ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:49ལ་འགྲུབ།

ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ།

ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ།
ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ་ནི་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཐོན་ཁུངས་བེད་སྤྱོད་དང་ཐོན་སྐྱེད་སྡེ་ཁག་གིས་གཞོགས་འདེགས། གཉེར་སྐྱོང་གཞི་ཁྱོན་སོགས་དཔལ་འབྱོར་གནད་དོན་དང་དེའི་ཆེས་ལེགས་པའི་ཐབས་ཤེས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། དེས་དཔལ་འབྱོར་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་བཟུང་ནས་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་ཞིང་ལས་ཐོན་སྐྱེད་ཀྱི་ཇུས་ཐག་གཅོད་པར་ཞབས་འདེགས་ཞུ་གི་ཡོད་ཅིང་། རྒྱུན་པར་ཞིང་ལས་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཏུ་བརྩི་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农业生产经济学
ཕྱི་ཡིག་གི་མིང་།
economics of agricultural production
1 ལོ་རྒྱུས།

ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པའི་ལོ་རྒྱུས་ཀྱི་ཁུངས་ནི་དུས་རབས20པའི་དུས་འགོར་གཏུག་ཆོག འཇར་མན་གྱི་གཉེར་སྐྱོང་གྲུབ་མཐའི་དཔལ་འབྱོར་རིག་པ་བT.པུའུ་ཡིས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཐོན་ཁུངས་བགོ་བཤའ་དང་ཐོན་སྐྱེད་སྡེ་ཁག་གིས་གཞོགས་འདེགས་བྱེད་པའི་རྩ་བའི་རིགས་པ་དང་བྱེད་ཐབས་ལ་དཔྱད་གླེང་བྱས་མྱོང་ལ། ལིན་ཁུ་མན་གྱིས་སྤྱི་ལོ1916ལོར་པར་སྐྲུན་བྱས་པའི་བརྩམས་ཆོས《ཞིང་ལས་གཉེར་སྐྱོང་དཔལ་འབྱོར་རིག་པ》ཞེས་པ་རུ་ཞིང་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གནད་དོན་དང་ཞིང་ལས་གཉེར་སྐྱོང་ལམ་ལུགས་ལ་མ་ལག་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱས་ཏེ། ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ་གྲུབ་པར་རྨང་གཞི་བསྐྲུན། སྤྱི་ལོ1926ལོར་ཨ་རིའིJ.D.པུའུ་ལའེ་ཁུ་ཡིས་བརྩམས་པའི《ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པའི་ཁྲིད་སྟོན》ཞེས་པའི་དེབ་ཀྱི་ནང་ཐེངས་དང་པོར་ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་བཀོལ་བ་རེད། དེའི་རྗེས་སུ་རིག་ཚན་འདི་ཉིད་སྤྱོད་སྒོ་ཆེ་བའི་དབང་གིས་མ་རྩའི་རིང་ལུགས་ཀྱི་རྒྱལ་ཁབ་ཁ་ཤས་སུ་མཐོང་ཆེན་བྱས་ཤིང་། མཐོ་རིམ་སློབ་གྲྭ་མང་པོ་ཞིག་གིས་དེར་སློབ་ཚན་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ཀྱི་བརྩམས་ཆོས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་སོང་། ལྷག་པར་དུ་སྤྱི་ལོ1952ལོའི་ཨ་རིའིE.O .ཧེ་ཏིས་བརྩམས་པའི《ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རིག་པ་དང་ཐོན་ཁུངས་བེད་སྤྱོད》ཅེས་པའི་དཔེ་ཆ་དེས་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པའི་ལས་རིགས་སུ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད། 

2 ཞིབ་འཇུག་གི་ལས་འགན།

ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པར་གཙོ་བོ་ཕྱོགས་གསུམ་གྱི་ལས་འགན་ཡོད་དེ། གཅིག་ནས་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ཐོན་ཁུངས་བགོ་བཤའ་དང་ཐོན་སྐྱེད་སྡེ་ཁག་གིས་གཞོགས་འདེགས་བྱེད་པའི་རྩ་བའི་རིགས་པ་དང་བྱེད་ཐབས་ལ་ཞིབ་དཔྱད་བྱས་ཏེ། ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱེད་པར་བརྟག་ཐབས་སྨྲ་བའི་མཛུབ་སྟོན་འདོན་སྤྲོད་བྱེད་དགོས། གཉིས་ནས་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་དང་དེའི་དཔལ་འབྱོར་ཕན་འབྲས་ལ་ཞིབ་འཇུག་བྱས་ནས་ཐོན་སྐྱེད་དང་མ་དངུལ་འཇོག་པའི་ཇུས་ཐག་གཅོད་པར་དཔལ་འབྱོར་གྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། གསུམ་ནས་ཐོན་ཁུངས་བེད་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་པའི་ཕྱི་རོལ་གྱི་ཆ་རྐྱེན་ལ་ཞིབ་འཇུག་བྱས་ནས་ལག་རྩལ་དང་དཔལ་འབྱོར་སྐོར་གྱི་སྲིད་ཇུས་གཏན་འབེབས་བྱེད་པར་གྲོས་འགོ་འདོན་པ་དང་རིགས་པས་སྒྲུབ་བྱེད་འགོད་དགོས།  

གོང་གསལ་གྱི་ལས་འགན་ཁག་ལག་ལེན་དུ་བསྟར་ཆེད་ཞིབ་འཇུག་བྱ་རྒྱུའི་ནང་དོན་ལ་སྤྱིར་བཏང་གཤམ་གསལ་ཚུད་ཡོད་པ་སྟེ།  

གཅིག ཐོན་སྐྱེད་རྒྱུ་རྐྱེན་གཏོང་ཚད་དང་ཐོན་རྫས་ཐོན་ཚད་ཀྱི་རྟེན་འབྱུང་གྲངས་ཀྱི་འབྲེལ་བ།

གཉིས། མ་འཇོག་ཚད་ལེགས་ཤོས་ཀྱི་རྩ་བའི་རིགས་པ་དང་བྱེད་ཐབས་གཏན་འཁེལ་བྱེད་པ། 

གསུམ། ཐོན་སྐྱེད་རྒྱུ་རྐྱེན་སྡེབ་སྒྲིག་གི་རྩ་བའི་རིགས་པ་དང་འགྲོ་གྲོན་གཏན་འཁེལ་བྱེད་པའི་ཆེས་དམའ་བའི་སྡེབ་སྒྲིག་བྱེད་ཐབས།

བཞི། དམིགས་འབེན་གྲངས་ཐང་ཆེས་ཆེ་བའི་ཐོན་རྫས་སྡེབ་སྒྲིག་གི་རྩ་བའི་རིགས་པ་དང་བྱེད་ཐབས་འདེམས་པ།

ལྔ། དུས་ཚོད་ཀྱི་རྒྱུ་རྐྱེན་གྱིས་ཐོན་སྐྱེད་བརྒྱུད་རིམ་ལ་ཐེབས་པའི་ཤུགས་རྐྱེན་དང་མ་དངུལ་འཇོག་པའི་ཐབས་ཇུས།

དྲུག གཉེར་སྐྱོང་གཞི་ཁྱོན་གྱི་དཔལ་འབྱོར་ཕན་འབྲས་དང་གཞི་ཁྱོན་ལེགས་ཤོས་གཏན་འཁེལ་བྱེད་ཐབས།

བདུན། ཉེན་ཁ་དང་ངེས་གཏན་མེད་པའི་གནས་ཚུལ་འོག་གི་ཇུས་ཐག་གཅོད་ཐབས་སོགས་ཡིན།

དེ་མིན་ཞིབ་འཇུག་བྱེད་ཐབས་ལ་ཕྱིར་ལོག་དབྱེ་ཞིབ་བྱེད་ཐབས་དང་མཐའ་མཚམས་དབྱེ་ཞིབ་བྱེད་ཐབས། ད་ལྟའི་རིན་ཐང་དབྱེ་ཞིབ་བྱེད་ཐབས། ཐིག་གཤིས་འཆར་འགོད་བྱེད་ཐབས། དེ་བཞིན་ཇུས་ཐག་གཅོད་ཐབས་སོགས་ཡོད།    

ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པ་ནི་མཐའ་མཚམས་ཚན་རིག་ཅིག་ཡིན་ཞིང་། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་མང་པོར་ཕན་ཚུན་སིམ་འཛུལ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད། དེས་དཔལ་འབྱོར་རིག་པའི་རྩ་བའི་རིགས་པ་དེ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ཞིབ་འཇུག་གི་ཕྱོགས་སྟོན་དུ་བྱེད་པ་མ་ཟད། རྒྱུན་དུ་བསྡོམས་རྩིས་རིག་པའི་ཐབས་ཤེས་སྤྱོད་པ་ལས་གཞན། ཐག་གཅོད་དགོས་པའི་ཇུས་ཐག་གཅོད་པའི་གནད་དོན་དེ་མི་རྣམས་ཀྱི་སེམས་ཁམས་དང་བྱ་སྤྱོད་དང་ཁ་འབྲལ་ཐབས་མེད་པས། ད་དུང་རྒྱུན་དུ་སྤྱི་ཚོགས་རིག་པ་དང་སེམས་ཁམས་ཚན་རིག བྱ་སྤྱོད་ཚན་རིག་བཅས་བེད་སྤྱོད་བྱེད་ཀྱི་ཡོད། དཔལ་འབྱོར་དབྱེ་ཞིབ་དང་གདེང་འཇོག་ཁྲོད་གཞི་འཛིན་སའི་ལག་རྩལ་བཏགས་གྲངས་དང་གཞི་གྲངས་ཁག་ནི་ལག་རྩལ་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་ལས་བྱུང་བ་ཡིན་པས། དེ་ནི་ལོ་ཏོག་འདེབས་འཛུགས་རིག་པ་དང་ས་རྒྱུའི་ལུད་རྫས་རིག་པ། ཕྱུགས་ལས་རིག་པ། ཞིང་ལས་བཟོ་སྐྲུན་རིག་པ་སོགས་དང་ཡང་འབྲེལ་བ་དམ་ཟབ་ཡོད།

3 ཉེ་བའི་ལོ་འགའི་འཕེལ་རྒྱས།

ཉེ་བའི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ། ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པའི་ཞིབ་འཇུག་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་ཞིག་ནི་གྲངས་རིག་གི་ཐབས་དང་གློག་རྡུལ་རྩིས་འཁོར་གཉིས་རིག་ཚན་འདིའི་ཞིབ་འཇུག་ཁྲོད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་པ་དེ་རེད། དཔེར་ན། ལོ་རབས50པ་ནས་བཟུང་ཞིང་ལས་དཔལ་འབྱོར་ལས་གཉེར་བས་ཐོན་སྐྱེད་རྟེན་འབྱུང་གྲངས་ཀྱི་ཐབས་སྤྱད་དེ་མ་འཇོག་དང་ཐོན་སྐྱེད་བར་གྱི་གྲངས་འབོར་གྱི་འབྲེལ་བར་ཞིབ་འཇུག་བྱས་ཏེ། རེས་འཁོར་དང་ལུད་རྒྱག་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཐད་ཀྱི་དཔལ་འབྱོར་གནད་དོན་ལ་དབྱེ་ཞིབ་དང་། དེ་བཞིན་ཐིག་གཤིས་རང་བཞིན་གྱི་འཆར་འགོད་བྱེད་ཐབས་སྤྱད་དེ་ཕྱུགས་ལས་ཁྲོད་ཀྱི་གཟན་ཆས་གཞོགས་འདེགས་ལེགས་སྒྱུར་དང་ཞིང་ལས་ཐོན་སྐྱེད་སྡེ་ཁག་གི་གྲུབ་ཚུལ་ལེགས་སྒྱུར་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པས་ཚང་མར་གྲུབ་འབྲས་ཐོབ་ཡོད། ཁྱད་ཆོས་གཞན་ཞིག་ནི་ཞིང་ལས་ཐོན་སྐྱེད་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཞིང་ལས་ཁེ་ལས་ནང་ཁུལ་གྱི་ཇུས་ཐག་གཅོད་པའི་གནད་དོན་ཡིན་པ་ནས་ས་ཁོངས་གཅིག་དང་ཐ་ན་ཞིང་ལས་སྡེ་ཁག་ཧྲིལ་པོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ལག་རྩལ་གྱི་དཔལ་འབྱོར་སྲིད་ཇུས་ལ་ཞིབ་འཇུག་བྱེད་པར་རྒྱ་བསྐྱེད་པ་དེ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་ལས། ཐོན་སྐྱེད། དཔལ་འབྱོར།