ལག་རྩལ་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-18 08:43ལ་འགྲུབ།

ལག་རྩལ་དོ་དམ།

ལག་རྩལ་དོ་དམ།
འཆར་གཞི་དང་། གསར་འབྱེད། མངོན་འགྱུར་བཅས་ཀྱི་ལག་རྩལ་ནུས་པར་སྤྱོད་རྒྱུ་དང་། སྒྲིག་འཛུགས་ཀྱི་འཐབ་ཇུས་དང་གཉེར་སྐྱོང་གི་དམིགས་འབེན་ལེགས་འགྲུབ་བྱ་དགོས། ལག་རྩལ་དོ་དམ་ནི་རྒྱུན་པར་ལག་རྩལ་ལས་རིགས་ཁྲོད་ཀྱི་དོ་དམ་བྱ་བ་ལ་བསྟན་པ་ཡིན། དོ་དམ་པར་སྤྱིར་བཏང་དུ་ལག་རྩལ་གྱི་ཆུ་ཚད་ཅུང་མཐོན་པོ་ཡོད་པ་དང་། དུས་མཚུངས་སུ་རང་གིས་དོ་དམ་བྱེད་པའི་རུ་ཁག་ཁྲིད་ནས་ལག་རྩལ་གྱི་ལས་འགན་ག་གེ་མོ་ཞིག་ལེགས་འགྲུབ་བྱ་དགོས། ལག་རྩལ་དོ་དམ་གྱི་དོན་དངོས་བཀོལ་སྤྱོད་ཁྲོད། དོ་དམ་པས་རང་གིས་འགོ་ཁྲིད་པའི་ཚོགས་པའི་ལག་རྩལ་བགོ་བཤའ་དང་། ལག་རྩལ་གྱི་ཁ་ཕྱོགས་དང་ལག་རྩལ་ལ་ལྟ་ཞིབ་བྱ་རྒྱུ་ནན་བཤད་བྱས་ནས། དོ་དམ་པས་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་ལག་རྩལ་གྱི་ཤེས་བྱ་དང་ནུས་པ་སྤྱད་དེ་རུ་ཁག་ཡོངས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་དང་། མུ་མཐུད་དུ་ལག་རྩལ་གྱི་ལས་འགན་ལེགས་འགྲུབ་བྱ་དགོས། ལག་རྩལ་དོ་དམ་ནི་ལག་རྩལ་དང་དོ་དམ་མཉམ་འདྲེས་ཡིན་པ་དང་། ཤེས་ཡོན་གྱི་ཤོང་ཚད་ཅུང་མཐོ་བའི་ལས་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
技术管理
མཚན་ཉིད།
འཆར་འགོད་དང་། གསར་འབྱེད། མངོན་འགྱུར་བཅས་ཀྱི་ལག་རྩལ་ནུས་ཤུགས་ལ་སྤྱོད།
ལྟ་བ་གལ་ཆེན།
རྩ་འཛུགས་ཀྱི་དམིགས་ཡུལ་ནན་བཤད་བྱེད་པ།
ནང་དོན།
ཐོན་རྫས་ཇུས་འགོད་བྱེད་སྟངས་ལེགས་བཅོས་དང་། ཐོན་རྫས་གསར་པ་ཚོད་བཟོ།
གཙིགས་སུ་འཛིན་པ།
རྩ་འཛུགས་ཀྱི་འབྲེལ་བ།
ལྟ་ཚུལ།
ལག་རྩལ་ནུས་པ་འཕེལ་རྒྱས་བྱུང་བ།
ཉེར་སྤྱོད།
ཁེ་ལས་དོ་དམ།
1 ལྟ་བ་གལ་ཆེན།

ལྟ་བ་གལ་ཆེན་གསུམ་ནི།

1.རྩ་འཛུགས་ཀྱི་དམིགས་ཡུལ་ནན་བཤད་བྱེད་པ།

2.ལག་རྩལ་ནུས་ཤུགས་ཀྱི་འཕེལ་རྒྱས།

3.བྱེད་སྒོ་དང་རྩ་འཛུགས་བར་གྱི་འབྲེལ་བ།

2 གོ་དོན།

ལག་རྩལ་ཞེས་པ་ནི་ཐོན་སྐྱེད་དང་ལག་ལེན་གྱི་ཉམས་མྱོང་དང་རང་བྱུང་ཚན་རིག་གི་རྩ་བའི་རིགས་པ་ཕྱོགས་བསྡོམས་བྱས་ནས་འཕེལ་རྒྱས་བྱུང་བའི་བཟོ་རྩལ་སྣ་ཚོགས་བཀོལ་སྤྱོད་བྱེད་སྟངས་དང་ལག་རྩལ་ལ་ཟེར། དེང་རབས་ཁེ་ལས་ཀྱི་ལག་རྩལ་དོ་དམ་ནི་ཚན་རིག་ལག་རྩལ་ལས་ཀའི་ཆོས་ཉིད་གཞིར་བཟུང་ནས། ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་བྱེད་སྒོ་ཡོད་ཚད་ལ་འཆར་གཞི་དང་། མཐུན་སྦྱོར། ཚོད་འཛིན། སྐུལ་ལྕག་སོགས་ཐད་ཀྱི་དོ་དམ་བྱ་བ་ཡིན།

ཁེ་ལས་ཀྱི་ལག་རྩལ་དོ་དམ་ནི་ཁེ་ལས་ཧྲིལ་པོའི་དོ་དམ་མ་ལག་གི་རྒྱུད་ཁོངས་ཤིག་ཡིན་པ་དང་། ཁེ་ལས་ཀྱི་ལག་རྩལ་གསར་སྤེལ་དང་། ཐོན་རྫས་གསར་སྤེལ། ལག་རྩལ་བསྒྱུར་བཀོད། ལག་རྩལ་མཉམ་ལས་དང་དེ་བཞིན་ལག་རྩལ་ནང་བཤུག་སོགས་ལ་འཆར་གཞི་དང་། སྒྲིག་འཛུགས། བཀོད་འདོམས། མཐུན་སྦྱོར། ཚོད་འཛིན་སོགས་ཀྱི་དོ་དམ་བྱེད་སྒོ་རབ་དང་རིམ་པའི་སྤྱི་མིང་ཡིན། ཁེ་ལས་ཀྱི་ལག་རྩལ་དོ་དམ་བྱེད་པའི་དམིགས་ཡུལ་ནི་ཚན་རིག་ལག་རྩལ་གྱི་ལས་ཀའི་ཆོས་ཉིད་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ལས་ཀའི་གོ་རིམ་འཛུགས་རྒྱུ་དང་། འཆར་གཞི་ཡོད་པ་དང་ལུགས་མཐུན་གྱི་སྒོ་ནས་ཁེ་ལས་ཀྱི་ལག་རྩལ་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་བྱས་ཏེ་ཚན་རྩལ་གྱི་གྲུབ་འབྲས་གསར་ཤོས་རྣམས་གང་མགྱོགས་ཅི་མྱུར་གྱིས་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་ནས་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་དང་དཔལ་འབྱོར་ཕན་ནུས་དངོས་སུ་འགྲུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ཁེ་ལས་ཀྱི་ལག་རྩལ་དོ་དམ་མ་ལག་བཙུགས་པ་ནི་ལག་རྩལ་དོ་དམ་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་ལ་གཞིགས་ནས་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་ཁེ་ལས་ཀྱི་ལག་རྩལ་གསར་སྤེལ་དང་། ཐོན་རྫས་གསར་སྤེལ། ལག་རྩལ་བསྒྱུར་བཀོད། ལག་རྩལ་མཉམ་ལས། ལག་རྩལ་བཤུག་སྤྲོད་སོགས་ཀྱི་ལས་ཀར་དབྱེ་ཞིབ་དང་གདེང་འཇོག་བྱས་ནས་ལེགས་བཅོས་ཇུས་གཞི་བཏོན་པ་མ་ཟད་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་པའི་རིག་སྟོབས་ཀྱི་ཞབས་ཞུའི་བྱེད་སྒོ་ཞིག་ཡིན།

ལག་རྩལ་དོ་དམ་མ་ལག་བཙུགས་པ་བརྒྱུད་ལག་རྩལ་དོ་དམ་གྱི་ཕན་འབྲས་ལ་གདེང་འཇོག་བྱེད་ཐུབ་པ་དང་། ཁེ་ལས་ལ་ལག་རྩལ་དོ་དམ་ཡག་པོ་མ་བྱུང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་རོགས་བྱེད་ཐུབ་པ། ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱེད་ཐུབ་པ། ཁེ་ལས་ཀྱི་ལག་རྩལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཐུབ་པ། ཁེ་ལས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཐུབ་པ། ཁེ་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་ཐུབ་པ་བཅས་བྱེད་དགོས།

3 ནང་དོན།

ཁེ་ལས་ཀྱི་ལག་རྩལ་དོ་དམ་བྱེད་པའི་ནང་དོན་གཙོ་བོ་གཤམ་གསལ།

(1)ཚན་རིག་ལག་རྩལ་ལ་སྔོན་དཔག་བྱས་ནས་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱ་དགོས།

(2)ཐོན་རྫས་ཇུས་འགོད་བྱེད་སྟངས་ལེགས་བཅོས་དང་། ཐོན་རྫས་གསར་པ་ཚོད་བཟོ་བྱ་རྒྱུ།

(3)ལག་རྩལ་གྱི་ཚད་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ། ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ།

(4)ཆ་འཕྲིན་སྤེལ་རེས་སྒྲིག་འཛུགས་བྱ་རྒྱུ།

(5)ལག་རྩལ་བཀོལ་སྤྱོད་བྱེད་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

(6)ལག་རྩལ་བསྒྱུར་བཀོད་དང་། ལག་རྩལ་ནང་འདྲེན། སྒྲིག་ཆས་གསར་བཅོས་བཅས་བྱ་རྒྱུ།

(7)ཐོན་སྐྱེད་ལག་རྩལ་གྲ་སྒྲིག་དང་རྒྱུན་ལྡན་གྱི་ལག་རྩལ་དོ་དམ་ལེགས་པོར་བསྒྲུབ་དགོས།

(8)ལག་རྩལ་དང་དཔལ་འབྱོར་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་ལས་ཀ་ལེགས་པར་བསྒྲུབ་དགོས།

4 དོན་སྤྱི་འགའ།

1.བཟོ་རྩལ་སྒྲིག་སྲོལ།

བཟོ་རྩལ་སྒྲིག་སྲོལ་ནི་ཁེ་ལས་ཀྱིས་རྒྱུ་ཆའི་སྤུས་ཚད་ཀྱི་གནས་ཚུལ་དང་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞིར་གཞིགས་ནས་རྒྱལ་ཁབ་ཀྱི་ལག་རྩལ་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག རང་ངོས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་ཆ་རྐྱེན་ལ་གཞིགས་ནས་བཟོས་པའི་བཟོ་རྩལ་རང་བཞིན་གྱི་ལག་རྩལ་ཡིག་ཆ་ཞིག་ཡིན། ཁེ་ལས་ཀྱི་བཟོ་རྩལ་སྒྲིག་སྲོལ་གྱི་ནང་གཙོ་བོ་ནི།  

(1)བཟོ་རྩལ་གྱི་གོ་རིམ་ཞེས་པ་ནི་འཕྲུལ་འཁོར་དང་། སྒྲིག་ཆས། ལས་རིམ་བཅས་རབ་དང་རིམ་པ་མཉམ་སྒྲིག་བྱས་ནས་ཐོག་མའི་རྒྱུ་ཆ་དང་རྒྱུ་ཆས་ཐོན་རྫས་ཀྱི་སྤུས་ཀ་ངེས་ཅན་ཞིག་གི་ཚད་གཞི་ལྟར་ལས་སྣོན་དང་ཐག་གཅོད་བྱེད་པའི་ཐོན་སྐྱེད་བཟོ་རྩལ་གྱི་གོ་རིམ་ལ་ཟེར།

(2)ལས་སྒྲུབ་འཕྲུལ་ཆས་སྣ་ཚོགས་ཀྱི་ཐོན་སྐྱེད་ལག་རྩལ་གྱི་གཞི་གྲངས་ནི་གཤིས་ནུས་མི་འདྲ་བའི་ལས་སྒྲུབ་འཕྲུལ་ཆས་སྣ་ཚོགས་ཀྱིས་ཐོག་མའི་རྒྱུ་ཆ་དང་ཞོར་རྒྱུ་མི་འདྲ་བའི་ལས་སྣོན་བྱས་པའི་གནས་ཚུལ་འོག སྔོན་བཀོད་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞིར་སླེབས་ཆེད་གཏན་འབེབས་བྱས་པའི་ཐོན་སྐྱེད་ལག་རྩལ་གྱི་ཞུགས་གྲངས་ལ་ཟེར།

2.ལག་རྩལ་འཇལ་གཅོད།

ཁེ་ལས་ཀྱི་ལག་རྩལ་འཇལ་གཅོད་ནི་ཁེ་ལས་རང་གི་ཐོན་རྫས་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་ལས་སྒྲུབ་འཕྲུལ་ཆས་སོ་སོའི་ཐག་གཅོད(ལས་སྣོན)ཚད་དང་དེའི་སྤུས་ཚད། དེ་དག་གི་ཕན་ཚུན་འབྲེལ་བ་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར་དང་། ཞིབ་དཔྱད་ཚད་ལེན། དབྱེ་ཞིབ་ཞིབ་འཇུག་བཅས་བྱེད་པ་དེ་ཡིན།

3.ཚན་རིག་ཞིབ་འཇུག

ཚན་རིག་ཞིབ་འཇུག་ཅེས་པ་ནི་སྤྱིར་བཏང་དུ་ཚན་རིག་གི་བྱེད་ཐབས་དང་སྒྲིག་ཆས་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་རང་བྱུང་སྣང་ཚུལ་གྱི་གསང་བ་འཚོལ་ཞིབ་བྱས་ནས་རང་བྱུང་སྣང་ཚུལ་ལ་ཚན་རིག་གི་ཤེས་བྱ་ཐོབ་པར་བྱེད་པ་མ་ཟད། དེ་དག་བར་གྱི་ནང་གནས་ཀྱི་འབྲེལ་བ་གསལ་སྟོན་བྱས་ཏེ་ལག་རྩལ་གསར་པ་གསར་གཏོད་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་པར་ཟེར།

4.ལག་རྩལ་གསར་བཅོས།

ལག་རྩལ་གསར་བཅོས་ཞེས་པ་ནི་རྒྱུན་དུ་ཐོན་སྐྱེད་ལག་རྩལ་ཐད་ཆ་ཤས་ལེགས་བཅོས་བྱེད་པར་ཟེར་བ་དཔེར་ན། སྒྲིག་ཆས་གྲུབ་ཚུལ་ལེགས་བཅོས་དང་། ཐོན་སྐྱེད་བཟོ་རྩལ་དང་བཀོལ་སྤྱོད་བྱེད་ཐབས་ལེགས་བཅོས། རྒྱུ་ཆ་དང་རྒྱུ་ཆས་གྲོན་ཆུང་སོགས་ལྟ་བུ་ཡིན། ལག་རྩལ་གསར་བཅོས་བྱ་རྒྱུ་དེ་སྤྱིར་བཏང་དུ་ཆ་ཤས་ཀྱི་བཟོ་རྩལ་དང་སྒྲིག་ཆས་རེ་ཟུང་ལེགས་བཅོས་བྱས་པ་ཙམ་རེད།

5.ལག་རྩལ་ནང་འདྲེན།

ལག་རྩལ་ནང་འདྲེན་བྱེད་པ་ནི་རྒྱལ་ཁབ་ཅིག་གིས་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚན་རིག་ལག་རྩལ་གྱི་ཆུ་ཚད་གོང་དུ་སྤེལ་ཆེད་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཕྱི་རྒྱལ་ནས་སྔོན་ཐོན་གྱི་ལག་རྩལ་གྲུབ་འབྲས་ཐོབ་པའི་ནང་བཟོ་རྩལ་སྣ་ཚོགས་དང་སྒྲིག་ཆས་བཟོ་སྐྲུན་གྱི་ལག་རྩལ་དཔྱད་ཡིག་དང་། འགག་རྩའི་སྒྲིག་ཆས་སམ་སྒྲིག་ཆས་ཆ་ཚང་ཚུད་ཡོད།

6.ལག་རྩལ་བསྒྱུར་བཀོད།

ལག་རྩལ་བསྒྱུར་བཀོད་ཞེས་པ་ནི་ལག་རྩལ་ཡར་ཐོན་ཡོང་བ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་ལག་རྩལ་གྱི་གྲུབ་འབྲས་རྣམས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པའི་ཁྱབ་ཁོངས་ཁག(ཐོན་རྫས་དང་། སྒྲིག་ཆས། བཟོ་རྩལ)སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་རྗེས་ལུས་ཀྱི་ལག་རྩལ་བསྒྱུར་བཀོད་བྱེད་པ་དང་། སྔོན་ཐོན་གྱི་བཟོ་རྩལ་དང་སྒྲིག་ཆས་ཀྱིས་རྗེས་ལུས་ཀྱི་བཟོ་རྩལ་དང་སྒྲིག་ཆས་ཀྱི་ཚབ་བྱེད་པ། ཐོན་རྫས་ཀྱི་སྤུས་ཀ་དག་ཏུ་གཏོང་བ་དང་། ནུས་ཁུངས་ཟད་གྲོན་གྲོན་ཆུང་བྱེད་པ། ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་ཀྱི་དམིགས་ཡུལ་འགྲུབ་པར་བྱ་དགོས།

7.ལག་རྩལ་ཡིག་ཚགས་དོ་དམ།

ལག་རྩལ་ཡིག་ཚགས་ནི་ཁེ་ལས་ཀྱིས་ཐོན་སྐྱེད་དང་འཛུགས་སྐྲུན། ཚན་རིག་ཞིབ་འཇུག་གི་བྱ་འགུལ་ཁྲོད་གྲུབ་པའི་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དཔྱད་གཞིར་བྱེད་པའི་དཔེ་རིས(ཐོན་རྫས་ཀྱི་དཔེ་རིས་དང་། བཟོ་རྩལ་གྱི་དཔེ་རིས། གཞི་རྩའི་འཛུགས་སྐྲུན་གྱི་དཔེ་རིས)དང་། གསལ་བཤད་ཡི་གེ་སྣ་ཚོགས། ཚོད་ལྟའི་ཟིན་ཐོ། ཆེད་དོན། ཞིབ་འཇུག་གི་ཆེད་རྩོམ། འབྲེལ་ཡོད་ཀྱི་འདྲ་པར། གློག་བརྙན་གྱི་བརྙན་ཕབ། སྒྲ་ཕབ་བརྙན་ཕབ་སོགས་ལག་རྩལ་ཡིག་ཆའི་རྒྱུ་ཆ་ཡིན། ལག་རྩལ་ཡིག་ཚགས་དོ་དམ། དེ་ནི་ལག་རྩལ་ཡིག་ཚགས་བསྡུ་རུབ་དང་། ལེགས་སྒྲིག རིགས་དབྱེ། བདག་གཉེར། དབྱེ་འབྱེད། བསྡོམས་རྩིས། ཞབས་ཞུ་སོགས་བྱེད་སྒོ་རབ་དང་རིམ་པར་དོ་དམ་བྱེད་པའི་བརྒྱུད་རིམ་ལ་ཟེར།

5 ལས་འགན།

ཁེ་ལས་ཀྱི་ལག་རྩལ་དོ་དམ་བྱེད་པའི་ལས་འགན་གཙོ་བོ་ནི་ཚན་རིག་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་བྱས་ནས་ཁེ་ལས་ཀྱི་ངལ་རྩོལ་ཐོན་སྐྱེད་ནུས་ཤུགས་དང་དཔལ་འབྱོར་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེ་ཡིན།

(1)རྒྱལ་ཁབ་ཀྱི་ལག་རྩལ་སྲིད་ཇུས་ཡང་དག་པར་ལག་ལེན་མཐར་ཕྱིན་བསྟར་དགོས།

ལག་རྩལ་གྱི་སྲིད་ཇུས་ནི་རྒྱལ་ཁབ་ཀྱིས་དེང་རབས་ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་ཕྱི་རོལ་ཡུལ་གྱི་དགོས་མཁོ་གཞིར་བཟུང་བ་དང་། ཚན་རིག་ལག་རྩལ་གྱི་རྩ་བའི་རིགས་པ་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཞིག་ཡིན་ཞིང་། ཁེ་ལས་ཀྱི་ལག་རྩལ་ལས་དོན་སྣ་ཚོགས་ལ་སློབ་སྟོན་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་ཤིག་ཡིན། ཁེ་ལས་ཀྱི་ལག་རྩལ་གནད་དོན་མང་པོ་དང་དཔལ་འབྱོར་གྱི་གནད་དོན་མང་པོ་ཐག་གཅོད་རྒྱུ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་སྲིད་ཇུས་དང་བྲལ་ཐབས་མེད། རང་རྒྱལ་གྱི་དེང་རབས་ཁེ་ལས་ཀྱི་ལག་རྩལ་སྲིད་ཇུས་ཧ་ཅང་མང་སྟེ། གཙོ་བོ་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞི་དང་། བཟོ་རྩལ་སྒྲིག་སྲོལ། ལག་རྩལ་བཀོལ་སྤྱོད་བྱེད་ལུགས། ཞིབ་བཤེར་ལམ་ལུགས་སོགས་འདུས། དེའི་ནང་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞི་ནི་ཆེས་གལ་ཆེ་བ་ཡིན།

(2)ཐོན་སྐྱེད་ལག་རྩལ་གྱི་སྒྲིག་ལམ་ལེགས་པོ་བཙུགས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས།

ཐོན་སྐྱེད་ལག་རྩལ་གྱི་སྒྲིག་ལམ་བཟང་པོ་ནི་ཁེ་ལས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྒྲུབ་པར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དགོས་ངེས་ཤིག་ཡིན། ཁེ་ལས་ཀྱིས་ལག་རྩལ་དོ་དམ་བྱེད་པར་བརྟེན་ནས་འཕྲུལ་འཁོར་སྒྲིག་ཆས་དང་ཡོ་བྱད་སྣ་ཚོགས་དུས་རྒྱུན་དུ་ལག་རྩལ་གྱི་གནས་ཚུལ་བཟང་པོ་སྲུང་འཛིན་དང་། ཐོན་སྐྱེད་ལ་སྔོན་ཐོན་ལུགས་མཐུན་གྱི་བཟོ་རྩལ་དང་ལུགས་སྲོལ་འདོན་སྤྲོད་བྱེད་ཐུབ་པར་བྱ་དགོས་པ་མ་ཟད། ཐོན་སྐྱེད་ལག་རྩལ་གྱི་འགན་འཁྲིའི་ལམ་ལུགས་དང་སྤུས་ཀར་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་ཐོན་སྐྱེད་བྱེད་རིང་དུ་ལག་རྩལ་གྱི་གནད་དོན་བྱུང་རིགས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྒྲུབ་པར་འགན་ལེན་ཡང་བྱ་དགོས།

(3)ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་དགོས།

དེང་རབས་ཀྱི་ཁེ་ལས་ཀྱིས་བྱེད་སྟངས་དང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བཟོ་པ་དང་ལག་རྩལ་པའི་ལག་རྩལ་བྱང་ཚད་མཐོ་རུ་གཏོང་དགོས་པ་དང་། ཐོན་སྐྱེད་ཀྱི་སྒྲིག་ཆས་དང་། བཟོ་རྩལ་གྱི་བརྒྱུད་རིམ། བཀོལ་སྤྱོད་བྱེད་སྟངས་སོགས་ལ་རྒྱུན་ཆད་མེད་པར་མངོན་མེད་ནུས་ཤུགས་སྔོག་འདོན་དང་། གསར་བཅོས། བསྒྱུར་བཀོད་བཅས་བྱས་ནས་སྤྱོད་གོ་ཆོད་པའི་ཐོན་སྐྱེད་ལག་རྩལ་གྱི་ཉམས་མྱོང་ཁྱབ་གདལ་དུ་གཏོང་དགོས་པ་དང་། ཧུར་བརྩོན་ཆེན་པོས་བཟོ་རྩལ་གསར་པ་དང་ལག་རྩལ་གསར་པ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ལག་རྩལ་མི་སྣ་དང་བཟོ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཐོན་སྐྱེད་བྱེད་མཁན་ཡོད་ཚད་ཀྱི་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད་དང་ལག་རྩལ་གྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་སྟེ་ཁེ་ལས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་དགོས།

(4)བདེ་འཇགས་ཐོན་སྐྱེད་ལ་ཁག་ཐེག་བྱེད་པ།

བཟོ་པ་དང་འཕྲུལ་འཁོར་སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་བདེ་འཇགས་ནི་དེང་རབས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་བླག་ངང་སྒྲུབ་པའི་གཞི་རྩའི་འགན་ལེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཞི་རྩའི་བླང་བྱ་ཞིག་ཀྱང་ཡིན།

(5)ཚན་རིག་ཞིབ་འཇུག་གི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་ཐོན་རྫས་གསར་པ་གསར་སྤེལ་ཧུར་ཐག་བྱ་དགོས།

ཚོང་རའི་དཔལ་འབྱོར་ཁྲོད། དེང་རབས་ཁེ་ལས་ཀྱིས་ངེས་པར་དུ་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཐོན་རྫས་ཐོན་སྐྱེད་བྱས་ན། ད་གཟོད་བབ་མཐུན་གྱི་དཔལ་འབྱོར་ཕན་འབྲས་ཐོབ་ཐུབ། དེས་ན་ཁེ་ལས་ཀྱིས་ངེས་པར་དུ་རྒྱ་ཆེའི་ལག་རྩལ་མི་སྣ་དང་བཟོ་པ་རྣམས་སྐུལ་སློང་བྱས་ནས་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཆེད་ལས་ཞིབ་འཇུག་གི་ལག་རྩལ་འབད་བརྩོན་ཆེན་པོས་སྤེལ་བ། ཐོན་རྫས་གསར་པ་གསར་སྤེལ་ཧུར་ཐག་བྱས་ནས་རྒྱུན་ཆད་མེད་པར་དགོས་མཁོ་སྐོང་ཐབས་དང་ཚོང་ར་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ་དོ་དམ། དོ་དམ། ལག་རྩལ།