དཔལ་འབྱོར་སྒྲིག་སྲོལ་གསར་པ་སྟེ། སུའུ་ལེན་གྱིས་བཟོ་ལས་ཁེ་ལས་ཁྲོད་དུ་ལག་ལེན་བསྟར་བའི་ཁེ་སྤོགས་ལྟེ་བར་འཛིན་པའི་དོ་དམ་ལམ་ལུགས་ཤིག་ཡིན།
དེའི་མིང་ཆ་ཚང་ལ“འཆར་གཞིའི་ལས་དོན་དང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་གསར་པ”ཟེར། དེ་ནི་སྤྱི་ལོ1965ལོར་སུའུ་གུང་ཀྲུང་དབྱང་གི་ཟླ9པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི《བཟོ་ལས་དོ་དམ་ལེགས་བཅོས་དང་།འཆར་གཞིའི་ལས་དོན་འཐུས་ཚང་དུ་གཏོང་བ།བཟོ་ལས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར》ཞེས་པའི་སྙན་ཞུའི་ནང་ཐོག་མར་བཏོན་པ་རེད། ལོ་དེའི་ཟླ10བར། སུའུ་ལེན་སྲིད་གཞུང་གིས《སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་གཉེར་ཐོན་སྐྱེད་ཁེ་ལས་སྲོལ་ཡིག》ལ་ཆོག་མཆན་བཀོད་དེ། དཔལ་འབྱོར་སྒྲིག་སྲོལ་གསར་བ་ལག་བསྟར་བྱེད་རྒྱུ་དངོས་སུ་ཐག་བཅད།
དུས་ཡུན་ངེས་ཅན་ཞིག་གི་ཚོད་ལྟའི་བྱ་བ་བརྒྱུད་ནས། སྤྱི་ལོ1970ལོར་སླེབས་དུས། བཟོ་ལས་ཁེ་ལས་གཞི་རྩའི་སྟེང་ནས་དཔལ་འབྱོར་སྒྲིག་སྲོལ་གསར་བའི་བར་བརྒལ་ལེགས་འགྲུབ་བྱུང་བ་རེད།
དཔལ་འབྱོར་སྒྲིག་སྲོལ་གསར་པའི་ནང་དོན་གཙོ་བོ་ནི།
གཅིག་སྡུད་ཀྱིས་འགོ་ཁྲིད་བྱེད་པ་དང་སྡེ་ཁག་ལྟར་དོ་དམ་བྱེད་པའི་རྨང་གཞིའི་ཐོག་གཉེར་སྐྱོང་དང་ཐོན་སྐྱེད་ཐད་ཀྱི་ཁེ་ལས་ཀྱི་རང་བདག་དབང་ཆ་ཆེ་རུ་གཏོང་པ། དཔལ་འབྱོར་དང་སྲིད་འཛིན་ཟུང་འབྲེལ་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་དཔལ་འབྱོར་དོ་དམ་བྱེད་པ་དང་འབྲེལ་རིམ་བཞིན་དཔལ་འབྱོར་གྱི་ཐབས་ཤེས་ལ་བརྟེན་ནས་དཔལ་འབྱོར་དོ་དམ་བྱེད་པ་དང་། དཔལ་འབྱོར་གྱི་བཀན་ཤིང་དང་དངོས་པོས་ངར་སྐུལ་བྱེད་པའི་ནུས་པར་ཤུགས་སྣོན་རྒྱག་པའི་བར་དུ་བར་བརྒལ་བྱ་དགོས། རྒྱལ་ཁབ་དང་། ཁེ་ལས། མི་སྒེར་བཅས་གསུམ་པོའི་ཁེ་ཕན་ཟུང་འབྲེལ་བྱེད་པའི་རྩ་དོན་ལྟར།“དཔལ་འབྱོར་ཡོངས་རྫོགས་ཞིབ་རྩིས་ལམ་ལུགས་”དང་།“ཐོན་སྐྱེད་ཐེབས་རྩའི་གྲོན་དངུལ་སྤྲོད་པའི་ལམ་ལུགས།”“ཐེབས་རྩར་བསྔགས་སྐུལ་བྱེད་པའི་”ལམ་ལུགས་བཅས་ལག་བསྟར་བྱས་ཏེ། ཐོན་སྐྱེད་གོང་དུ་སྤེལ་བ་དང་། ལས་བཟོ་པའི་ངལ་རྩོལ་བརྩོན་སེམས་སྐུལ་སློང་བྱེད་པ། རིན་གོང་དང་། ཁེ་སྤོགས། བྱ་དགའི་དངུལ། དངུལ་བུན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་ལ་དཔལ་འབྱོར་ཐོག་ནས་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཆར་འགོད་ལས་ཀ་བྱེད་མཁན་གྱི་ཚན་རིག་ཆུ་ཚད་མཐོ་རུ་གཏོང་བ།“བྱ་དགའི་ལམ་ལུགས་གསར་པ”དང“དཔལ་འབྱོར་སྐུལ་སློང་ཐེབས་རྩའི་ལམ་ལུགས”བཙུགས་ནས་ངལ་རྩོལ་པ་ཡོངས་ཀྱིས་ཐོན་སྐྱེད་གྲུབ་འབྲས་ལ་སེམས་ཁུར་བྱེད་པར་སྐུལ་སློང་བྱེད་དགོས།
དཔལ་འབྱོར་སྒྲིག་སྲོལ་གསར་པ་ནི་སུའུ་ལེན་གུང་ཁྲན་ཏང་གིས་སྤེལ་བའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཐེངས་ཤིག་ཡིན་ཞིང་། དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁེ་ལས་ཀྱི་རང་བདག་དབང་ཆ་རྒྱ་བསྐྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བྱས་པས། སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་གོང་དུ་འཕེལ་བར་ཕན་པ་ཡོད།
དཔལ་འབྱོར་སྒྲིག་སྲོལ་གསར་པའི་དབང་གིས་སུའུ་ལེན་གྱི་དཔལ་འབྱོར་དུས་ཡུན་ཐུང་ངུའི་ནང་འཕེལ་རྒྱས་ཅུང་བརྟན་པོ་བྱུང་བ་དང་། དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་ཆེ་རུ་ཕྱིན་པ། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་བ་རེད།
འོན་ཀྱང་བསྒྱུར་བཅོས་དེ་དབང་བའི་ལམ་ལུགས་ཀྱི་གནད་དོན་ལ་ཐུག་མེད་པ་དང་། དོ་དམ་ཁོ་ནའི་ཐད་ཤུགས་རྒྱག་དགོས། བསྒྱུར་བཅོས་ནི་རྒྱལ་ཁབ་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འཆར་གཞི་མི་བསྒྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཡར་རྒྱས་བྱུང་བ་ཡིན་པས། སུའུ་ལེན་གྱི་དཔལ་འབྱོར་དེ་ལོ་རབས70པའི་སྐབས་སུ་འཕར་ཚད་དལ་བ་དང་། ལོ་རབས80པར་འཕེལ་མེད་སོར་གནས་སུ་ལུས་པས། མཐར་ཞིང་ལས་ཐོན་འབབ་ཆག་སྐབས་ཤིག་རིང་ཟང་ཟིང་དུ་གྱུར་པས། བསྒྱུར་བཅོས་ལ་སྔོན་དཔག་གི་ཕན་འབྲས་སུ་སླེབས་ཐུབ་མེད།