མཉམ་ལས་དཔལ་འབྱོར།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-15 10:27ལ་འགྲུབ།

མཉམ་ལས་དཔལ་འབྱོར།

མཉམ་ལས་དཔལ་འབྱོར།
མཉམ་ལས་དཔལ་འབྱོར་ནི་སྤྱི་ཚོགས་དཔལ་འབྱོར་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་རྒྱས་བྱུང་སྟེ། ངལ་རྩོལ་པས་རང་མོས་ཀྱིས་མ་རྐང་བཞག་ནས་མཉམ་འབྲེལ་བྱས་ནས་དམངས་གཙོའི་དོ་དམ་ལག་བསྟར་བྱས་ཏེ། ཞབས་ཞུ་དང་ཁེ་ཕན་ཐོབ་པའི་མཉམ་ལས་ཁོངས་མི་སྒེར་ལ་དབང་བ་དང་མཉམ་ལས་ཁོངས་མི་ཐུན་མོང་ལ་དབང་བ་ཟུང་འབྲེལ་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན། རང་མོས་དང་དམངས་གཙོ། གཉིས་ཕན། ཁེ་ཕན་ལྟ་སྐྱོང་བྱེད་མཁན་བཅས་དང་བདག་པོ་རྣམས་ཕན་ཚུན་གཅིག་གྱུར་ཡིན་པའི་མཉམ་ལས་དཔལ་འབྱོར་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་ནང་ཐུན་མོང་གི་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། མཉམ་ལས་ཁང་ནི་མཉམ་ལས་དཔལ་འབྱོར་གྱི་འབྲེལ་བ་དེ་རིགས་ཀྱི་རྩ་འཛུགས་ཀྱི་རྣམ་པ་དཔེར་འོས་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
合作经济
རིགས་དབྱེ།
དཔལ་འབྱོར་གྱི་རྣམ་པ།
ཁྱད་ཆོས་གཙོ་བོ།
ནང་ཞུགས་རང་མོས་དང་ཕྱིར་འབུད་རང་དབང་ཡིན་པ།
ལེགས་ཆ་གཙོ་བོ།
ཐོན་དབང་འབྲེལ་བ་གསལ་པོ་ཡིན་པ།
1 ​ཁྱད་ཆོས།

དང་པོ། མཉམ་ལས་ཁང་དུ་ཞུགས་རྒྱུ་རང་མོས་ཡིན་པ་དང་། མཉམ་ལས་ཁང་ནས་ཕྱིར་འཐེན་རྒྱུ་རང་དབང་ཡིན།

གཉིས་པ། ཁོངས་མི་རྣམས་ཀྱིས་ཐུན་མོང་དུ་མ་དངུལ་བཏང་ནས་འཛུགས་གཉེར་བྱེད་པར་དེའི་རྒྱུ་ནོར་རྣམས་མི་སྒེར་ལ་གཏོགས་ཆོག་ལ། ཐུན་མོང་ལ་གཏོགས་ཀྱང་ཆོག་ལ། ཁག་གཅིག་མི་སྒེར་དང་ཆ་ཤས་ཐུན་མོང་ལ་གཏོགས་ཀྱང་ཆོག

གསུམ་པ། དོ་དམ་དམངས་གཙོ་ཡིན་པ་དང་དེའི་འགོ་ཁྲིད་ནི་ཁོངས་མི་རྣམས་ཀྱིས་འདེམས་བསྐོ་བྱས་ནས་ཐོན་པ་ཡིན་ལ། དོན་དག་གལ་ཆེན་གྱི་རིགས་རྣམས་ཁོངས་མི་རྣམས་ཀྱིས་གྲོས་བསྡུར་བྱས་ནས་ཐག་གཅོད་རྒྱུ་དང་མི་རེར་འདེམས་ཤོག་རེ་སྤྲོད་དགོས།

བཞི་པ། མཉམ་ལས་ཁང་གི་དམིགས་ཡུལ་ནི་ཁོངས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་། ཞབས་ཞུའི་དམིགས་ཡུལ་དང་ཚོང་རའི་དཔལ་འབྱོར་གྱི་རྩ་དོན་དང་ཕན་འབྲས་ཀྱི་རྩ་དོན་གཉིས་གཅིག་གྱུར་བྱེད་རྒྱུ་དེ་ཡིན།

ལྔ་པ། རིགས་དབྱེ་སྣ་མང་ཅན་ཡིན་པ།

དྲུག་པ། མཉམ་ལས་ཁང་གི་ཁེ་ལྷག་ཁོངས་མི་ཡོངས་ལ་དབང་བ་ཡིན། དེའི་བགོ་བཤའ་རྒྱག་སྟངས་ནི་གཅིག་ནས་མ་རྐང་གི་གྲངས་འབོར་ལྟར་སྐྱེད་ཀ་སྤྲོད་དགོས་པ་དང་། གཉིས་ནི་ཁོངས་མི་རྣམས་ཀྱིས་མཉམ་ལས་ཁང་བེད་སྤྱོད་བྱས་ཚུལ་ལྟར་བགོ་བཤའ་རྒྱག་དགོས་ཤིང་། ཁོངས་མི་དང་མཉམ་ལས་ཁང་གི་ཉོ་ཚོང་བྱེད་ཚད་ཇི་ཙམ་ཆེ་ན། ཐོབ་པའི་ཁེ་སྤོགས་དེ་ཙམ་གྱིས་མང་བ་ཡོད། མཉམ་ལས་དཔལ་འབྱོར་ནི་ཐུན་མོང་དཔལ་འབྱོར་མངོན་འགྱུར་བྱེད་སྟངས་ནུས་ལྡན་ཞིག་ཡིན།

2 དགེ་མཚན།

དང་པོ། རྒྱུ་ནོར་བདག་དབང་གི་འབྲེལ་བ་གསལ་པོ་ཡིན་པ། 

གཉིས་པ། མི་སྒེར་དང་ཁྱིམ་ཚང་གི་ཚད་བཀག་རང་བཞིན་ལས་བརྒལ་ཡོད་དེ། ཐོན་སྐྱེད་ཁྱབ་ཁོངས་ཀྱི་རོགས་རེས་མཉམ་ལས་དེ་ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་དང་དཔལ་འབྱོར་གྱི་ཕན་འབྲས་མཐོ་རུ་གཏོང་བར་ཕན་པ་དང་། འགྲོ་རྒྱུག་ཁྱབ་ཁོངས་ཀྱི་རོགས་རེས་མཉམ་ལས་དེ་འགྲོ་རྒྱུག་ལྷུ་ཚིགས་ཉུང་དུ་གཏོང་བ་དང་འགྲོ་རྒྱུག་འགྲོ་གྲོན་གྲོན་ཆུང་བྱེད་པར་ཕན་ཐོགས་ཡོད། 

གསུམ་པ། དེའི་ནང་ཁུལ་དུ་མ་རྩ་དང་ངལ་རྩོལ་ནུས་ཤུགས་བར་གྱི་འགལ་ཟླ་མེད་ཅིང་། ཁོངས་མི་སྒེར་གྱི་ཁེ་ཕན་དང་ཐུན་མོང་གི་ཁེ་ཕན་མཉམ་དུ་འདུས་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད།

3 དཔལ་འབྱོར་གཞུང་ལུགས།

མར་ཁེ་སི་དང་ཨེན་ཀེ་སིའི་མཉམ་ལས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས།

མར་ཁེ་སིའི་རིང་ལུགས་ཀྱི་མཉམ་ལས་དཔལ་འབྱོར་སྐོར་གྱི་རིགས་པའི་གཞུང་ལུགས་ནི་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་མཉམ་ལས་བསམ་བློར་དགག་རྒྱག་དང་རྒྱུན་འཛིན་བྱས་པ་ཞིག་དང་། དེ་བཞིན་མཉམ་ལས་ཁང་གི་ལེགས་བཅོས་རིང་ལུགས་འདྲ་མིན་སྣ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་ཐོན་སྐྱེད་མཉམ་ལས་ལ་དོ་སྣང་ཆེན་པོ་བྱེད་པའི་སྲོལ་རྒྱུན་ཡོད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་མཉམ་ལས་ཁང་ནི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་བསྒྱུར་བཀོད་བྱེད་པའི་སྤྱི་ཚོགས་ཀྱི་ཡོ་བྱད་ཡིན་པའི་སྐོར་གྱི་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཛིན་གནང་ནས་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མཉམ་ལས་ཁང་གི་ལས་འགུལ་ལ་རང་སོར་འཇོག་པའི་ཁས་ལེན་གྱི་རྣམ་འགྱུར་བཟུང་ཡོད་པ་རེད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མཉམ་ལས་བཟོ་གྲྭར་ཧ་ཅང་གོང་བཀུར་གནང་བ་སྟེ། དེ་ནི་མ་རྩའི་བདག་དབང་ཧུར་བརྩོན་ཆེན་པོས་དོར་བ་ཞིག་ཡིན་པ་མ་ཟད། རྣམ་པ་རྙིང་པའི་ནང་ནས་རྣམ་པ་རྙིང་པ་ཕྱེ་བའི་ཁ་དང་པོ་ཡིན་ལ། དེས་མ་རྩ་རིང་ལུགས་ལམ་ལུགས་ཀྱི་རྨང་གཞིར་གཡོ་འགུལ་གཏོང་བཞིན་ཡོད་ལ། མཉམ་ལས་ཉོ་ཚོང་སོགས་རྣམ་པ་གཞན་དག་གི་མཉམ་ལས་དེ་མ་རྩའི་རིང་ལུགས་ལམ་ལུགས་ཀྱི་ཕྱི་རིམ་ལ་མ་གཏོགས་རེག་གི་མེད་པར་ངོས་འཛིན་བྱེད། དུས་མཚུངས་སུ་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་མ་རྩ་རིང་ལུགས་ཀྱི་ཆ་རྐྱེན་འོག་གི་མཉམ་ལས་ཁང་གི་ལས་འགུལ་ལ་བཀག་རྒྱའི་རང་བཞིན་ལྡན་པ་དང་། དེས་རང་ཤུགས་སྒོས་ད་ཡོད་ཀྱི་སྤྱི་ཚོགས་དེ་སྤྱི་ཚོགས་རིང་ལུགས་སུ་གཏན་ནས་འཁྲིད་མི་སྲིད་པའི་ངོས་འཛིན་གནང་བ་རེད། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་ཐོན་སྐྱེད་མཉམ་ལས་ཁང་ནི་མ་རྩ་རིང་ལུགས་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད།   

ལེ་ཉིན་དང་སི་ཏཱ་ལིན་གྱི་མཉམ་ལས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས།

ལེ་ཉིན་གྱིས་མར་ཁེ་སི་དང་ཨེན་ཀེ་སིའི་མཉམ་ལས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཡོད། ལེ་ཉིན་གྱིས་ལག་ལེན་གྱི་བར་ཆད་ཁྲོད་ནས་མཉམ་ལས་དཔལ་འབྱོར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གནང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་མཉམ་ལས་ཁང་གི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཡིན་ཞེས་གསུངས་ཡོད། ལེ་ཉིན་གྱིས་འགྲོ་རྒྱུག་ཁྱབ་ཁོངས་ཀྱི་མཉམ་ལས་ཁང་ལ་སླར་ཡང་ངོས་འཛིན་བྱས་ཏེ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་འདོད་ཚུལ་བཏོན། སྤྱི་ལོ1923ལོར་ལེ་ཉིན་གྱིས་ནད་ཁྲིའི་སྟེང་ངག་ཐོག་ནས་བརྩམས་གནང་བའི《མཉམ་ལས་ལམ་ལུགས་སྨྲ་བ》ཞེས་པའི་བརྩམས་ཆོས་ཁྲོད་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ཆ་རྐྱེན་འོག་མཉམ་ལས་ཁང་ནི་ཐུན་མོང་གི་མ་རྩ་རིང་ལུགས་ཡིན་པ་དང་། སྒེར་གྱི་མ་རྩ་རིང་ལུགས་ཀྱི་འོག་ཏུ་མཉམ་ལས་ཁེ་ལས་དང་མ་རྩ་རིང་ལུགས་ཀྱི་ཁེ་ལས་མི་འདྲ་བ་དང་། སྔ་མ་ནི་ཐུན་མོང་གི་ཁེ་ལས་ཡིན་པ་དང་ཕྱི་མ་ནི་སྒེར་གྱི་ཁེ་ལས་ཡིན་ཞེས་བསྟན་ཡོད། 

སི་ཏཱ་ལིན་གྱིས་ལེ་ཉིན་གྱི་མཉམ་ལས་བྱ་གཞག་རྒྱུན་འཛིན་གནང་བ་དང་། ཐུན་མོང་གི་ཞིང་ཁྱིམ་ལམ་ལུགས་ལ་བརྟེན་ནས་ཞིང་པ་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་འཁྲིད་གནང་བ་རེད། འོན་ཀྱང་སི་ཏཱ་ལིན་གྱིས་ཐོན་སྐྱེད་མཉམ་ལས་ལ་མཐོང་ཆེན་དང་འཁོར་རྒྱུག་མཉམ་ལས་ལ་སྣང་ཆུང་བྱས་པ་རེད། དེ་ཡང་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཨང་དང་པོ་ཡིན་པའི་ངོད་ཐད་ནས་སི་ཏཱ་ལིན་གྱི་ཞིང་ལས་ཐུན་མོང་ཅན་གྱི་དཔེ་དབྱིབས་ཀྱིས་རྗེས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་ཅན་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཐེབས་པ་རེད།  

4 འབྲེལ་ཡོད་ལམ་ལུགས།

མཉམ་ལས་ཁང་རབས་གསར་པའི་ལམ་ལུགས་ཀྱི་ཁྱད་ཆོས།

ཞིང་ལས་ནི་མཉམ་ལས་དཔལ་འབྱོར་འཁྲུག་ཆ་དོད་ཤོས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་ངོ20ཡས་མས་ཀྱི་དུས་ཚོད་ནང་། རབས་གསར་པའི་མཉམ་ལས་ཁང་ཞེས་སུ་འབོད་པའི་མཉམ་ལས་ཁང་དཔེ་གསར་ཞིག་ལ་ཨ་རི་དང་དེ་རྗེས་ཁ་ན་ཏ་རུ་སྔར་མེད་གྱི་འཕེལ་རྒྱས་བྱུང་། ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ1999ལོར་རབས་གསར་པའི་མཉམ་ལས་ཁང་གི་རྒྱུ་ནོར་ཨ་སྒོར་དུང་ཕྱུར20ལས་བརྒལ་ཡོད། རབས་གསར་པའི་མཉམ་ལས་ཁང་ཞེས་པ་དེ་ཅི་ཞིག་ཡིན་ནམ། རབས་གསར་པའི་མཉམ་ལས་ཁང་ཞེས་པའི་ཐ་སྙད་དེ་ནི་འདས་ཟིན་པའི་ལོ་ངོ20ཙམ་གྱི་དུས་ཚོད་ནང་ཐོག་མར་ཨ་རིའི་པེ་ཏཱ་ཁུ་ཐཱ་མངའ་སྡེ་དང་མིང་ཉི་སུའུ་ཏཱ་མངའ་སྡེ་རུ་བྱུང་བ་དང་། དེ་རྗེས་ཉེ་འཁོར་གྱི་མངའ་སྡེ་གཞན་དག་དང་ཁ་ན་ཏར་འཕེལ་རྒྱས་བྱུང་བའི་ཞིང་ལས་ཐོན་རྫས་ལས་སྣོན་སྐྱེ་འཕེལ་དང་བཀག་སྡོམ་ཁོངས་མིའི་ལམ་ལུགས་ལག་བསྟར་བྱེད་པའི་མཉམ་ལས་ཁང་ཉིས་བརྒྱ་ལྷག་གི་མིང་དུ་འཕེལ་རྒྱས་བྱུང་བ་རེད། མཉམ་ལས་ཁང་དེ་རིགས་ཐོག་མར་དམིགས་བསལ་གྱི་ཞིང་ལས་ཐོན་རྫས་ཁ་ཤས་ཐོན་སྐྱེད་བྱེད་པར་མངོན་པ་སྟེ། དཔེར་ནbison(མེ་གླིང་བྱང་མའི་སྲོག་ཆགས་ཤིག)དང་ཉTilapia བཟའ་ཆོག་པའི་སྲན་མ། དམིགས་བསལ་གྱི་ཕྱུར་བ་ལྟ་བུ། རྗེས་སུ་འབྲུ་རིགས་དང་འོ་བཟོས་ཐོན་རྫས་སོགས་སྤྱིར་བཏང་གི་ཞིང་ལས་ཐོན་རྫས་སུ་འཕེལ་རྒྱས་བྱུང་ཡོད། ཁ་ན་ཏ་རུ་རབས་གསར་པའི་མཉམ་ལས་ཁང་གི་གྲངས་འབོར་མང་པོ་མེད་ཀྱང་མངའ་སྡེ་སོ་སོར་ཁྱབ་ཡོད་པ་རེད།

སྲོལ་རྒྱུན་མཉམ་ལས་ཁང་གིས་ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་རྒྱ་ཁྱབ་ཀྱི་ཞབས་ཞུའི་ནང་དོན་དང་བསྡུར་ན། རབས་གསར་པའི་མཉམ་ལས་ཁང་གི་ཁྱད་པར་ཧ་ཅང་ཆེན་པོ་ཞིག་ནི་དེས་གཉེར་སྐྱོང་བྱས་པའི་ཐོན་རྫས་སྣ་གཅིག་ཡིན་པ་དེ་རེད། སྲོལ་རྒྱུན་གྱི་མཉམ་ལས་ཁང་གིས་གཙོ་བོ་ཁོངས་མི་ཚོའི་ཞབས་ཞུའི་དགོས་མཁོ་སྐོང་གི་ཡོད་པ་དང་། མཉམ་ལས་ཁང་ནི་མཉམ་ལས་ཁང་གི་ཁོངས་མིའི་མཛོད་ཁང་དང་འདྲ་བར་ཁོངས་མི་ཚོས་ཐོན་སྐྱེད་བྱས་པའི་དམའ་རིམ་གྱི་ཞིང་ལས་ཐོན་རྫས་སྣ་ཚོགས་ཚང་མ་མཉམ་ལས་ཁང་ལ་སྤྲད་དེ་མཉམ་ལས་ཁང་གིས་ལས་སྣོན་དང་ཕྱིར་འཚོང་བྱེད་ཀྱི་ཡོད། རབས་གསར་པའི་མཉམ་ལས་ཁང་གིས་སྤྱིར་བཏང་དུ་ཞིང་ལས་ཐོན་རྫས་གཅིག་ཁོ་ན་གཉེར་སྐྱོང་བྱེད་པ་དང་། སྔོན་ལ་ཁོངས་མི་དང་གྲོས་མོལ་བྱས་པའི་དམིགས་བསལ་གྱི་གྲངས་འབོར་དང་རིགས་སྣ་ཡོད་པའི་ཞིང་ལས་ཐོན་རྫས་ཁོ་ན་དང་ལེན་བྱེད་པ་དང་། དེ་ནས་ལས་སྣོན་དང་ཕྱིར་འཚོང་བྱས་ཏེ་དེའི་རིན་ཐང་འཕར་བ་མ་ཟད། ཁོངས་མི་རྣམས་ལ་གནས་ཐང་འཕར་བའི་ཡོང་འབབ་ལོངས་སུ་སྤྱོད་དུ་འཇུག་དགོས། དེར་བརྟེན་རབས་གསར་པའི་མཉམ་ལས་ཁང་ནི་ལས་སྣོན་རིན་ཐང་འཕར་སྣོན་གྱི་ཁ་ཕྱོགས་སམ་ཡང་ན་མ་འཇོག་དང་ཁེ་སྤོགས་ཀྱི་ཁ་ཕྱོགས་ཡིན་པ་ལས་སྲོལ་རྒྱུན་མཉམ་ལས་ཁང་གི་ཞབས་ཞུའི་ཁ་ཕྱོགས་མིན།

མཉམ་ལས་ཁང་རབས་གསར་པའི་ལམ་ལུགས་གསར་གཏོད།

ཐོག་མར་རབས་གསར་པའི་མཉམ་ལས་ཁང་གིས་མཉམ་ལས་ཁང་གི་བདག་པོ་དང་གཟིགས་སྐྱོང་བྱེད་མཁན་གཅིག་གྱུར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད་མོད། འོན་ཀྱང་ཁོངས་མིའི་ཐོབ་ཐང་ལ་ཚོད་འཛིན་ཐེབས་ཡོད་པས་མི་སྒེར་གྱིས་ངེས་པར་དུ་ཉོ་ཚོང་དབང་ཆ་ཉོས་པ་བརྒྱུད་གཞི་ནས་མཉམ་ལས་ཁང་གི་ཁོངས་མིར་འགྱུར་ཐུབ། མཉམ་ལས་ཁང་ཞིག་གི་ཉོ་ཚོང་བསྡོམས་འབོར་དེ་མཉམ་ལས་ཁང་གིས་ཇུས་འགོད་བྱས་པའི་ལས་སྣོན་ནུས་པ་དང་དེ་བཞིན་དེ་མཚུངས་ཀྱི་མ་དངུལ་འཇོག་གྲངས་བསྡོམས་འབོར་ལ་རག་ལས་ཡོད་པ་དང་། དེ་ནས་ཁོངས་མི་སྒེར་གྱི་ཉོ་ཚོང་བྱེད་ཚད་མཐོ་ཤོས་དང་དམའ་ཤོས་ཀྱི་ཚོད་འཛིན་ལ་བསམ་གཞིགས་བྱེད་ཀྱི་ཡོད། དེར་བརྟེན་ཞུགས་འདོད་ཡོད་པའི་མི་ཚང་མ་ཞུགས་ཆོག་པ་མིན། འོན་ཀྱང་ཁོངས་མི་སྒེར་གྱི་ཉོ་ཚོང་བྱེད་དབང་བརྒྱུད་སྤྲོད་དང་ཉོ་ཚོང་བྱས་ཆོག་པ་དང་། མི་གཞན་དག་གིས་ཉོ་ཚོང་བྱེད་དབང་ཉོ་ཚོང་དང་བརྒྱུད་སྤྲོད་བྱས་པ་བརྒྱུད་ཁོངས་མི་རུ་གྱུར་ཆོག ཉོ་ཚོང་དབང་ཆ་ཉོས་པ་དེས་མཉམ་ལས་ཁང་གི་མ་དངུལ་དགོས་མཁོ་འགན་ལེན་བྱས་པ་དང་། ཁོངས་མིས་མཉམ་ལས་ཁང་གི་བེད་སྤྱོད་དང་མ་དངུལ་འཇོག་པ་ཟུང་འབྲེལ་བྱས་ཤིང་། དེ་དང་ཆབས་ཅིག་མཉམ་ལས་ཁང་དུ་ཞུགས་པར་རིན་དོད་ཡོད་སྟབས་ཁོངས་མི་རྣམས་ཀྱིས་མཉམ་ལས་ཁང་ལ་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་ཐུབ།   

གཉིས་པ། རབས་གསར་པའི་མཉམ་ལས་ཁང་གིས་ཁོངས་མིར་ཞབས་འདེགས་ཞུ་བའི་གསུང་རབ་ཀྱི་མཚན་ཉིད་རྒྱུན་འཁྱོངས་བྱས་ཡོད་མོད། འོན་ཀྱང་དེས་དབང་ཆ་དང་འོས་འགན་དེ་ཕྱོགས་གཉིས་སུ་བསྒྱུར་ཡོད། རབས་གསར་པའི་མཉམ་ལས་ཁང་གི་ཁོངས་མིས་ཉོ་ཚོང་དབང་ཆ་ཉོ་བ་ནི་མཉམ་ལས་ཁང་དང་གན་རྒྱ་ཞིག་བཞག་ནས་མཉམ་ལས་ཁང་དང་ཁོངས་མི་ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་གཏན་འབེབས་བྱས་པ་དེ་ཡིན་ལ། ཁོངས་མི་རྣམས་ཀྱིས་ངེས་པར་དུ་མཉམ་ལས་ཁང་ལ་གཏན་འབེབས་བྱས་པའི་གྲངས་འབོར་དང་སྤུས་ཚད་ཀྱི་མ་བཅོས་རྒྱུ་ཆ་ཞིང་ལས་ཐོན་རྫས་སྤྲོད་དགོས་པ་དང་། མཉམ་ལས་ཁང་གིས་ངེས་པར་དུ་ཁོངས་མིས་གན་རྒྱའི་གཏན་འབེབས་ལྟར་སྤྲད་པའི་དམིགས་བསལ་གྱི་གྲངས་འབོར་དང་སྤུས་ཚད་ཀྱི་མ་བཅོས་རྒྱུ་ཆ་དང་ཞིང་ལས་ཐོན་རྫས་དང་ལེན་བྱེད་དགོས་པ་དང་། ཁ་ཆད་དང་འགལ་ན་ཆད་པ་གཅོད་དགོས། བྱེད་སྟངས་དེ་རིགས་ཀྱིས་སྲོལ་རྒྱུན་མཉམ་ལས་ཁང་གི་ཁོངས་མིའི་ལམ་ལུགས་འོག་ཁོངས་མིའི་ཉོ་ཚོང་གྲངས་འབོར་ལ་ཚོད་འཛིན་མི་བྱེད་པ་ལས་བྱུང་བའི་མཉམ་ལས་ཁང་གི་གཞི་ཁྱོན་ཞན་པ་དང་དེ་བཞིན་ཐོན་སྐྱེད་ནུས་པ་དང་མཁོ་སྤྲོད་ལྷག་ཐལ་ཆེ་བར་སྔོན་འགོག་ནུས་ལྡན་བྱས་པ་མ་ཟད། ལས་སྣོན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱས་ཡོད། དེ་ནི་རབས་གསར་པའི་མཉམ་ལས་ཁང་ལ་ཁེ་སྤོགས་ཐོབ་པའི་འགན་ལེན་གལ་ཆེན་ཞིག་རེད།

གསུམ་པ། རབས་གསར་པའི་མཉམ་ལས་ཁང་གིས་མཉམ་ལས་ཁང་གི་མ་རྩའི་ཐོབ་ཆ་འོས་འཚམ་དང་གཟིགས་སྐྱོང་བྱེད་མཁན་གྱིས་ཕྱིར་སྤྲོད་པའི་གསུང་རབ་རྩ་དོན་མཐའ་འཁྱོངས་བྱས་ཡོད་མོད། འོན་ཀྱང་ཚོགས་མིའི་ཁེ་དབང་དང་མ་རྩའི་ཁེ་དབང་གཉིས་ཟུང་འབྲེལ་བྱུང་ཡོད། རབས་གསར་པའི་མཉམ་ལས་ཁང་གིས་མ་བཅོས་རྒྱུ་ཆ་དང་ཞིང་ལས་ཐོན་རྫས་ལས་སྣོན་བྱས་རྗེས་ཀྱི་རིན་ཐང་འཕར་བ་དེ་ཁོངས་མི་སྒེར་གྱི་ཉོ་ཚོང་གྲངས་འབོར་ལྟར་ཁོངས་མི་རྣམས་ལ་ཕྱིར་སྤྲོད་སྐབས། ཉོ་ཚོང་བྱེད་ཚད་དེ་ཁོངས་མིས་ཉོས་པ་ཞིག་ཡིན་ལ། ཁོངས་མིས་མ་དངུལ་བཏང་བ་ཞིག་ཀྱང་ཡིན་པས། དོན་དངོས་སུ་མ་དངུལ་བཏང་བ་ལྟར་མ་དངུལ་བཏང་བའི་ཐོབ་ཆ་ཐོབ་པ་ཞིག་རེད། འདིར་ཚོགས་མིའི་ཁེ་དབང་དང་མ་རྩའི་ཁེ་དབང་གཉིས་མཉམ་འབྲེལ་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མཉམ་ལས། དཔལ་འབྱོར། ལམ་ལུགས།