ཕྱུགས་ལས་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:42ལ་འགྲུབ།

ཕྱུགས་ལས་དཔལ་འབྱོར་རིག་པ།

ཕྱུགས་ལས་དཔལ་འབྱོར་རིག་པ།
ཕྱུགས་ལས་དཔལ་འབྱོར་རིག་པ་ནི་ཕྱུགས་ལས་སྡེ་ཁག་གི་ཐོན་སྐྱེད་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་བརྗེ་རེས་དང་བགོ་བཤའ། འཛད་སྤྱོད་སོགས་དཔལ་འབྱོར་བྱེད་སྒོ་དང་དཔལ་འབྱོར་འབྲེལ་བར་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ཞིང་། དེ་ནི་ཞིང་ལས་དཔལ་འབྱོར་རིག་པའི་ཁྲོད་ནས་ལོགས་སུ་ཕྱེ་བའི་དཔལ་འབྱོར་གྱི་རིག་ཚན་ཞིག་ཡིན། ཞིབ་འཇུག་གི་ནང་དོན་ལ་ཕྱུགས་ལས་ཁྲོད་ཀྱི་ཐོན་སྐྱེད་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་དང་ཕྱུགས་ལས་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཀྱི་ལུགས་མཐུན་རྩ་འཛུགས་དང་གསར་སྤེལ་བེད་སྤྱོད་ཀྱི་ཆོས་ཉིད་དང་དེའི་བཀོལ་སྤྱོད་བཅས་འདུས། ལས་འགན་ནི་ཕྱུགས་ལས་ཁྲོད་ཀྱི་ཐོན་སྐྱེད་འབྲེལ་བའི་གནད་དོན་དང་ལུགས་མཐུན་གྱིས་ཕྱུགས་ལས་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་སྤེལ་དང་བེད་སྤྱོད་བྱེད་པར་གཞུང་ལུགས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
畜牧业经济学
ཕྱི་ཡིག་གི་མིང་།
economics of animal husbandry
ཞིབ་འཇུག
ཕྱུགས་ལས་སྡེ་ཁག་ཁྲོད་ཀྱི་ཐོན་སྐྱེད།
རྣམ་པ་གཙོ་བོ།
འདེབས་འཛུགས་ལས་རིགས་དང་གཉེར་སྐྱོང་ཟུང་འབྲེལ།
1 ​རིག་ཚན་ངོ་སྤྲོད།

ཕྱུགས་ལས་ནི་ཞིང་ལས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། འདེབས་འཛུགས་ལས་རིགས་དང་ཟུང་འབྲེལ་གྱིས་གཉེར་སྐྱོང་བྱེད་པའི་རྣམ་པ་གཙོ་བོ་ཞིག་ཡིན་ལ། ཕྱུགས་ལས་དཔལ་འབྱོར་གྱི་སྔ་དུས་ཀྱི་ཞིབ་འཇུག་ཀྱང་འདེབས་འཛུགས་ལས་རིགས་དང་ཟུང་འབྲེལ་བྱེད་པའི་ནང་དོན་གཙོ་བོ་ཡིན། དེར་བརྟེན་ཕྱུགས་ལས་དཔལ་འབྱོར་གྱི་ཞིབ་འཇུག་ནི་དུས་ཡུན་རིང་པོར་ཞིང་ལས་དཔལ་འབྱོར་རིག་པའི་གྲུབ་ཆ་ཞིག་ཡིན། དེ་ཡང་ཞིང་ལས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཕྱུགས་ལས་དེ་འདེབས་འཛུགས་ལས་རིགས་ཀྱི་ཁོངས་སུ་གཏོགས་པའི་གོ་གནས་ནས་རང་ཚུགས་ཀྱི་ཐོན་སྐྱེད་སྡེ་ཁག་ཅིག་ཏུ་གྱུར་བ་དང་། ཕྱུགས་ལས་དཔལ་འབྱོར་ཞིབ་འཇུག་གི་ནང་དོན་ཡང་རྒྱ་ཇེ་ཆེ་ཞིང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། དེའི་འཕེལ་ཕྱོགས་ནི་གཅིག་ནས་མུ་མཐུད་དུ་ཞིང་ལས་དཔལ་འབྱོར་རིག་པའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་གནས་པ་དང་། གཉིས་ནས་ཞིང་ལས་དཔལ་འབྱོར་རིག་པའི་ཁྲོད་ནས་ཁ་གྱེས་ཏེ་རང་ཚུགས་ཀྱི་རིག་ཚན་དུ་གྱུར་པ་དེ་རེད།

2 རིག་ཚན་གཞན་དག་བར་གྱི་འབྲེལ་བ།

ཕྱུགས་ལས་ཀྱི་ནང་ཁུལ་གྱི་སྡེ་ཁག་སོ་སོའི་བར་དུ་ཁྱད་པར་མངོན་གསལ་ཡོད་དེ། ཕྱུགས་ལས་དཔལ་འབྱོར་རིག་པས་སྡེ་ཁག་སོ་སོའི་ཐུན་མོང་རང་བཞིན་ལ་ཞིབ་འཇུག་བྱ་དགོས་ལ། སྡེ་ཁག་སོ་སོའི་དཔལ་འབྱོར་གྱི་ཁྱད་ཆོས་ལའང་ཞིབ་འཇུག་བྱ་དགོས། ཕྱུགས་ལས་དཔལ་འབྱོར་རིག་པ་ནི་རིག་ཚན་མང་པོ་དང་འབྲེལ་བ་ཡོད་དེ། དེས་ཆབ་སྲིད་དཔལ་འབྱོར་རིག་པ་དང་ཞིང་ལས་དཔལ་འབྱོར་རིག་པའི་གཞུང་ལུགས་རྨང་གཞིར་བྱས་ཡོད་པ་མ་ཟད། ཕྱུགས་ལས་ཕྱོགས་ཀྱི་རང་བྱུང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད། གཞན་ཡང་དེ་ད་དུང་ཞིང་ལས་གཉེར་སྐྱོང་དོ་དམ་རིག་པ་དང་ཞིང་ལས་ལག་རྩལ་དཔལ་འབྱོར་རིག་པ་དང་ཡང་འབྲེལ་བ་ཡོད།

ཀྲུང་གོའི་ཕྱུགས་ལས་དཔལ་འབྱོར་རིག་པ་ད་དུང་ཐོག་མའི་གསར་གཏོད་ཀྱི་དུས་རིམ་དུ་གནས་ཡོད་ཅིང་། དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་མུ་མཐུད་དུ་ཀྲུང་གོའི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་ཉམས་མྱོང་དང་། ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་གསོག་འཇོག་བྱས་པའི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། ཕྱི་རྒྱལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ་དང་། ཕྱུགས་ལས་ཀྱི་སྤྱི་ཁོག་དང་བྱེ་བྲག་དཔལ་འབྱོར་དོ་དམ་དང་ཕྱུགས་ལས་དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་བར་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དེ་རེད།

3 ཞིབ་འཇུག་གི་ནང་དོན།

ཀྲུང་གོ་རུ་ཕྱུགས་ལས་དཔལ་འབྱོར་ཞིབ་འཇུག་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དར་བ་ནི་དུས་རབས20པའི་ལོ་རབས70པའི་དུས་མཇུག་ནས་འགོ་ཚུགས་ཡོད། ནང་དོན་གཙོ་བོ་ནི།

གཅིག ཕྱུགས་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས།

ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་གི་ཕྱུགས་ལས་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་ལ་ཞིབ་འཇུག་བྱེད་པ་དང་། ས་ཁུལ་མི་འདྲ་བའི་ཆ་རྐྱེན་འོག་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁྱད་པར་ལ་ཞིབ་འཇུག་བྱེད་དགོས། 

གཉིས། ཕྱུགས་ལས་ཀྱི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་གོ་གནས།

བེད་སྤྱོད་རིན་ཐང་དང་རིན་ཐང་། ཐོན་ལས་གྲུབ་ཚུལ། རྒྱལ་དམངས་ཡོང་འབབ། ངལ་རྩོལ་ལས་ཞུགས། ཐོན་ཁུངས་བེད་སྤྱོད། སྐྱེ་ཁམས་དོ་མཉམ། རྒྱལ་སྤྱིའི་ཉོ་ཚོང་སོགས་ཀྱི་ཐད་ནས་དེའི་དཔལ་འབྱོར་གོ་གནས་ལ་ཞིབ་འཇུག་བྱེད་དགོས།

གསུམ། ཕྱུགས་ལས་དཔལ་འབྱོར་གྱི་ཕན་འབྲས། 

ཕྱུགས་ལས་དཔལ་འབྱོར་གྱི་ཕན་འབྲས་ཀྱི་དམིགས་ཚད་མ་ལག་དང་བྱེད་ཐབས་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དང་ཕན་འབྲས་མཐོར་འདེགས་ཀྱི་ཐབས་ལམ་ལ་ཞིབ་འཇུག་བྱེད་དགོས།

བཞི། ཕྱུགས་ལས་དཔལ་འབྱོར་གྱི་སྒྲིག་གཞི།

ཕྱུགས་ལས་དཔལ་འབྱོར་སྒྲིག་གཞིའི་རིགས་དབྱེ་དང་དེས་ཕྱུགས་ལས་ཀྱི་ནུས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཕྱུགས་ལས་ཀྱི་དཔལ་འབྱོར་རྣམ་པ་སྣ་ཚོགས། ཕྱུགས་ལས་ཆེད་ལས་ཅན། ཕྱུགས་ལས་ཞབས་ཞུའི་མ་ལག་སོགས་ལ་ཞིབ་འཇུག་བྱེད་དགོས།

ལྔ། ཕྱུགས་ལས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད།

དེའི་ནང་ཐོན་ཁུངས་གསར་འབྱེད་དང་བེད་སྤྱོད་བྱེད་ཕྱོགས། གཙོ་གནད། རྣམ་པ། ཕན་འབྲས་བཅས་ཀྱི་གདེང་འཇོག་ཚུད་ཡོད།

དྲུག ཕྱུགས་ལས་སྐྱེ་ཁམས་དཔལ་འབྱོར།

དེའི་ཁོངས་སུ་ཕྱུགས་ལས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་དང་ཞིང་ལས་སྐྱེ་ཁམས་མ་ལག་ཁྲོད་ཀྱི་གོ་གནས་དང་། ཕྱུགས་ལས་དང་འདེབས་འཛུགས་ལས་རིགས་ཟུང་འབྲེལ། ཕྱུགས་ལས་དང་སྣ་མང་ཐོན་སྐྱེད་སྡེ་ཁག་ཟུང་འབྲེལ་བཅས་བྱས་ཏེ། སྐྱེ་ཁམས་དཔལ་འབྱོར་གྱི་རྩ་བའི་རིགས་པ་ལྟར་ཕྱུགས་ལས་ཐོན་སྐྱེད་སྒྲིག་འཛུགས་བྱེད་དགོས་པ་བཅས་ཀྱི་ནང་དོན་ཚུད་ཡོད། 

བདུན། གཟན་ཆས་དཔལ་འབྱོར།

དེའི་ཁོངས་སུ་གཟན་ཆས་ཀྱི་ཕྱུགས་ལས་ཁྲོད་ཀྱི་གོ་གནས་དང་། གཟན་ཆས་ཀྱི་དཔལ་འབྱོར་ཁྱད་ཆོས། གཟན་ཆས་ཀྱི་འབྱུང་ཁུངས་རྒྱ་སྐྱེད་ཐབས་ལམ། གཟན་ཆས་སྡེབ་སྦྱོར་ཅན་དང་བཟོ་ལས་ཅན། གཟན་ཆས་མཁོ་སྤྲོད་ལམ་ལུགས། གཟན་ཆས་ཀྱི་དཔལ་འབྱོར་གདེང་འཇོག་བཅས་ཚུད་ཡོད།

བརྒྱད། ཕྱུགས་ལས་ཀྱི་སྒྲིག་གཞི།

དེའི་ནང་ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་དང་རིགས་རྒྱུད་ཀྱི་གྲུབ་ཚུལ། ཕྱུགས་ཁྱུའི་གྲུབ་ཚུལ། ཕྱུགས་ལས་ཐོན་རྫས་ཀྱི་གྲུབ་ཚུལ་བཅས་ཕྱུགས་ལས་ཀྱི་གྲུབ་ཚུལ་ཐག་གཅོད་པའི་རྒྱུ་རྐྱེན་ཚུད་ཡོད། 

དགུ། ཕྱུགས་ལས་སྒྲིག་བཀོད།

དེའི་ནང་དུ་སྒྲིག་བཀོད་ཀྱི་རྩ་བའི་རིགས་པ་དང་རྩ་དོན། སྒྲིག་བཀོད་ཀྱི་ད་ལྟའི་གནས་ཚུལ་ཀྱི་དབྱེ་ཞིབ། སྒྲིག་བཀོད་ལེགས་སྒྲིག་བྱེད་པའི་ཐབས་ལམ་དང་བྱེད་ཐབས་བཅས་འདུས།

བཅུ། ཕྱུགས་ལས་གསོ་སྐྱོང་བྱེད་སྟངས་དང་གསོ་སྐྱོང་འཆར་གཞིའི་གདེང་འཇོག་དང་གདམ་ཀ།

དཔལ་འབྱོར་ལུགས་མཐུན་རང་བཞིན་དང་ཐོན་སྐྱེད་བྱེད་ཐུབ་མིན་གྱི་དབྱེ་ཞིབ་ཚུད་ཡོད།          

4 དོན་སྙིང་།

ཕྱུགས་ལས་ནི་འདེབས་འཛུགས་ལས་རིགས་རྨང་གཞིར་བྱེད་པའི་ཐོན་ལས་གཉིས་པ་ཡིན་པ་དང་། ཕྱུགས་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་གཏན་འཁེལ་བྱས་པའི་འབྲུ་རིགས་ཐོན་སྐྱེད་ཁུལ་གྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཕྱུགས་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་ནི་ཕྱུགས་ལས་དེ་ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་ཤིག་ཏུ་གཏན་འཁེལ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཕྱུགས་ལས་ཀྱི་བཀོད་པ་རྟེན་གཞི་ཅན་དང་ཐོན་སྐྱེད་ཆེད་ལས་ཅན། གཉེར་སྐྱོང་ཐོན་ལས་ཅན། ཞབས་ཞུ་སྤྱི་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། རིམ་བཞིན་ཕྱུགས་ལས་དེང་རབས་ཅན་མངོན་འགྱུར་བྱས་ཏེ། ཕྱུགས་ལས་དེ་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་སྣོན། གྲོང་གསེབ་ཀྱི་འབྱོར་འབྲིང་འཛུགས་སྐྲུན་བཅས་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་པ་དེ་རེད།

གཙོ་ཁྲིད་ཐོན་ལས་ཀྱི་ལེགས་ཆ་འབུར་དུ་ཐོན་པར་བྱེད་དགོས།

ལས་རིགས་གཙོ་བོ་དང་ལས་རིགས་མང་བའི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ནས་ལེགས་ཆ་གཙོ་བོའི་ཐོན་ལས་འབུར་ཐོན་ཡོང་བ་བྱེད་དགོས། དེང་རབས་ཀྱི་ཕྱུགས་ལས་ནི་སྡེབ་སྒྲིག་ཐོན་ལས་མང་པོ་ཞིག་ཡིན་པ་དང་། འཕྲེད་ཕྱོགས་ཀྱི་ཐོན་ལས་འབྲེལ་བར་དབྱེ་ཞིབ་བྱས་ན། ཕྱུགས་ལས་ནི་འོ་མའི་ཐོན་ལས་དང་ཤ་རིགས་ཀྱི་ཐོན་ལས། སྒོ་ངའི་ཐོན་ལས་བཅས་ལས་གྲུབ་པ་དང་། ཤ་རིགས་ཀྱི་ཁྲོམ་རར་གྲངས་འབོར་ཆུང་བའི་བར་སྟོང་ཡོད་པས། གཙོ་བོ་ནོར་ལུག་གི་ཤའི་ཐོན་ལས་ལ་བགོ་བཤའ་རྒྱག་གི་ཡོད། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། ཀྲུང་གོའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་འདང་ངེས་ཡོད་པ་དང་ངལ་རྩོལ་འདུས་ཚད་ཆེ་བའི་ཕྱུགས་ལས་ལ་ལེགས་ཆ་ཆེ་ཙམ་ལྡན་ཡོད་མོད། འོན་ཀྱང་རྒྱལ་ནང་གི་ཕྱུགས་ལས་ཐོན་སྐྱེད་ཚད་ལྡན་ཅན་གྱི་ཚད་གཞི་དམའ་བ་དང་རྒྱལ་སྤྱིའི་ཁྲོམ་ར་དང་འབྲེལ་མཐུད་བྱ་རྒྱུར་དཀའ་ངལ་ངེས་ཅན་ཡོད་པས་དུས་སྐབས་ཤིག་རིང་དངོས་ཡོད་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ལེགས་ཆ་ཞན་པ་རེད།

སྒོ་ཕྱུགས་ཆེན་པོ་དང་སྒོ་ཕྱུགས་ཆུང་བ་གཉིས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ཏེ་གཙོ་བོ་སྒོ་ཕྱུགས་ཆེན་པོ་འཕེལ་རྒྱས་གཏོང་དགོས།

སྒོ་ཕྱུགས་ཆུང་བའི་གཟུགས་གཞི་ཅུང་ཆུང་ལ་ཕྲུ་གུ་མང་བའམ་སྒོང་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པས། སྐྱེ་འཕེལ་ནུས་པ་ཆེ་བ་དང་མ་དངུལ་འཇོག་པའི་གཞི་ཁྱོན་དམའ་བ། མ་དངུལ་འཇོག་པའི་དུས་འཁོར་ཐུང་བ། མགྱོགས་མྱུར་ངང་འཕར་སྣོན་ཡོང་ཐུབ་པ་རེད། སྒོ་ཕྱུགས་ཆེན་པོ་ནི་བ་གླང་དང་བོང་བུ། རྟ་སོགས་ལ་ཟེར་ཞིང་། དེའི་གཟུགས་གཞི་ཅུང་ཆེ་བ་དང་ཕྲུ་གུ་རྐྱང་བའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པས། སྐྱེ་འཕེལ་ནུས་པ་ཞན་པ་དང་མ་དངུལ་འཇོག་པའི་གཞི་ཁྱོན་ཆེ་བ། ཕན་འབྲས་ཐོན་པའི་དུས་འཁོར་རིང་བ། འཕར་ཚད་ཅུང་དལ་བ་བཅས་ཡིན། དེར་བརྟེན་སྒོ་ཕྱུགས་ཆེན་པོའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་དཀའ་ངལ་ཆེ་ཙམ་ཡོད་པ་དང་རྒྱུན་མཐུད་དུས་ཡུན་རིང་བས། སྒོ་ཕྱུགས་ཆེན་པོའི་གཞི་ཁྱོན་ཆེ་རུ་གཏོང་བའི་ལས་ཀ་སྔར་བཞིན་བྱེད་བཞིན་ཡོད།   

མི་ཤུགས་མ་རྩ་དམིགས་སུ་བཀར་ནས་མཐོ་རུ་གཏོང་བ།

མི་ཤུགས་དང་ཕྱུགས་ཤུགས་ཀྱི་འབྲེལ་བ་སྟངས་འཛིན་བྱས་ནས་མི་ཤུགས་མ་རྩ་གཙོ་གནད་དུ་བཟུང་ནས་མཐོ་རུ་གཏོང་དགོས། ཕྱུགས་ཤུགས་ནི་སྒོ་ཕྱུགས་དང་ཁྱིམ་བྱའི་གཞི་རྒྱུས་ཐག་གཅོད་བྱས་པའི་ཐོན་སྐྱེད་ནུས་ཤུགས་ཡིན། ཕྱུགས་ཤུགས་དང་བསྡུར་ན་མི་ཤུགས་དེ་བས་གལ་འགངས་ཆེ་བ་དང་འགག་རྩ་ནི་མི་ལ་ཐུག་ཡོད། མི་ཤུགས་ཞེས་པ་དེ་མདོར་བསྡུས་ནས་བཤད་ན་མིའི་ཤེས་ཡོན་དང་ལག་རྩལ། ཉམས་མྱོང་བཅས་ཀྱིས་ཐག་བཅད་པའི་ཐོན་སྐྱེད་ནུས་ཤུགས་ལ་ཟེར། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་མི་ཤུགས་མི་འདང་བ་ནི་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ཆེན་པོ་ཞིག་རེད། མི་ཤུགས་མི་འདང་བ་དེའང་ཕྱུགས་ལས་ཁུལ་ཆེན་མོར་འཕྲད་པའི་གནད་དོན་ཆེན་པོ་ཞིག་རེད། 

གཅིག་སྡུད་ཐོན་ཁུལ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས།

གཅིག་སྡུད་ནི་དེང་རབས་ཕྱུགས་ལས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། གཅིག་སྡུད་ཀྱི་གཞི་འཛིན་ས་ནི་སྔར་བཞིན་ལས་ཆོད་ཡིན། སྲོལ་རྒྱུན་ནས་དེང་རབས་སུ་འགྱུར་བའི་བརྒྱུད་རིམ་ཁྲོད། ཕྱུགས་ལས་རིམ་བཞིན་ཁྱིམ་ཚང་གི་དགོས་མཁོར་ཁ་ཕྱོགས་པ་ནས་ཚོང་རའི་དགོས་མཁོར་ཁ་ཕྱོགས་པ་དང་། ཐོན་རྫས་ཚོང་ར་རུ་གནས་པ་དང་རྒྱུ་ཆ་ཚོང་ར་ནས་ཉོ་སྒྲུབ་བཅས་བྱས་ཏེ། ཁྱིམ་ཚང་དང་འདེབས་འཛུགས་ལས་རིགས་ལས་བརྒལ་ཏེ། ཆེད་ལས་ཅན་དང་རྟེན་གཞི་ཅན། ཞིབ་ལས་ཅན་བཅས་སུ་གྱུར་ཡོད། གཅིག་སྡུད་ཡུག་སྦྲེལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ནི་ཆེད་ལས་དུད་ཚང་དང་ཆེད་ལས་གྲོང་ཚོ་དང་ཆེད་ལས་ཁུལ་ཆུང(གླིང་ཁུལ)ནས་ཆེད་ལས་ཞང་དང་ཕྱུགས་ལས་ཐོན་ལས་རྟེན་གཞི་ཆེ་གྲས་བར་ཡིན་པ་རེད། གཅིག་སྡུད་ཀྱིས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་དང་སྒོ་རའི་བར་སྟོང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་ཐུབ་པ་དང་། གསོ་ཚགས་ཆ་འཕྲིན་དང་ལག་རྩལ་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་ཐུབ་པ། རིམས་འགོག་དང་སྡེབ་སྦྱོར་སོགས་སྤྱི་པའི་རྨང་གཞི་མཉམ་སྤྱོད་ཐུབ་པ་བཅས་ཀྱི་ཐོག་ནས་ཉོ་ཚོང་མ་གནས་དམའ་རུ་བཏང་ནས་ཉོ་ཚོང་གི་ལས་ཕྱོད་ཆེ་རུ་གཏོང་ཐུབ།       

སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱ་དགོས།

སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། སྲིད་གཞུང་གི་བྱེད་ནུས་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ་དེ་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། ཚོང་རའི་དཔལ་འབྱོར་ནི་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རའི་ལམ་སྲོལ་གྱིས་རྨང་གཞིའི་རང་བཞིན་གྱི་སྙོམ་སྒྲིག་ནུས་པ་འདོན་སྤེལ་བྱེད་པའི་དཔལ་འབྱོར་ཡིན་པ་དང་། སྲིད་གཞུང་གི་འགན་འཁྲི་ནི་ཚོང་རའི་ལམ་སྲོལ་གྱི་ཞན་ཆ་ཡོ་བསྲང་དང་ཚོང་རའི་ལམ་སྲོལ་གྱི་མི་འདང་བའི་ཆ་ཁ་སྐོང་བྱེད་པ་དེ་ཡིན། ཕྱུགས་ལས་ཤེས་ལྡན་མི་སྣའི་ཁྲོམ་རའི་ནུས་པ་ཤོར་བ་དང་ལག་རྩལ་ཁྲོམ་རའི་ནུས་པ་ཤོར་བ། ཆ་འཕྲིན་ཁྲོམ་རའི་ནུས་པ་ཤོར་བ་དང་དེ་བཞིན་རིམས་འགོག་ཁྲོམ་རའི་ནུས་པ་ཤོར་བའི་རྒྱུ་རྐྱེན་གལ་ཆེན་ནི་ཞིང་དུད་ཀྱི་གཞི་ཁྱོན་ཆུང་དྲགས་པ་དང་། ཁྲོམ་རའི་ཐོག་ནས་ལག་རྩལ་དང་ཆ་འཕྲིན། རིམས་འགོག་ཞབས་ཞུ་བཅས་ཉོ་སྒྲུབ་བྱེད་པའི་དཔལ་འབྱོར་མེད་པ་དེ་རེད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཕྱུགས་ལས། སྒོ་ཕྱུགས། དཔལ་འབྱོར།