ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:48ལ་འགྲུབ།

ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པ།

ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པ།
ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་སྐྱེ་ཁམས་དང་དཔལ་འབྱོར་ཟུང་འབྲེལ་བྱེད་པའི་ཐད་ཀྱི་ཞིང་ལས་ཐོན་སྐྱེད་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་ཕྱོགས་བསྡུས་དོ་དམ་བྱེད་པའི་རིག་ཚན་ཞིག་ཡིན་ཞིང་། ཞིང་ལས་ཐོན་སྐྱེད་ཁྱབ་ཁོངས་སུ་མིའི་རིགས་དང་རང་བྱུང་ཁམས་བར་གྱི་དངོས་པོ་བརྗེ་རེས་ནི་ཞིང་ལས་དཔལ་འབྱོར་མ་ལག་དང་ཞིང་ལས་སྐྱེ་ཁམས་མ་ལག་བར་གྱི་དངོས་པོ་དང་ནུས་ཚད་བརྗེ་རེས་བྱུང་བ་དེ་ཡིན་ལ། དངོས་པོ་དང་ནུས་ཚད་ཀྱི་བརྗེ་རེས་འདིའི་རིགས་བྱུང་བ་བརྒྱུད་ཞིང་ལས་ཀྱི་དཔལ་འབྱོར་ཐོན་སྐྱེད་བསྐྱར་མ་དང་རང་བྱུང་ཐོན་སྐྱེད་བསྐྱར་མ་གཞི་ནས་མངོན་འགྱུར་བྱུང་བ་ཡིན། དེ་ཡང་ཞིང་ལས་དཔལ་འབྱོར་མ་ལག་དང་ཞིང་ལས་སྐྱེ་ཁམས་མ་ལག་བར་གྱི་དངོས་པོ་དང་ནུས་ཚད་བརྗེ་འགྱུར་ལུགས་མཐུན་གྱིས་སྙོམ་སྒྲིག་བྱེད་པ་ནི། ཞིང་ལས་དཔལ་འབྱོར་མ་ལག་གི་དཔལ་འབྱོར་དོ་མཉམ་དང་ཞིང་ལས་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་དོ་མཉམ་གཉིས་མཉམ་དུ་ཕྱོགས་བསྡུས་དོ་མཉམ་ནང་དུ་བཞག་སྟེ། ངལ་རྩོལ་ཟད་གྲོན་དང་དངོས་པོའི་ཟད་གྲོན་ཉུང་བར་བརྟེན་ནས་ཕྱོགས་བསྡུས་དོ་མཉམ་འདིའི་རིགས་འཛུགས་པར་ཁག་ཐེག་བྱེད་ཆེད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农业生态经济学
ཕྱི་ཡིག་གི་མིང་།
agroecological economics
ངོ་བོ།
དཔེ་གསར་མཐའ་མཚམས་རིག་ཚན།
བྱེད་ནུས།
ཞིང་སྡེའི་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་བྱེད་ཐབས་འཚོལ་ཞིབ་བྱེད་པ།
1 ​རྩ་བའི་རིགས་པ།

ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པའི་སྤྱིར་བཏང་གི་རྩ་བའི་རིགས་པ་ནི་ཞིང་ལས་སྐྱེ་དངོས་ཁྱུ་ཚོགས་ཀྱི་གྲུབ་ཆ་གཙོ་བོའི་བཀོད་སྒྲིག་གི་རྩ་བའི་རིགས་པ་དང་། ཞིང་ལས་སྐྱེ་དངོས་ཁྱུ་ཚོགས་ཀྱིས་དངོས་པོ་དང་ནུས་ཚད་ཀྱི་རང་བྱུང་འགྱུར་ལྡོག་ཚད་དང་ངལ་རྩོལ་ཟད་གྲོན་གྱི་ལྡོག་སྡུར་འབྲེལ་བའི་རྩ་བའི་རིགས་པ། ཞིང་ལས་སྐྱེ་ཁམས་དཔལ་འབྱོར་མ་ལག་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་གྲངས་ཚད་སྡུར་ཚད་ལྟར་སྡེབ་སྒྲིག་བྱེད་པའི་རྩ་བའི་རིགས་པ། སྐྱེ་ཁམས་མ་ལག་གི་དངོས་པོ་དང་ནུས་ཚད་ཀྱི་སྒོ་རྒྱག་འཁོར་སྐྱོད་དང་སྒོ་འབྱེད་ཀྱི་དཔལ་འབྱོར་མ་ལག་ཕན་ཚུན་གཅིག་གྱུར་གྱི་རྩ་བའི་རིགས་པ། མ་ལག་གི་རང་སྲུང་དང་ཕྱི་ཡོང་ཕོག་ཐུག་ཕན་ཚུན་ཟུང་འབྲེལ་གྱི་རྩ་བའི་རིགས་པ་སོགས་ཡིན་ལ། ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་ཞིང་ལས་སྐྱེ་ཁམས་མ་ལག་དང་ཞིང་ལས་དཔལ་འབྱོར་མ་ལག་བར་གྱི་ཕན་ཚུན་མཉམ་འདྲེས་དང་། རྙོག་འཛིང་གི་གྲུབ་ཚུལ་དང་བྱེད་ནུས་ལྡན་པའི་ཞིང་ལས་སྐྱེ་ཁམས་དཔལ་འབྱོར་མ་ལག་ཡིན་པ་རེད།

2 ལས་འགན།

དེའི་གཞི་རྩའི་ལས་འགན་ནི་ཞིང་ལས་སྐྱེ་ཁམས་དཔལ་འབྱོར་མ་ལག་གི་ནང་ཁུལ་གྱི་འགལ་བ་དང་། དེའི་འཕེལ་རྒྱས་ཀྱི་རིམ་འགྱུར་ཆོས་ཉིད་གསལ་སྟོན་བྱེད་དགོས་པ་མ་ཟད། ཆོས་ཉིད་དེ་དག་སྤྱད་དེ་ཕན་ནུས་ཆེ་བ་དང་ཟད་གྲོན་ཆུང་བ། སྤུས་ཀ་ལེགས་པ། ཐོན་ཚད་མཐོ་བ་དང་སྦགས་བཙོག་མེད་པའི་ཞིང་ལས་སྐྱེ་ཁམས་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཁོག་དང་ཕྲ་མཐོང་ཟུང་འབྲེལ་བྱེད་པའི་ཐོག་ནས་ཞིང་ལས་སྐྱེ་ཁམས་དཔལ་འབྱོར་མ་ལག་གི་ནང་ཁུལ་དང་། རྒྱལ་དམངས་དཔལ་འབྱོར་ཁོར་ཡུག་བར་ཟོག་སྐྱེལ་དང་ནུས་ཚད་འཁོར་རྒྱུག མ་དངུལ་འཁོར་རྒྱུག་བཅས་ཀྱི་སྟེང་གི་སྐྱེ་ཁམས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཡོང་བ་བྱེད་པ་དེ་ཡིན་ལ། ཞིང་ལས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་། མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྲ་ཞིང་བརྟན་པའི་ཞིང་ལས་སྐྱེ་ཁམས་དཔལ་འབྱོར་གྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས།

3 ཞིབ་འཇུག་གི་ནང་དོན།

ཞིང་ལས་སྐྱེ་ཁམས་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་གཞི་རྩའི་ནང་དོན་ནི།

གཅིག རིགས་པའི་གཞུང་ལུགས་ཀྱི་ཐད། ཞིང་ལས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ཁ་གཏད་འཇལ་ཐབས། ཞིང་ལས་སྐྱེ་ཁམས་མ་ལག་དང་ལག་རྩལ་མ་ལག དཔལ་འབྱོར་མ་ལག་བཅས་གསུམ་པོའི་བར་གྱི་འབྲེལ་བ། དེའི་ཞིང་ལས་ཐོན་སྐྱེད་བསྐྱར་མའི་བརྒྱུད་རིམ་ཁྲོད་ཀྱི་གོ་གནས་དང་ནུས་པ། སྐྱེ་ཁམས་དོ་མཉམ་དང་དཔལ་འབྱོར་དོ་མཉམ། སྐྱེ་ཁམས་ཀྱི་ཆོས་ཉིད་དང་དཔལ་འབྱོར་གྱི་ཆོས་ཉིད། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། དེ་མིན་སོ་སོའི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་དང་ནུས་པ། ཞིང་ལས་སྐྱེ་ཁམས་དཔལ་འབྱོར་གྱི་སྒྲིག་གཞི་དང་བྱེད་ནུས། ཞིང་ལས་སྐྱེ་ཁམས་དཔལ་འབྱོར་ཐོན་སྐྱེད་ནུས་ཤུགས་ཀྱི་གཞུང་ལུགས་དང་ཕན་ཚུན་བར་གྱི་འབྲེལ་བ། ཞིང་ལས་ཀྱི་སྐྱེ་ཁམས་དཔལ་འབྱོར་ཐོན་སྐྱེད་ལྟ་བ་དང་སྐྱེ་ཁམས་དཔལ་འབྱོར་གྱི་རིན་ཐང་ལྟ་བ། སྐྱེ་ཁམས་དཔལ་འབྱོར་གྱི་དགོས་མཁོའི་ལྟ་བའི་གཞུང་ལུགས། སྐྱེ་ཁམས་མ་ལག་གི་རང་བྱུང་ཟོག་སྐྱེལ་དང་ནུས་ཚད་འཁོར་རྒྱུག དཔལ་འབྱོར་དངོས་ཟོག་འཁོར་རྒྱུག་བར་དང་ནུས་ཁུངས་འཁོར་རྒྱུག་བར་གྱི་ཕན་ཚུན་འཕོ་འགྱུར་དང་དེའི་རིན་ཐང་འཁོར་རྒྱུག་གི་རིན་ཐང་འཕར་བའི་འབྲེལ་བའི་གཞུང་ལུགས། དཔལ་འབྱོར་སྒྲིག་སྲོལ་དང་ཁྲོམ་རའི་ངོ་བོའམ་རྣམ་པ། ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆའི་རིན་གོང་། ཞིང་ལས་ཐོན་རྫས་ཀྱི་རིན་གོང་གི་བསྡུར་ཚད་དང་དེ་བཞིན་སྲིད་ཇུས་དང་བྱེད་ཕྱོགས། ཁྲིམས་སྲོལ་སོགས་ཀྱིས་སྐྱེ་ཁམས་དོ་མཉམ་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་ཚུད་ཡོད།        

གཉིས། ཉེར་སྤྱོད་ཀྱི་ཐད་སྐྱེ་ཁམས་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པའི་འཆར་གཞི་དང་སྲིད་ཇུས། བཀའ་ཁྲིམས་གཏན་འབེབས་དང་དེ་བཞིན་སྐྱེ་ཁམས་དཔལ་འབྱོར་འཆར་འགོད་དང་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་ཚུད་ཡོད་པ་སྟེ། སྐྱེ་ཁམས་དཔལ་འབྱོར་གྱི་རྩ་བའི་རིགས་པ་ལྟར་སྐྱེ་ཁམས་ཞིང་ལས་ཀྱི་རྣམ་པ་ཇུས་འགོད་དང་ཁྱབ་གདལ་དུ་གཏོང་བ་དང་། ཞིང་ལས་ཀྱི་སྐྱེ་ཁམས་མ་ལག་གི་རིགས་དབྱེ་མི་འདྲ་བ་སྣ་ཚོགས་ལ་གཞིགས་ནས་ཞིང་ལས་ལག་རྩལ་གདམ་གསེས་བྱེད་པ། སྐྱེ་ཁམས་དཔལ་འབྱོར་གྱི་རྩ་བའི་རིགས་པར་གཞིགས་ནས་སྐྱེ་ཁམས་དཔལ་འབྱོར་ཁུལ་དབྱེ་བ་སོགས་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་ལས། སྐྱེ་ཁམས། དཔལ་འབྱོར།