འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། སྐུར་པ་གང་ཞེ་ན། སྒྲོ་འདོགས་པའི་ལྟ་བ་ངན་པ་འདི་ཉིད་མི་དམིགས་པར་རབ་ཏུ་འབྱེད་པ་མེད་པའི་ཕྱིར་སྐུར་པར་འགྱུར་ཏེ། འདི་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ༎
1.མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་འདི་ནི་འདི་ལྟ་སྟེ། དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་མངོན་པར་ཞེན་པའོ༎ འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དེ། མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་ལས་འབྱུང་སྟེ། འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དོ༎
2.མེད་པའི་ལྟ་བར་སྒྲོ་འདོགས་པ་ནི། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ངན་པར་སྒྲོ་འདོགས་པ་ཡིན་ནོ༎
3.མེད་པའི་རྒྱུར་སྒྲོ་འདོགས་པ་ནི། སྔོན་རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བའི་རྒྱུ་དང་། དྲན་པ་སྔོན་དུ་འཇུག་པ་ལས་འབྱུང་ངོ་༎ མེད་པ་ལས་བྱུང་ནས་ཀྱང་འཇིག་པར་འགྱུར་ཏེ། འདི་ནི་མེད་པ་རྒྱུར་སྒྲོ་འདོགས་པའོ༎
4.མེད་པའི་དངོས་པོར་སྒྲོ་འདོགས་པ་ནི། ནམ་མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ༎
ཆོས་འདི་དག་ཐམས་ཅད་ནི་དངོས་པོ་དང་། དངོས་པོ་མེད་པ་ལས་རྣམ་པར་ལོག་པ། རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་ར་དང་། སྐྲ་ཟད་འཛིངས་པ་ལྟ་བུ་ཡོད་པ་དང་། མེད་པའི་ཕྱོགས་དང་བྲལ་བ་སྟེ། བྱིས་པ་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་རྣམས་སྒྲོ་འདོགས་པ་དང་། སྐུར་པས་རྣམ་པར་རྟོག་སྟེ། འཕགས་པ་རྣམས་ཀྱི་ནི་མ་ཡིན་ནོ༎