སྨན་གཏང་ཞིང་ནད་གསོ་བའི་དཔྱད་ཐབས་མདོ་རྣམ་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-10-19 10:00ལ་འགྲུབ།

སྨན་གཏང་ཞིང་ནད་གསོ་བའི་དཔྱད་ཐབས་མདོ་རྣམ་པ་བཞི།

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བའི་སྨན་གཏང་ཞིང་ནད་གསོ་བའི་དཔྱད་ཐབས་མདོ་རྣམ་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་གསོ་རིག་ཧེ་པ》ཤ338ན5ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 རྣམ་གྲངས་འདྲེན་པ།

ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས་བྱུང་བ་སྟེ། སྨན་པ། སྨན། ནད་གཡོག ནད་པའོ༎ ནད་གསོ་བའི་མདོ་རྣམ་པ་འདི་བཞི་པོའི་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ། བཅུ་དྲུག་དང་ལྡན་ན། ནད་གསོ་བ་ལ་སོགས་པ་སྨན་དཔྱད་ཐམས་ཅད་བྱར་རུང་ངོ་༎

1.ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སྨན་པ་ཡིན་ཏེ།

(1)སྨན་པ་ལ་མཁས་ཤིང་ལུགས་ཆེ། ཀུན་གྱི་སྟེགས་སུ་གྱུར་པ་ཡིན།

(2)སྨན་དཔྱད་ཀྱི་གཙུག་ལག་བཤད་པ། དཔྱད་ཀྱི་ལུང་ལེགས་པར་ལོབས་པ་ཡིན།

(3)སྨན་སྦྱར་ཞིང་གཏང་བའི་ལས་སུ་བྱ་བ་རྣམས་མཐོང་བ་དང་། སྙོམ་ལས་དང་ལེ་ལོ་མི་བྱེད་ཅིང་བརྩོན་པ་ཡིན།

(4)ཕྱིའི་བཀྲུ་བཤལ་དང་སྨན་སྦྱར་ལ་སོགས་པ་ལ་གཙང་སྦྲ་ཆེ་ཞིང་ནང་གི་འདོད་ཆེན་མེད་ལ་སྙིང་རྗེ་ཡོད་པའི་གཙང་སྦྲ་དང་ལྡན་པ་འདི་ནི་སྨན་པའི་ཡོན་ཏན་ནོ༎

2.སྨན་ཡོན་ཏན་བཞི་དང་ལྡན་པ་ཞིག་དགོས་ཏེ།

(1)སྨན་སྣ་ཚོགས་སོ་སོའི་སྔོ་བརྐོ་སྐམ་པ་ལ་སོགས་པ་ཡོན་ཏན་དང་ལྡན་པ།

(2)སྨན་སྣ་རེ་རེ་ཡང་མཐུ་སྟོབས་ལ་སོགས་པ་ཡོན་ཏན་དང་ལྡན་པ།

(3)སྨན་སྐྱེ་བའི་ཚེ་ན། ཆར་པ་ཆེན་པོའམ་ཐན་པ་ཆེས་པའམ། ཉི་ལྷགས་དང་གྲིབ་མས་ཧ་ཅང་གནོད་པར་མ་གྱུར་པ།

(4)ས་བཟང་པོ་སྐྱེས་པ་སོ་སོའི་སྨིན་པར་ལྡན་པ་དག་ནད་དམིགས་པ་དད་པ་དང་། འཕྲོད་པའི་སྨན་དམིགས་སུ་ཕན་པ་འདི་བཞི་ནི་སྨན་གྱི་ཡོན་ཏན་ཡིན་ནོ༎

3.ནད་གཡོག་གི་ཡོན་ཏན་རྣམ་པ་བཞི་སྟེ།

(1)ནད་པ་ལ་བྱམས་པ།

(2)ཕྱི་ནང་གི་གཙང་སྦྲ་ཆེ་བ།

(3)བསྙེལ་མདོངས་ཡོད་ཅིང་གཤོར་ལ་བརྩོན་པ།

(4)ནད་པའི་ནད་ཀྱི་ཚུལ་ལས་ཁ་ཟས་ལ་སོགས་པ་རུང་མི་རུང་གི་ཆོ་ག་སྨན་པས་བསྟན་པ་བཞིན་མི་བརྗེད་མི་འཁྲུལ་ཞིང་རྒྱུས་ལོབས་པའོ༎

4.ནད་པ་ཡང་ཡོན་ཏན་བཞི་དང་ལྡན་ན་གསོར་རུང་སྟེ།

(1)གསོ་བའི་ཡོ་བྱད་འབྱོར་ཏེ་ཕྱུག་པ།

(2)སྨན་པའི་དཔྱད་ཉན་ཞིང་བཀའ་བློ་བདེ་བ།

(3)ནད་པ་རང་གི་ནད་གང་དང་གང་དུ་ན་བ་ཤེས་པ།

(4)སྨན་དང་དཔྱད་བྱས་ན་ཕོག་ཆེ་ཞིང་སྟོབས་དང་ལྡན་པའོ༎ 

བརྡ་འགྲེལ་གདོང་འཛར།

སྨན། ཡོན་ཏན། ནད་གཡོག ནད་པ། ནད་གསོ་བ།