་བཞིན་ཀྲོའུ་ཧྥུའུ་སི་ཕུའུ་ལིན་ཧྥེ་ཨེར་ཏུ་བཅས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊利诺伊大学
ཕྱི་ཡིག་གི་མིང་།
University of Illinois System
ངོ་བོ།
གཞུང་བཙུགས་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1867ལོར་བཙུགས།
སློབ་གྲྭའི་ཁྱད་ཆོས།
ཨ་རིའི་སློབ་ཆེན་མཐུན་ཚོགས་ཀྱི་ཁོངས་མི།(UIUC) མཉམ་འབྲེལ་ཆེན་མོ་བཅུའི་ཁོངས་མི། (UIUC)
ད་ལྟའི་སློབ་གཙོ།
Timothy L. Killeen
སློབ་གླིང་དང་སྡེ་ཁག་གཙོ་བོ།
གསོ་རིག་སློབ་གླིང་དང་། སློབ་གསོའི་སློབ་གླིང་། འཛུགས་སྐྲུན་སློབ་གླིང་། སྨན་རྫས་སློབ་གླིང་སོགས་ཡོད།
1 སློབ་གྲྭའི་ལོ་རྒྱུས། 

ཨ་རིའི་དབྱི་ལི་ནོ་དབྱི་ཀྲོའུ་ཀྲི་ཅ་ཀོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་དབྱིན་ལེ140ཡི་སར་ཡོད་པ་དང་། དུས་རབས19པའི་དུས་དཀྱིལ་དུ་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱིས་དངོས་སྤྱོད་བཟོ་ལས་དང་ཞིང་ལས་སློབ་གསོ་གཉེར་རྒྱུའི་བསམ་འདུན་རིམ་བཞིན་ཆགས་པ་དང་། སྤྱི་ལོ1857ལོར་དབྱི་ལི་ནུའོ་དབྱི་སློབ་གླིང་གི་དགེ་རྒན་ཆེན་མོ་ཆའོ་ནཱ་སང•ཐུ་ནཱ་ཡིས་ཧྥོ་མོང་ཐེ་ཀྲོའུ་ཡི་གྲོས་ཁང་འོག་མའི་གྲོས་མི་ཅཱ་སི་ཐིང•མོ་ལི་ཨེར་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཚོགས་ཐོག་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཞིང་ལས་དང་འཕྲུལ་ཆས་སློབ་གླིང་འཛུགས་རྒྱུའི་གྲོས་གཞི་བཏོན་པ་དང་། གྲོས་གཞི་དེ་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་མོད། འོན་ཀྱང་སྐབས་དེའི་ཙུང་ཐུང་པུའུ་ཁན་ནན་གྱིས་དང་ལེན་མ་བྱས། སྤྱི་ལོ1861ལོར་དབྱི་ལི་ནོ་དབྱི་ཀྲོའུ་ནས་ཡོང་བའི་ཡཱ་པོ་ལཱ་ཧན•ལིན་ཁེན་ཨ་རིའི་ཙུང་ཐུང་དུ་གྱུར་པ་དང་། ཟླ12པར་མོ་ལི་ཨེར་གྱིས་ནང་དོན་དེ་དང་འདྲ་བའི་གྲོས་གཞི་ཡང་བསྐྱར་བཏོན་ཞིང་། རྒྱལ་ཚོགས་ཀྱིས་གྲོས་འཆམ་བྱུང་རྗེས་སྤྱི་ལོ1862ལོར་ཙུང་ཐུང་ལིན་ཁེན་གྱིས་མིང་རྟགས་བཀོད་པ་བརྒྱུད་གྲོས་གཞིར་དངོས་སུ་ཆོག་མཆན་ཐོབ། 

2 སློབ་གྲྭའི་མིང་ཐོགས་ཚུལ། 

ཁྲིམས་གཞི་འདི་གཞིར་བཟུང་ནས་སྤྱི་ལོ1863ལོའི་ཟླ2པར་དབྱི་ལི་ནོ་དབྱི་ཀྲོའུ་ལ་ས་ཞིང་དབྱིན་མུའུ་ཁྲི48ཐོབ་པ་དང་། སྤྱི་ལོ1865ལོར་ཨ་རིའི་ལྷོ་བྱང་དམག་འཁྲུག་མཇུག་འགྲིལ་ནས་ཧྲོང་ཙི་གྲོང་ཁྱེར་ཨེ་པ་ནཱ་ཞང་པིན་ཀྲོའུ་རིམ་བཞིན་ལྕགས་ལམ་གྱི་འབྲེལ་མཚམས་གལ་ཆེན་ཞིག་ཏུ་གྱུར། སྤྱི་ལོ1867ལོར། ཨ་རིའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཞལ་འདེབས་ས་ཁུལ་སློབ་གླིང་གི་ཁྲིམས་གཞི་དང་ལེན་བྱེད་ཆེད། ཀྲོའུ་གྲོས་ཚོགས་ཀྱིས་ཨེ་པ་ནཱ-ཞང་པིན་དུ་དབྱི་ལི་ནོ་དབྱི་བཟོ་ལས་སློབ་ཆེན་འཛུགས་རྒྱུ་ཐག་བཅད། སློབ་གྲྭ་དེ་སྤྱི་ལོ1868ལོའི་ཟླ3པའི་ཚེས11ཉིན་དངོས་སུ་སློབ་འགོ་ཚུགས་པ་དང་། སློབ་གཙོ་ཐོག་མ་ནི་ཡུའེ་ཧན•སྨི་ཨེར་ཏུན•ཀེ་ལི་ཀའོ་ལི་ཡིན་ཞིང་། སྐབས་དེར་སློབ་མ50དང་དགེ་རྒན་ཆེན་མོ་གཉིས་ལས་མེད། སྤྱི་ལོ1885ལོར་སློབ་གྲྭའི་མིང་ལ་དབྱི་ལི་ནོ་དབྱི་སློབ་ཆེན་ཞེས་བཏགས། གནས་སའི་ས་ཁུལ་གྱི་ལྷིང་འཇགས་ཁོར་ཡུག་དང་སྟབས་བདེའི་འགྲིམ་འགྲུལ་ལ་བརྟེན་ནས་དུས་རབས20པའི་དུས་འགོར་སླེབས་སྐབས་སློབ་གྲྭ་ལོ་སུམ་ཅུ་ལྷག་ལ་འཕེལ་རྒྱས་བཏང་བ་བརྒྱུད་ཨ་རིའི་གཞུང་བཙུགས་སློབ་ཆེན་དང་ཞིབ་འཇུག་རྣམ་པའི་སློབ་ཆེན་གཙོ་བོར་གྱུར། སྤྱི་ལོ1900ལོར་སླེབས་དུས། སློབ་གྲྭ་ཡོངས་ཀྱི་སློབ་མའི་མི་གྲངས2300ཡོད། དུས་རབས20པ་ནི་ཨ་རི་དང་། ལྷག་པར་སློབ་གྲྭ་དེ་འཕེལ་རྒྱས་ཆེན་པོ་འགྲོ་བའི་དུས་སྐབས་ཀྱང་ཡིན།

སྤྱི་ལོ1946ལོར་དབྱི་ལི་ནོ་དབྱི་སློབ་ཆེན་གྱིས་ཀྲི་ཅ་ཀོ་ཡི་མཚོ་དམག་གྲུ་ཁ་རྙིང་བར་དམའ་རིམ་སློབ་གླིང་ཞིག་བཙུགས་པས། སློབ་གྲྭ་སྔར་ལས་རྒྱ་བསྐྱེད་བཏང་། སྤྱི་ལོ1947ལོར་སླེབས་དུས། ཐོ་འགོད་བྱས་པའི་སློབ་མ15500ལ་སླེབས། སློབ་གྲྭའི་འཕེལ་རྒྱས་ལ་བསམ་བློ་གཏོང་ཆེད། དབྱི་ལི་ནོ་དབྱི་སློབ་ཆེན་གྱིས་སྔ་གཞུག་ཏུ་སྤྱི་ལོ1896ལོ་དང་སྤྱི་ལོ1897ལོར་བཙུགས་པའི་ཀྲི་ཅ་ཀོ་རུ་གནས་པའི་སྒེར་ཚུགས་ཀྱི་སྨན་རྫས་སློབ་གླིང་དང་ཕྱི་ནང་ཕྱི་ནད་ཚན་ཁག་སློབ་གླིང་གཉིས་ཀྱིས་སློབ་གྲྭ་དང་ཟླ་སྒྲིལ་བཏང་། སྤྱི་ལོ1901ལོར་ཡང་ཀྲི་ཅ་ཀོ་ཡི་ཁོ་ལོམ་པི་ཡའི་སོ་སྨན་པའི་སློབ་གླིང་དང་ཟླ་སྒྲིལ་བཏང་། སྤྱི་ལོ1913ལོར་སློབ་གླིང་འདི་གསུམ་དངོས་སུ་དབྱི་ལི་ནོ་དབྱི་སློབ་ཆེན་གྱི་ཀྲི་ཅ་ཀོ་ཡི་འཕྲོད་བསྟེན་ཚན་རིག་ལྟེ་གནས་སུ་གྱུར། བྱེད་ཐབས་འདི་བརྒྱུད་ནས་སློབ་གྲྭའི་ཚན་ཁག་གི་སྒྲིག་གཞི་ཆ་ཚང་བར་ཆ་རྐྱེན་གང་ལེགས་བསྐྲུན། རྗེས་སུ་སློབ་གྲྭས་ཡང་བསྐྱར་སྤྱི་ལོ1953ལོ་དང་སྤྱི་ལོ1963ལོར་ནད་གཡོག་སློབ་གླིང་དང་མཉམ་འབྲེལ་བདེ་སྲུང་སློབ་གླིང་བཙུགས། སློབ་གླིང་འདི་གཉིས་དང་མཉམ་དུ་འཕྲོད་བསྟེན་ཚན་རིག་ལྟེ་གནས་སྤྱི་ལོ1965ལོར་དབྱི་ལི་ནོ་དབྱི་སློབ་ཆེན་གསོ་རིག་ལྟེ་གནས་སུ་གྱུར། སྤྱི་ལོ1961ལོར་མཚོ་དམག་གི་གྲུ་ཁ་རྙིང་པའི་དམའ་རིམ་སློབ་གླིང་དུ་ལོ་བཞིའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་ཚན་ཁ་སྣོན་བྱས་པ་དང་། སྤྱི་ལོ1965ལོར་ཀྲི་ཅ་ཀོ་གྲོང་ཁྱེར་གྱི་ལྟེ་བར་སྤོས་ནས་དབྱི་ལི་ནོ་དབྱི་སློབ་ཆེན་གྱི་ཀྲི་ཅ་ཀོ་ཧོན་ཁུལ་ཡན་ལག་སློབ་གྲྭ་རུ་གྱུར། སྤྱི་ལོ1982ལོར་ཡན་ལག་སློབ་གྲྭ་འདི་དང་གསོ་རིག་ལྟེ་གནས་ཟླ་སྒྲིལ་བཏང་ནས་དབྱི་ལི་ནོ་དབྱི་སློབ་ཆེན་ཀྲི་ཅ་ཀོ་ཡན་ལག་སློབ་གྲྭ་རུ་གྱུར།

སྤྱི་ལོ1995ལོའི་ཟླ7པའི་ཚེས1ཉིན། སི་ཕུའུ་ལིན་ཧྥེ་ཨེར་ཏུ་རུ་གནས་པའི་ཀྲོའུ་ལི་སང་ཀུ་མེང་སློབ་ཆེན།Sangamon State Universityདབྱི་ལི་ནོ་དབྱི་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་གསུམ་པ་སྟེ་སི་ཕུའུ་ལིན་ཧྥེ་ཨེར་ཏར་ཡན་ལག་སློབ་གྲྭ་རུ་གྱུར།  

3 སློབ་གྲྭའི་གཞི་ཁྱོན། 

ལོ150ལྷག་གི་འཕེལ་རྒྱས་བརྒྱུད་དབྱི་ལི་ནུའོ་དབྱི་སློབ་ཆེན་ནི་ཨ་རི་ཡོངས་ཀྱི་ཕུལ་བྱུང་སློབ་ཆེན་གྱི་གྲས་སུ་གྱུར་པ་དང་། རྒྱལ་ཡོངས་ཀྱི་གཞུང་བཙུགས་སློབ་ཆེན་རྩེ་གྲའི་མདུན་གྲལ་དུ་སླེབས་ཡོད། སློབ་ཆེན་གྱི་སློབ་ཁུལ་གསུམ་གྱིས་དངོས་གཞིའི་སྡེ་ཁག་དང་། ཞིབ་འཇུག་སློབ་མ། ཆེད་ལས་སློབ་ཚན་སློབ་གསོ་བཅས་བརྒྱ་ལྷག་དང་སློབ་ཚན5000ཙམ་མཁོ་འདོན་བྱས་པའི་ནང་ཆེད་ལས་རིག་ཚན་མི་ཉུང་བ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། སློབ་ཆེན་དུ་ད་ལྟ་དགེ་རྒན་དང་ལས་བཟོ་ཁྲི2.3ལྷག་ཡོད་པའི་ནང་དགེ་རྒན5800ལྷག་ཡོད། ཁོང་ཚོའི་ཁྲོད་ཀྱི་དགེ་རྒན་མང་པོ་ཞིག་ནི་ཨ་རི་དང་རྒྱལ་སྤྱིའི་ཐོག་བརྩི་འཇོག་དང་སྐད་གྲགས་ཆོད་པའི་དགེ་རྒན་ཆེན་མོ་ཡིན་པ་དང་། དེའི་ནང་ནོ་པེར་བྱ་དགའ་ཐོབ་མཁན་དང་། ཕུའུ་ལི་ཚེའི་བྱ་དགའ་ཐོབ་མཁན། ཞིབ་འཇུག་པ་མའེ་ཁེ་ཨ་སེ་དང་དེ་བཞིན་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་དང་། ཨ་རིའི་རྒྱལ་ཁབ་བཟོ་སྐྲུན་ཁང་། ཨ་རིའི་མི་ཆོས་དང་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཚུད་ཡོད། སློབ་ཆེན་དུ་སློབ་མ་ཁྲི7.8ལྷག་ཡོད་པ་དང་ལོ་ལྟར་བསླབ་གནས་ཁྲི2ལྷག་སྤྲོད་བཞིན་ཡོད་པ་མ་ཟད། ད་དུང་སློབ་ཕྱིའི་སློབ་མ་སྟོང་ཕྲག་ཁ་ཤས་སློབ་ཆེན་གྱི་དྲ་ཐོག་སློབ་གསོར་ཞུགས་ནས་བསླབ་གནས་ལེན་བཞིན་ཡོད། སློབ་མའི་རྩ་འཛུགས1600ལྷག་ཡོད། སློབ་ཆེན་གྱིས་སྤྱི་ལོ2013ལོ་ནས་སྤྱི་ལོ2014ལོའི་བར་གྱི་སྔོན་རྩིས་ཨ་སྒོར་དུང་ཕྱུར56.4ཟིན་པའི་ནང་ཞིབ་འཇུག་འགྲོ་གྲོན་སྒོར་དུང་ཕྱུར7.47ཟིན་པ་དང་ཞིབ་འཇུག་ལྟེ་གནས་དང་། ཚོད་ལྟ་ཁང་། ཞིབ་འཇུག་སུའོ་བཅས་བརྒྱ་ཕྲག་ཁ་ཤས་ཡོད། སློབ་ཁུལ་གསུམ་གྱི་སྤྱིའི་རྒྱ་ཁྱོན་ལ་དབྱིན་མུའུ2433ཡོད་པ་དང་། དེའི་ཁར་སོར་འཇོག་བྱས་པའི་རྒྱ་ཁྱོན་དབྱིན་མུའུ10520བསྣན་ན། འཛུགས་སྐྲུན་རིན་ཐང་ཨ་སྒོར་དུང་ཕྱུར95ལས་བརྒལ་ཡོད། དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་ཨེ་པ་ནཱ་ཞིང་པིན་ཡན་ལག་སློབ་གྲྭའི་དཔེ་མཛོད་ཁང་ལ་དཔེ་དེབ་ཀྱི་དཔྱད་གཞི་ཁྲི2400ལྷག་ཡོད་པ་དེ་ནི་ཨ་རིའི་གཞུང་བཙུགས་སློབ་ཆེན་དཔེ་མཛོད་ཁང་གི་དཔེ་དེབ་ཀྱི་ཨང་དང་པོ་ཡིན་པ་དང་ཨ་རིའི་སློབ་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་ཧ་ཧྥོ་སློབ་ཆེན་དཔེ་མཛོད་ཁང་གི་རྗེས་སུ་སླེབས་ཡོད། ཡན་ལག་སློབ་གྲྭ་དེར་ད་དུང་ཨ་རིའི་རྒྱལ་ཁབ་རིམ་འདས་རྩིས་འཁོར་བཀོལ་སྤྱོད་ལྟེ་གནས་དང་། ཝེ་ལ་ཏུ་གནམ་ཐང་དང་དེ་བཞིན་རྟེན་རྫས་བཤམས་མཛོད་ཁང་དང་། མཛེས་རྩལ་ཁང་། རིག་གནས་སྒྱུ་རྩལ་ལྟེ་གནས། ལུས་རྩལ་ཁང་ཆེ་གྲས། རྒྱ་ཁྱོན་ལ་དབྱིན་མུའུ1765ཟིན་པའི་ཨ་ལི་ཏུན་སྤྱི་གླིང་བཅས་ཡོད། 

སྤྱི་ལོ2020ལོའི་ཟླ4བའི་ཚེས2ཉིན་དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་ཨེ་པ་ནཱ་ཞང་པིན་ཡན་ལག་སློབ་གྲྭ་དང་ནན་ཅིང་སློབ་ཆེན་སོགས་མཐོ་སློབ་ཀྱིས་རྒྱལ་སྤྱིའི་སློབ་ཆེན་གྱི་གནམ་གཤིས་མནའ་འབྲེལ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས། 

4 སློབ་ཁྲིད་དང་ཚན་རིག་ཞིབ་འཇུག 

དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་ཆུ་ཚད་ལ་སྐུལ་འདེད་གཏོང་ཆེད། སྐད་གྲགས་ཆེ་བའི་ཁཱ་ནེ་ཅི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྱང་སློབ་གྲྭར“དབྱི་ལི་ནུའོ་དབྱི་དགེ་རྒན་ཆེན་མོའི་སློབ་ཁྲིད་ཡར་ཐོན་གྱི་ལོ་འཁོར་བྱ་དགའ”བཙུགས་ཡོད། ཨེ་པ་ནཱ་ཞང་པིན་ཡན་ལག་སློབ་གྲྭར་“དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་ཕུལ་བྱུང་བྱ་དགའ”བཙུགས་ཡོད་པ་དང་།“སློབ་ཁྲིད་ཡར་ཐོན་ཨུ་ཡོན་ལྷན་ཁང”བཙུགས་ནས་སློབ་གྲྭའི་ནང་གི་སློབ་ཁྲིད་བྱེད་སྒོར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་དངོས་གཞིའི་སྡེ་ཁག་གི་སློབ་མ་གསར་པ་ཚང་མ་འཛིན་གྲྭ་ཆུང་ངུའི་ནང་སློབ་ཁྲིད་འཚོག་ཐུབ་པའི་འགན་ལེན་བྱས་ཡོད། ད་དུང་གསར་གཏོད་འཆར་གཞི་བཙུགས་ནས་སློབ་མ་ཁ་ཤས་ལ་མིང་གྲགས་ཅན་གྱི་དགེ་རྒན་ཆེ་མོའི་ཐད་ཀར་མཛུབ་སྟོན་དང་ལེན་བྱེད་དུ་བཅུག སློབ་གྲྭ་དེའི་མཐར་ཕྱིན་སློབ་མའི་ཁྲོད་མི11དང་ཞོར་གཏོགས་སློབ་འབྲིང་གི་མི3ལ་ནོ་པེར་བྱ་དགའ་ཐོབ་མྱོང་ཡོད(མི་གཅིག་སློབ་འབྲིང་ནས་སློབ་ཆེན་འགྲིམ་བཞིན་ཡོད)ཞོར་གཏོགས་སློབ་འབྲིང་བཙུགས་པ་དེས་སློབ་གྲྭས་སློབ་ཁྲིད་ལ་མཐོང་ཆེན་བྱེད་པ་གསལ་བཤད་བྱས་ཡོད་པ་དང་། སློབ་གྲོགས་མང་པོར་ནོ་པེར་བྱ་དགའ་ཐོབ་པ་དེས་དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་སློབ་ཁྲིད་སྤུས་ཚད་གསལ་བཤད་བྱས་ཡོད།

ཚན་རིག་ཞིབ་འཇུག་ཐད་དབྱི་ལི་ནུའོ་དབྱི་སློབ་ཆེན་ལའང་དེ་བཞིན་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དེ། སྤྱི་ལོ1996ལོའི་སྔོན་གྱི་ལོ12ནང་དབྱི་ལི་ནོ་དབྱི་སློབ་ཆེན་ལ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཞིབ་འཇུག་གྲོན་དངུལ་ཨ་སྒོར་དུང་ཕྱུར30དང་མི་སྒེར་གྱི་ཞིབ་འཇུག་མ་དངུལ་ཨ་སྒོར་དུང་ཕྱུར10ཐོབ་ཡོད། སློབ་ཆེན་དུ་ཞིབ་འཇུག་ལྟེ་གནས་དང་ཚོད་ལྟ་ཁང་། ཞིབ་འཇུག་ཁང་བཅས་བརྒྱ་ཕྲག་ཁ་ཤས་བཙུགས་ཡོད་པ་མ་ཟད། དགེ་རྒན་མང་ཆེ་བ་ནི་རྒྱལ་ཁབ་རིམ་པའི་རིག་གཞུང་ལས་ཁུངས་ཀྱི་ཕུལ་དུ་བྱུང་བའི་ཚོགས་མི་ཡིན། རྒྱལ་ཁབ་རིམ་པའི་རིག་གཞུང་ལས་ཁུངས་དེ་དག་གི་ནང་དུ་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་དང་། ཨ་རིའི་རྒྱལ་ཁབ་བཟོ་སྐྲུན་སློབ་གླིང་། ཨ་རིའི་མི་ཆོས་དང་ཚན་རིག་ཁང་སོགས་ཚུད་ཡོད། སྤྱི་ལོ1996ལོར“ཧྥེ་སི་ཁུ་སློབ་གླིང་གི་ཕྱོགས་སྟོན”གྱིས་དབྱི་ལི་ནོ་དབྱི་སློབ་ཆེན་ལ“སྐར་ལྔའི”རིག་གཞུང་རིམ་པ་མཐོ་ཤོས་སྤྲད།

སློབ་གྲྭ་བཙུགས་ནས་ལོ་ངོ150ལྷག་སོང་བའི་རིང་དབྱི་ལི་ནུའོ་དབྱི་སློབ་ཆེན་ལ་་ཀུན་གྱིས་དོ་སྣང་བྱེད་པའི་ཚན་རིག་གི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་ཀྱི་རྐང་འཛིན་དང་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་གྲངས་མེད་སྐྱེད་སྲིང་བྱས་ཡོད། དུས་རབས19པའི་དུས་མཇུག་ཏུ་དབྱི་ལི་ནོ་དབྱི་སློབ་ཆེན་གྱིས་རྩི་ཤིང་རིག་པ་དང་། སྐྱེ་དངོས་ཕྲ་རབ་དང་འབུ་ཕྲ་ངོ་མའི་ཞིབ་འཇུག་ལས་སྐད་གྲགས་ཆོད་ཡོད། དུས་རབས20པར་སླེབས་རྗེས། དབྱི་ལི་ནོ་དབྱི་སློབ་ཆེན་གྱིས་འཛམ་གླིང་ཐོག་གི་གློག་རྡུལ་ལྟོས་འབྱུང་མྱུར་གཏོང་འཕྲུལ་ཆས་ཐོག་མ་དེ་བཙུགས་པ་དང་། འཛམ་གླིང་ཐོག་གི་གྲངས་འཛིན་རྩིས་འཁོར་དང་པོ་དབྱི་ལི་ཨའེ་ཁེ་ཨང་དང་པོ་ཞིབ་འཇུག་གསར་བཟོ་བྱས་པ་དང་། དྲ་རྒྱའི་ལྟ་ཆས་ཐོག་མ་Mosaicགསར་སྤེལ་བྱས་ཏེ་ཤེལ་གཟུགས་སྦུ་གུ་གསར་གཏོད་བྱས། སྤྱི་ལོ2014ལོའི་བར་དབྱི་ལི་ནུའོ་དབྱི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་སློབ་གྲོགས24ལ་ནའོ་པེར་བྱ་དགའ་ཐོབ་མྱོང་བ་དང་ཨ་རིའི་གཞུང་བཙུགས་སློབ་ཆེན་ཁྲོད་ཅ་ཀྲོའུ་སློབ་ཆེན་པོ་ཁེ་ལི་ཡན་ལག་སློབ་གྲྭ་དང་མཚུངས་པ་དང་། དགེ་རྒན་ཆེན་མོ་དང་སློབ་གྲོགས18ལ་ཕུའུ་ལི་ཚེའི་གསར་འགྱུར་བྱ་དགའ་ཐོབ་མྱོང་། སློབ་གྲོགས་གཉིས་ལ་ཐུའུ་ལིང་བྱ་དགའ་ཐོབ་མྱོང་། དགེ་རྒན་ཆེན་མོ་གཅིག་ལ་ཧྥེ་ཨེར་ཙི་བྱ་དགའ་ཐོབ་མྱོང་བ་དང་དགེ་རྒན་ཆེན་མོ11ལ་ཨ་རིའི་རྒྱལ་ཁབ་ཀྱི་ཚན་རིག་གཟེངས་རྟགས་བྱ་དགའ་ཐོབ་མྱོང་ཡོད།

དཔྱད་གཞིའི་ཡིག་ཆ།