སྡེ་ཁག་གི་རིན་གོང་རིག་པ་ནི་རིན་གོང་རིག་པའི་མ་ལག་ཁྲོད་ཀྱི་རིག་ཚན་ཞིག་ཡིན། དེ་ནི་དམངས་དཔལ་འབྱོར་གྱི་སྡེ་ཁག་སོ་སོ་དང་ལས་རིགས་སོ་སོའི་དམིགས་བསལ་གྱི་རིན་གོང་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། དཔེར་ན་བཟོ་ལས་དང་ཞིང་ལས་སོགས་སྡེ་ཁག་གི་རིན་གོང་ཐད། ཞིབ་ཕྲའི་སྲིད་ཇུས་དང་གོང་ཚད་འབེབས་པའི་རྩ་དོན་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ནི་སྡེ་ཁག་གི་རིན་གོང་རིག་པའི་ལས་འགན་ཡིན། སྡེ་ཁག་གི་རིན་གོང་ནི་རིན་གོང་རིག་པའི་ནང་ནས་ལོགས་སུ་ཕྱེ་བའི་རང་ཚུགས་ཀྱི་རིག་ཚན་ཞིག་ཡིན་པ་དང་། ཚོང་ཟོག་དཔལ་འབྱོར་སྔར་ལས་གོང་དུ་འཕེལ་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་རེད།
སྡེ་ཁག་གི་རིན་གོང་རིག་པ་དེ་རིམ་པ་ཁ་ཤས་སུ་དབྱེ་ཆོག་པ་དཔེར་ན། དཔལ་འབྱོར་སྡེ་ཁག་ཆེ་གྲས་ལ་གཞིགས་ནས་བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་དང་། ཞིང་ལས་ཐོན་རྫས་ཀྱི་རིན་གོང་རིག་པ།ཚོང་ཟོག་གི་རིན་གོང་རིག་པ། དངོས་ཟོག་གི་རིན་གོང་རིག་པ། ཕྱི་ཕྱོགས་ཉོ་ཚོང་གི་རིན་གོང་རིག་པ། ཨར་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་བཅས་སུ་དབྱེ་ཆོག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རིན་གོང་རིག་པ་དང་དེ་མིན་ཚོང་ཟོག་མིན་པའི་རིན་དངུལ་བསྡུ་བ་སོགས་ཡིན། དཔེར་ན་ཆེད་གཉེར་གྱི་རིན་གོང་གནད་དོན་འགའ་ཞིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་ཆེད། སྡེ་ཁག་གི་རིན་གོང་རིག་པར་ད་དུང་ཞིབ་བགོས་བྱས་ཆོག་པ་དཔེར་ན། བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པ་དེ་སྔོག་འདོན་སྡེ་ཁག་གི་ཐོན་རྫས་རིན་གོང་རིག་པ་དང་། ལས་སྣོན་བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིག་པ། ནུས་ཁུངས་ཐོན་རྫས་ཀྱི་རིན་གོང་རིག་པ། གཏེར་ཁའི་ཐོན་རྫས་ཀྱི་རིན་གོང་རིག་པ། ལྕགས་བཞུའི་ཐོན་རྫས་ཀྱི་རིན་གོང་རིག་པ། འཕྲུལ་ཆས་ཐོན་རྫས་ཀྱི་རིན་གོང་རིག་པ། འཁལ་འཐག་ཐོན་རྫས་ཀྱི་རིན་གོང་རིག་པ་སོགས་སུ་དབྱེ་ཆོག