དངོས་རྫས་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 08:44ལ་འགྲུབ།

དངོས་རྫས་དོ་དམ།

དངོས་རྫས་དོ་དམ།
དངོས་རྫས་དོ་དམ་ཞེས་པ་ནི་ཐོན་སྐྱེད་རྒྱུ་ཆ་སྣ་ཚོགས་ཉོ་ཚོང་དང་། གསོག་འདྲེན། བེད་སྤྱོད་སོགས་བྱེད་པའི་ཐད་འཆར་གཞི་དང་། རྩ་འཛུགས། ཚོད་འཛིན་བཅས་ཀྱི་ལས་ཀར་ཟེར། ནང་དོན་གཙོ་བོ་ནི། དངོས་ཟོག་ཉོ་སྒྲུབ་ཀྱི་མཁོ་སྤྲོད་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱེད་པ་དང་། ཚོང་ཟོག་གི་འབྱུང་ཁུངས་ཧུར་བརྩོན་གྱིས་སྒྲིག་འཛུགས་བྱས་ནས་དངོས་རྫས་སྔོན་མངག་དང་། གན་རྒྱ་འཇོག་པ། ཉོ་སྒྲུབ། སྙོམས་སྒྲིག སྐྱེལ་འདྲེན། བཀོད་གཏོང་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས་པ་དང་། དངོས་རྫས་ཚོང་རར་བརྟག་དཔྱད་དང་སྔོན་དཔག་ཡག་པོ་བྱས་ནས་སྔོན་ཐོན་དང་ལུགས་མཐུན་གྱི་དངོས་རྫས་གསོག་འཇོག་བཅད་གྲངས་བཟོ་བ་དང་། དངོས་རྫས་ཀྱི་ལུགས་མཐུན་མཛོད་གསོག་ཚད་ཚོད་འཛིན་བྱ་དགོས། མཛོད་ཁང་གི་དོ་དམ་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། དངོས་ཟོག་ཞིབ་བཤེར་རྩིས་ལེན་དང་། ཉར་ཚགས། སྲུང་སྐྱོང་།རྩིས་ཐོ་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ། སྔོན་ཐོན་དང་ལུགས་མཐུན་གྱི་དངོས་ཟོག་ཟད་གྲོན་གྱི་བཅད་གྲངས་གཏན་འཁེལ་དང་། ཕྱོགས་བསྡུས་བེད་སྤྱོད། དངོས་ཟོག་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物资管理
ཕྱི་ཡིག་གི་མིང་།
material handling
བྱ་ཡུལ།
ཐོན་སྐྱེད་བརྒྱུད་རིམ།
ཁྱད་ཆོས།
དངོས་རྫས་ཉོ་སྒྲུབ་དང་། བེད་སྤྱོད། གསོག་འཇོག་བཅས་བྱེད་པ།
1 དངོས་རྫས་དོ་དམ།

དངོས་རྫས་དོ་དམ་ཞེས་པ་ནི་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་ཁེ་ལས་དེར་མཁོ་བའི་དངོས་རྫས་ཉོ་སྒྲུབ་དང་། བེད་སྤྱོད། གསོག་འཇོག་སོགས་ཀྱི་བྱ་སྤྱོད་ལ་འཆར་གཞི་དང་། སྒྲིག་འཛུགས། ཚོད་འཛིན་བཅས་བྱེད་པར་ཟེར། དངོས་རྫས་དོ་དམ་བྱེད་པའི་དམིགས་ཡུལ་ནི་དངོས་རྫས་ལ་དོ་དམ་ནུས་ལྡན་བྱས་པ་བརྒྱུད་ཁེ་ལས་ཀྱི་ཐོན་སྐྱེད་མ་གནས་གཅོག་པ་དང་མ་དངུལ་འཁོར་རྒྱུག་བྱེད་ཚད་མགྱོགས་སུ་བཏང་ནས་ཁེ་ལས་ཀྱི་ཁེ་སྤོགས་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན། དངོས་རྫས་ཀྱི་འཆར་གཞི་བཟོ་བ་དང་། དངོས་རྫས་ཉོ་སྒྲུབ། དངོས་རྫས་བེད་སྤྱོད། དངོས་རྫས་གསོག་འཇོག་སོགས་ཀྱི་གལ་ཆེའི་ལྷུ་ཚིགས་འགའ་ཤས་ཚུད་པའི་ཁེ་ལས་ཀྱི་དངོས་རྫས་དོ་དམ་བྱེད་པའི་ལྷུ་ཚིགས་དེ་དག་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས་ལྷུ་ཚིགས་གང་རུང་ཞིག་ལ་གནད་དོན་ཐོན་ཚེ་ཁེ་ལས་ཀྱི་དངོས་རྫས་མཁོ་སྤྲོད་ཀྱི་འབྲེལ་ཐག་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན།  

2 རྒྱལ་ནང་གི་ད་ཡོད་གནས་ཚུལ།

ཀུན་གྱིས་ཤེས་གསལ་ལྟར། སྲོལ་རྒྱུན་གྱི་འཆར་ལྡན་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དུས་ཡུན་རིང་པོའི་ནང་རང་རྒྱལ་ཁེ་ལས་ཀྱི་དངོས་ཟོག་དོ་དམ་བྱེད་སྟངས་ལ“འཆར་གཞིའི”རྟགས་ཟབ་མོ་བརྒྱབ་ཡོད་པ་དང་། ཐོན་ཚད་ཀྱི་དམིགས་ཚད་ལྟར་དངོས་ཟོག་འཆར་གཞི་རགས་ཙམ་བཟོས་པ་དང་། དམིགས་འཛུགས་བྱས་པའི་ཚོང་ཟོག་མཁོ་འདོན་ཚོང་པ་ཉུང་ཤས་ཀྱི་ས་ནས་དངོས་ཟོག་ཉོ་སྒྲུབ་བྱས་པ། དངོས་ཟོག་མཛོད་ཉར་བྱེད་ཚད་ཚད་མེད་མང་དུ་བཏང་བ་སོགས་ཀྱི་སྣང་ཚུལ་ཡང་ཡང་ཐོན་གྱིན་ཡོད།

3 ལས་ཀའི་ལྷུ་ཚིགས།
3_1 དངོས་རྫས་འཆར་གཞི་ལྟར་དོ་དམ་བྱེད་པའི་ལྷུ་ཚིགས།

དངོས་རྫས་ཀྱི་འཆར་གཞི་བཟོ་རྒྱུ་ནི་ཁེ་ལས་ཀྱི་དངོས་རྫས་དོ་དམ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། དངོས་རྫས་ཀྱི་འཆར་གཞི་ནི་ཁེ་ལས་ཀྱིས་དངོས་ཟོག་སྔོན་མངག་དང་ཉོ་སྒྲུབ་བྱེད་པའི་ལས་ཀ་དང་ཁེ་ལས་ནང་ཁུལ་གྱི་དངོས་རྫས་མཁོ་འདོན་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱེད་པའི་གཞི་འཛིན་ས་ཡིན། དངོས་རྫས་དང་། ཐོན་སྐྱེད། ནོར་དོན་སོགས་སྡེ་ཚན་ཁག་གི་ཆ་འཕྲིན་ཕྱོགས་བསྡུས་བྱས་ནས་དངོས་རྫས་ཀྱི་འཆར་གཞི་བཟོ་སྐབས་དངོས་རྫས་སྡེ་ཚན་གྱིས་འཆར་གཞི་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པའི་དངོས་རྫས་འཆར་གཞི་དོ་དམ་བྱེད་སྟངས་ཁེ་ལས་དེ་བས་མང་བས་བེད་སྤྱོད་གཏོང་གི་ཡོད་པ་རེད། འཆར་ལྡན་དཔལ་འབྱོར་གྱི་དུས་སྐབས་སུ། དངོས་རྫས་ཀྱི་འཆར་གཞི་ནི་གཙོ་བོ་རྒྱལ་ཁབ་ཀྱིས་འོག་རིམ་ལ་སྤྲད་པའི་ཐོན་ཚད་གཞི་འཛིན་སར་བྱེད་པ་དང་། དངོས་རྫས་ཉོ་སྒྲུབ་དང་། བེད་སྤྱོད། གསོག་འཇོག་བཅས་ཚང་མ་ནི་ཐོན་ཚད་ཀྱི་དགོས་མཁོ་སྐོང་རྒྱུ་དེ་ཚད་གཞིར་འཛིན་དགོས། དེ་རིང་ཁྲོམ་རས་ཁེ་ལས་ཀྱི་དངོས་རྫས་འཆར་གཞི་བཟོ་རྒྱུའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་པ་དང་། ཁེ་ལས་ནང་ཁུལ་གྱི་སྡེ་ཚན་ཁག་གི་ཆ་འཕྲིན་ཕྱོགས་བསྡུས་བྱས་ཏེ་དངོས་རྫས་ཀྱི་འཆར་གཞི་བཟོས་ནས་འཆར་གཞི་དེ་བས་གནད་ལ་འཁེལ་བ་དང་། དེ་བས་ཚན་རིག་དང་མཐུན་པ། དེ་བས་བཀོལ་སྤྱོད་རང་བཞིན་ལྡན་པ་བཅས་ཡོང་རྒྱུ་རེད། འཆར་གཞི་བཟོ་བའི་དུས་འགོར་དངོས་ཟོག་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ནས་དངོས་ཟོག་ཁྲོམ་རར་བརྟག་ཞིབ་བྱས་ཏེ་དངོས་ཟོག་གི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་རིན་གོང་གི་ཆ་འཕྲིན་ཐོག་མ་ཁོང་དུ་ཆུད་པ་བྱས་པ་དང་། ཐོན་སྐྱེད་སྡེ་ཁག་གིས་ཐོན་སྐྱེད་བྱེད་ནུས་དང་། སྔོན་དཔག་ཐོན་འབོར། སྤྱོད་མཁན་གྱི་དགོས་མཁོ། འཕེལ་རྒྱས་གསོག་འཇོག་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། དངོས་རྫས་ཀྱི་གྲངས་འབོར་དང་སྣ་རིགས་ཚོད་རྩིས་བྱས་ཏེ། དངོས་རྫས་མཁོ་དགོས་ཀྱི་ཞིབ་ཐོ་འདོན་དགོས། ནོར་དོན་ཚན་པས་འཁོར་རྒྱུག་མ་དངུལ་གྱི་ཞིབ་ཕྲའི་ཆ་འཕྲིན་མཁོ་འདོན་བྱེད་འགན་འཁུར་ནས་མ་དངུལ་གྱི་འཁོར་རྒྱུག་བྱེད་ཚད་གཙང་མས་དངོས་ཟོག་འཆར་གཞིའི་གཞི་ཁྱོན་ལ་ཚོད་འཛིན་བྱེད་ཀྱིན་ཡོད།

3_2 དངོས་རྫས་ཉོ་སྒྲུབ་དོ་དམ་བྱེད་པའི་ལྷུ་ཚིགས།  

དངོས་ཟོག་ཉོ་སྒྲུབ་བྱ་རྒྱུ་ནི་ཁེ་ལས་ཀྱི་མ་དངུལ་གཏོང་སྒོའི་འགག་སྒོ་ལྟ་བུ་ཞིག་ཡིན་པས་འགག་སྒོ་དེ་ཡག་པོ་སྲུང་ཐུབ་མིན་ནི་ཁེ་ལས་ཀྱི་མ་གནས་ཚོད་འཛིན་བྱེད་པའི་འགག་རྩ་ཞིག་ཡིན། དེར་བརྟེན་རིན་གོང་གི་བསྡུར་ཚད་དང་། རིན་གོང་ཚོད་འཛིན། རིན་གོང་གཏན་འཁེལ་གྱི་ཉོ་སྒྲུབ་ལམ་ལུགས་བཅས་ལྟེ་བར་བྱེད་པའི་དངོས་ཟོག་ཉོ་སྒྲུབ་དོ་དམ་བྱ་རྒྱུ་དེ་དེང་སྐབས་ཁེ་ལས་ཀྱི་དངོས་ཟོག་ཉོ་སྒྲུབ་ཀྱི་གཙོ་རྒྱུན་རྣམ་པ་ཞིག་ཏུ་གྱུར་ཡོད། ཁེ་ལས་ཀྱི་བཀོལ་སྤྱོད་ཆུ་ཚད་ཉིན་རེ་བཞིན་བྱང་ཆུབ་པར་འགྱུར་རྒྱུ་རེད། དེ་ལྟར་བྱས་ན་རྨོངས་ཚོད་ཀྱིས་ཉོ་སྒྲུབ་དང་། འཆར་གཞི་མེད་པར་ཉོ་སྒྲུབ་བྱེད་པ། སྣེ་མང་ནས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་པ་དང་། ཁེ་ལས་ཀྱི་མ་གནས་ཀྱི་གཏོང་སྒོའི་གནས་ཚུལ་ལེགས་བཅོས་གང་ཐུབ་བྱེད་ཐུབ་ཀྱིན་ཡོད། དངོས་ཟོག་ཉོ་སྒྲུབ་ཀྱི་དོ་དམ་བྱེད་སྟངས་དེ་རིགས་ལག་ལེན་དངོས་ཀྱི་ཁྲོད་ནས་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་ངེས་རེད།

3_3 དངོས་རྫས་བེད་སྤྱོད་དོ་དམ་གྱི་ལྷུ་ཚིགས།

དངོས་ཟོག་བཀོལ་སྤྱོད་ཅེས་པ་ནི་གཙོ་བོ་དངོས་ཟོག་སྡེབ་སྐྱེལ་དང་ཟད་གྲོན་ལ་ཟེར། དེང་རབས་ཁེ་ལས་ཀྱི་དངོས་ཟོག་བེད་སྤྱོད་དོ་དམ་ཐད་སྡེབ་སྐྱེལ་བྱེད་སྟངས་ཀྱི་སྟབས་བསྟུན་རང་བཞིན་དང་། སྣ་མང་རང་བཞིན། དངོས་ཟོག་ཟད་གྲོན་བཅས་ཚོད་འཛིན་བྱེད་ཤུགས་གཙོ་གནད་ཐོག་མངོན་གསལ་དོད་པོ་བྱུང་ཡོད། གཅིག་གྱུར་ཐོག་ཚོང་ཟོག་ནང་འདྲེན་དང་། གཅིག་སྡུད་ཐོག་གསོག་འཇོག གནས་གཏན་འཁེལ་གྱི་སྒོ་ནས་རྒྱུ་ཆ་སྤྲོད་པ་བཅས་ཀྱི་སྡེབ་སྐྱེལ་བྱེད་སྟངས་ལ་དེ་སྔ་ཁེ་ལས་མང་ཆེ་བས་ཁས་ལེན་བྱེད་ཀྱིན་ཡོད།

3_4 དངོས་རྫས་གྲབས་གསོག་དོ་དམ་གྱི་ལྷུ་ཚིགས།

སྔོན་ཆད་ཁེ་ལས་མང་པོ་ཞིག་ལ་མཚོན་ན་དངོས་རྫས་གསོག་འཇོག་ནི་ཐོན་སྐྱེད་གཉེར་སྐྱོང་རྒྱུན་ལྡན་དུ་བྱེད་པར་འགན་སྲུང་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཤིག་རེད། བྱེད་སྟངས་འདིར་འགྱུར་ལྡོག་འབྱུང་བཞིན་ཡོད། དེང་རབས་ཀྱི་དངོས་ཟོག་གསོག་འཇོག་དོ་དམ་གྱིས་ཁེ་ལས་ལ་དངོས་ཡོད་ཀྱི་ཐོན་སྐྱེད་དགོས་མཁོ་སྐོང་བ་དང་ཐོན་སྐྱེད་བསྐྱར་མ་རྒྱ་སྐྱེད་པའི་དགོས་མཁོ་རྒྱ་སྐྱེད་པའི་གནས་ཚུལ་འོག གང་ཐུབ་ཅི་ཐུབ་ཀྱིས་མཛོད་ཉར་ཇེ་དམའ་རུ་གཏོང་བ་དང་། མ་དངུལ་བཟུང་སྤྱོད་ཉུང་དུ་གཏོང་དགོས།

4 དོ་དམ་བྱེད་ཐབས།

དངོས་རྫས་དོ་དམ་དེང་རབས་ཅན་ཞེས་པ་ནི་དེང་རབས་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་བྱེད་པའི་ཐབས་ཤེས་དང་ལག་རྩལ་བེད་སྤྱད་ནས་ལུགས་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཐོན་སྐྱེད་རྒྱུ་ཆས་འགྲོ་རྒྱུག་བྱེད་སྐབས་ཀྱི་དཔལ་འབྱོར་གྱི་བྱེད་སྒོ་ཁག་སྒྲིག་འཛུགས་དང་། བཀོད་འདོམས། ལེགས་སྒྲིག ལྟ་སྐུལ་བཅས་བྱས་ཏེ་ཉུང་མཐར་ཡང་ངལ་རྩོལ་ཟད་གྲོན་ཉུང་དུ་བཏང་ནས་དཔལ་འབྱོར་གྱི་ཕན་ནུས་ཆེ་ཤོས་ཐོན་པར་བྱ་རྒྱུ་དེ་རེད།

5 མ་ལག་ལས་གྲྭའི་ནུས་པ་འདོན་སྤེལ་བྱ་དགོས།

དངོས་རྫས་ཀྱི་མ་ལག་ལས་གྲྭ་ཞེས་པ་ནི་མ་ལག་ལས་གྲྭའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་བྱ་ཐབས་སྤྱད་དེ་དངོས་རྫས་དོ་དམ་བྱེད་པ་ལ་ཟེར། སྤྱིར་བཏང་དུ་དངོས་རྫས་ལ་རྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱ་རྒྱུ་དེ་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་འགོ་ཚུགས་ཆོག་པར་ངོས་འཛིན་བྱེད་ཀྱིན་ཡོད།

(1)དངོས་རྫས་སྡེ་ཁག་གི་ཁྱད་ཆོས་ལ་གཞིགས་ནས་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་ཞིང་ཕན་ནུས་ཐོན་པའི་ཚན་རིག་དང་མཐུན་པའི་དོ་དམ་རྩ་དོན་ཆ་ཚང་ཞིག་ཕྱོགས་བསྡོམས་བྱས་ཏེ། ཚོང་ཟོག་འགྲོ་རྒྱུག་གི་ཆོས་ཉིད་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་དངོས་རྫས་འགྲོ་རྒྱུག་ལས་ཁུངས་དང་མ་ལག་འཛུགས་དགོས།

(2)དངོས་རྫས་ཀྱི་འཆར་གཞི་དང་། མཁོ་སྤྲོད། གསོག་འདྲེན། ཉར་ཚགས་སོགས་ཀྱི་ལྷུ་ཚིགས་སོ་སོར་ཇུས་འགོད་རིག་པ་བེད་སྤྱད་ནས་རྩིས་རིག་གི་མ་དཔེ་བཟོས་ཏེ་གྲངས་ཚད་གཏན་ཁེལ་གྱིས་དབྱེ་ཞིབ་བྱེད་དགོས།

(3)ཧུར་བརྩོན་གྱིས་ཁྱབ་སྤེལ་དང་། རྩིས་འཁོར་བེད་སྤྱད་ནས་ཆ་འཕྲིན་དྲ་བ་འཛུགས་པ། ཐོན་སྐྱེད་དང་། བགོ་བཤའ། མཁོ་སྤྲོད། འགྲོ་རྒྱུག འཛད་སྤྱོད་པ་བཅས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ། ད་ཡོད་ཀྱི་ཐོན་ཁུངས་དང་མ་དངུལ་ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་བྱས་ཏེ། ཆེས་ཉུང་བའི་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་ཟད་གྲོན་བྱས་ནས་དཔལ་འབྱོར་ཕན་འབྲས་ཆེ་ཤོས་ཐོབ་པ་བྱ་དགོས།

(4)དེང་རབས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་ནས་ཕྱོགས་བསྡུས་ཞིབ་འཇུག་བྱ་དགོས། དེ་ནི་གཙོ་བོ་དངོས་རྫས་གྲོན་ཆུང་གིས་བེད་སྤྱོད་དང་། ཕྱོགས་བསྡུས་ཀྱིས་བེད་སྤྱོད། དངོས་རྫས་གསོག་འཇོག་གི་གྲངས་བཅད་དང་ཟད་གྲོན་གྱི་གྲངས་བཅད་ལ་ཞིབ་འཇུག འཕྲུལ་ཆས་ཅན་དང་རང་འགུལ་ཅན་དུ་བསྒྱུར་བ། ཚད་ཡོད་མ་དངུལ་ཚན་རིག་དང་མཐུན་པར་བེད་སྤྱོད་བྱེད་པ། ཐོན་རྫས་དང་རྒྱུ་ཆ་སོགས་ལ་ཞིབ་འཇུག་བྱེད་པ་བཅས་ལ་ཟེར་བ་ཡིན།

6 དངོས་རྫས་སྡེ་ཁག་གི་ཐབས་ཇུས་ཀྱི་རྨང་གཞི།

ཐབས་ཇུས་ཞེས་པ་ནི་དམིགས་ཡུལ་གཏན་འབེབས་བྱ་རྒྱུ་དེ་ཡིན་ཞིང་། གཏན་འབེབས་བྱས་པའི་དམིགས་འབེན་དེ་ལུགས་མཐུན་དང་སྤྱོད་གོ་ཆོད་དགོས་པ་དང་། དོན་དངོས་དང་མཐུན་དགོས་ན། ཁྱོན་ཡོངས་ནས་བློས་འཁེལ་ཐུབ་ཅིང་ཕྱི་རོལ་ཡུལ་གྱི་གོ་རིམ་མཚོན་པའི་ཆ་འཕྲིན་འབོར་ཆེན་རྨང་གཞིར་འཛིན་དགོས་པ་དང་། ཆ་འཕྲིན་ཁོང་དུ་ཆུད་པ་དང་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ནི་ཐབས་ཇུས་འགོད་མཁན་ལ་བཏོན་པའི་མ་མཐའི་བླང་བྱ་རེད།

དངོས་རྫས་མ་ལག་གིས་འཆར་གཞི་འགོད་པའི་གཞི་འཛིན་ས།

དངོས་རྫས་ཀྱི་འཆར་གཞི་ནི་དངོས་རྫས་ལས་ཀའི་འགོ་རྩོམ་ས་ཡིན་པ་དང་། དངོས་རྫས་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན། དངོས་ཟོག་མ་ལག་གི་ཆ་འཕྲིན་ལ་ཕྱོགས་གཉིས་ཚུད་ཡོད་དེ། ཕྱོགས་གཅིག་ནི་དངོས་ཟོག་མ་ལག་ནང་ཁུལ་གྱི་ཆ་འཕྲིན་ཡིན། དཔེར་ན། རྩིས་ཐོར་འགོད་པའི་འཛིན་ཡིག་དང་། སྡོམ་རྩིས་དཔྱད་གཞི། མཛོད་ཉར་གྱི་གནས་ཚུལ། དེ་བཞིན་དཔལ་འབྱོར་དམིགས་ཚད་ཁག་ལེགས་གྲུབ་བྱུང་བའི་གནས་ཚུལ། གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་དང་གནད་དོན་སོགས་ཡིན།

དངོས་རྫས་མཁོ་སྤྲོད་རྩ་འཛུགས་དང་ཚོད་འཛིན་བྱེད་པའི་གཞི་འཛིན་ས་དང་བྱེད་ཐབས།

དངོས་རྫས་ཀྱི་འཁོར་སྐྱོད་ནི་ཆ་འཕྲིན་རྒྱུན་ལ་རག་ལས་པ་དང་། ཆ་འཕྲིན་རྒྱུན་གྱིས་དངོས་རྫས་ལ་ཚོད་འཛིན་དང་བཀོད་འདོམས་ཀྱི་ནུས་པ་ཐོན་གྱིན་ཡོད། ཕྱོགས་གཞན་ཞིག་ནས་ཟོག་འགྲེམས་བྱེད་སྒོའི་ནང་ཐོན་པའི་གནད་དོན་ལ་གཞིགས་ནས་ཆ་འཕྲིན་ལྡོག་འདྲེན་བྱས་ཏེ་འཆར་གཞི་དང་། མཁོ་འདོན། མཛོད་ཉར་བཅས་ཀྱི་ཇུས་གཞི་གསར་པ་བཟོ་བའམ་ཡང་ན་བཟོས་ནས་དངོས་ཟོག་དོ་དམ་ལས་དོན་རྒྱུན་ལྡན་ངང་སྤེལ་རྒྱུའི་འགན་ལེན་བྱེད་ཀྱིན་ཡོད།

7 གལ་ཆེའི་ཆ་རྐྱེན།

དེ་ནི་དངོས་ཟོག་མ་ལག་གི་ཚན་པ་ཁག་དང་ལྷུ་ཚིགས་ཁག་གི་ཚིག་མཐུན་ལས་དོན་འགན་ལེན་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དངོས་རྫས་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ལྷུ་ཚིགས་ཁག་གི་ལས་ཀ་རྣམས་ངེས་པར་དུ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་ཆ་འཕྲིན་དྲ་བར་བརྟེན་ནས་མཐུན་སྦྱོར་བྱས་ཏེ་དེང་རབས་ཅན་གྱི་དངོས་རྫས་དོ་དམ་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་དགོས།

7_1 གསོག་འཇོག་སྨྲ་བའི་ནུས་པ་འདོན་སྤེལ་བྱ་དགོས།

གསོག་འཇོག་སྨྲ་བ་ལ་མཛོད་འཇོག་སྨྲ་བ་ཡང་ཟེར། དེ་ནི་ཇུས་འགོད་རིག་པའི་ཡན་ལག་ཅིག་ཡིན་ཞིང་། མཛོད་ཁང་གི་གསོག་ཉར་ལ་ཞིབ་འཇུག་བྱེད་པའི་གཞུང་ལུགས་ཤིག་ཡིན། ཐོན་སྐྱེད་གཉེར་སྐྱོང་གི་སྡེ་ཚན་གང་ཞིག་ཡིན་རུང་རྒྱུན་ལྡན་གྱི་ཐོན་སྐྱེད་དམ་མཁོ་འདོན་འགན་ལེན་བྱེད་ཆེད་ཚང་མར་གྲངས་ཚད་ངེས་ཅན་གྱི་དངོས་ཟོག་གསོག་འཇོག་བྱེད་དགོས། འོན་ཀྱང་དངོས་ཟོག་མང་དྲགས་ན། ཕུང་གསོག་ཐེབས་པའི་མ་དངུལ་གྱིས་མཛོད་ཉར་གྲོན་དངུལ་མང་དུ་གཏོང་སྲིད་པ་དང་། དངོས་པོ་ཉུང་དྲགས་ན་དགོས་མཁོ་སྐོང་མ་ཐུབ་པར་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་སྲིད།

7_2 ཇུས་འགོད་རིག་པའི་ནུས་པ་འདོན་སྤེལ་བྱ་དགོས།

ཇུས་འགོད་རིག་པའི་ཞིབ་འཇུག་གི་ཡན་ལག་གཙོ་བོ་ནི། འཆར་འགོད་སྨྲ་བ་དང་། གསོག་ཉར་སྨྲ་བ། ཐབས་ཇུས་སྨྲ་བ། བཤེར་འཚོལ་སྨྲ་བ། དྲ་རྒྱའི་གཞུང་ལུགས་དང་བློས་འགེལ་ཆོག་པའི་རང་བཞིན་གྱི་གཞུང་ལུགས་སོགས་ཡིན།

7_3 ཐིག་གཤིས་འཆར་བཀོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཐིག་གཤིས་འཆར་འགོད་ནི་ཇུས་འགོད་རིག་པའི་ཁྲོད་ཀྱི་འཆར་འགོད་སྨྲ་བའི་ཡན་ལག་གལ་ཆེན་ཞིག་ཡིན། ཐིག་གཤིས་འཆར་འགོད་ཞིབ་འཇུག་ནི་ཐིག་གཤིས་ཚོད་འཛིན་ཆ་རྐྱེན་འོག སྔོན་བཀོད་དམིགས་འབེན་ཆེས་བཟང་པོར་སླེབས་པར་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དངོས་རྫས་དོ་དམ། དོ་དམ། དངོས་རྫས།