ཞིང་ལས་ཁེ་ལས་གཉེར་སྐྱོང་དོ་དམ་ནི་ཞིང་ལས་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཧྲིལ་པོར་ཐབས་ཇུས་འདོན་པ་དང་འཆར་གཞི་འགོད་པ། སྒྲིག་འཛུགས་དང་ཚོད་འཛིན། མཐུན་སྦྱོར་བཅས་བྱེད་ཅིང་། ཁེ་ལས་ཀྱི་ཁོངས་མིར་སྐུལ་ལྕག་བཏང་ནས་དེའི་ལས་འགན་དང་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་དོན་རབ་དང་རིམ་པའི་སྤྱི་མིང་ལ་ཟེར། ལུགས་མཐུན་སྒོས་ཐོན་སྐྱེད་ནུས་ཤུགས་སྒྲིག་འཛུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་སྲུང་སྐྱོང་དང་འཐུས་ཚང་དུ་གཏོང་བ། དུས་ཐོག་ཏུ་སྟེང་གི་བཀོད་པ་ལེགས་སྒྲིག་བཅས་བྱས་ནས་མཁོ་སྤྲོད་དང་ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་ལྷུ་ཚིགས་ཁག་ཕན་ཚུན་འབྲེལ་མཐུད་དང་གཞོགས་འདེགས་དམ་ཟབ་བྱེད་པ། མི་དང་རྒྱུ་ནོར། དངོས་པོ་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལུགས་མཐུན་གྱིས་ཟུང་འབྲེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ངལ་རྩོལ་ཟད་གྲོན་དང་དངོས་པོའི་ཟད་གྲོན་ཉུང་དུ་བཏང་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཐོན་རྫས་སྔར་ལས་མང་བ་ཐོན་སྐྱེད་བྱེད་དགོས།
དེའི་ནང་དོན་གཙོ་བོ་ནི། ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པ་དང་དོ་དམ་སྒྲིག་སྲོལ་ལུགས་མཐུན་གྱིས་གཏན་ཁེལ་དང་། དོ་དམ་ལས་ཁུངས་འཛུགས་པ། དོ་དམ་མི་སྣ་བཀོད་སྒྲིག་བཅས་བྱེད་པ་དང་། ཚོང་རར་བརྟག་དཔྱད་ལེགས་པོ་བྱེད་པ་དང་དཔལ་འབྱོར་གྱི་ཆ་འཕྲིན་ཁོང་དུ་ཆུད་པ། གཉེར་སྐྱོང་སྔོན་དཔག་དང་གཉེར་སྐྱོང་གི་ཇུས་ཐག་གཅོད་པ། གཉེར་སྐྱོང་གི་བྱེད་ཕྱོགས་དང་གཉེར་སྐྱོང་གི་དམིགས་འབེན། ཐོན་སྐྱེད་ཀྱི་གྲུབ་ཚུལ་བཅས་གཏན་འཁེལ་བྱ་དགོས་པ་དང་། གཉེར་སྐྱོང་གི་འཆར་གཞི་བཟོ་བ་དང་དཔལ་འབྱོར་གྱི་གན་རྒྱ་འཇོག་པ། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་དང་དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བེད་སྤྱོད་དང་དོ་དམ་ལེགས་པར་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་ལེགས་པར་བསྒྲུབ་པ། ས་ཞིང་དང་རང་བྱུང་ཐོན་ཁུངས་གཞན་དག་གསར་སྤེལ་དང་བེད་སྤྱོད། དོ་དམ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཕྲུལ་འཁོར་དང་སྒྲིག་ཆས་དོ་དམ་དང་དངོས་ཟོག་དོ་དམ། ཐོན་སྐྱེད་དོ་དམ། ལག་རྩལ་དོ་དམ། སྤུས་ཚད་དོ་དམ་བཅས་ཡག་པོ་བྱ་དགོས་པ། ལུགས་མཐུན་གྱིས་ཐོན་རྫས་ཕྱིར་འཚོང་གི་བྱ་བ་སྒྲིག་འཛུགས་དང་ཕྱིར་འཚོང་དོ་དམ་ལེགས་པར་བྱེད་པ་དང་། ནོར་དོན་དོ་དམ་དང་མ་གནས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ཕན་དང་ཁེ་སྤོགས་བགོ་བཤའ་ཐག་གཅོད་ཡག་པོ་བྱེད་པ། ཞིང་ལས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཔལ་འབྱོར་ཕན་འབྲས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་གདེང་འཇོག་བྱེད་པ་དང་ཁེ་ལས་གཉེར་སྐྱོང་བརྟག་དཔྱད་བྱེད་པ་སོགས་ཡིན།
ཞིང་ལས་ཁེ་ལས་ཀྱིས་དཔལ་འབྱོར་ཕན་འབྲས་བཟང་ཤོས་ཐོབ་ཆེད་དཔལ་འབྱོར་དང་རྩ་འཛུགས་བྱེད་ཐབས་སྣ་ཚོགས་སྤྱད་པའི་སྤྱི་མིང་ལ་ཟེར། ཞིང་ལས་དཔལ་འབྱོར་རིག་པའི་མཁས་པ་ཁ་ཤས་ཀྱིས་གཉེར་སྐྱོང་དང་དོ་དམ་གཉིས་ནི་འབྲེལ་བ་དམ་ཟབ་ཡོད་ལ་ཁྱད་པར་ཡང་ངེས་ཅན་ལྡན་པའི་ཁྱབ་ཁོངས་གཉིས་ཡིན་པར་ངོས་འཛིན་བྱས་ཡོད། གཉེར་སྐྱོང་ཞེས་པ་ནི་ཞིང་ལས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་གཞི་བཅས་ཀྱི་ཁྲིད་སྟོན་འོག་ཁེ་ལས་ཀྱི་ཕྱི་རོལ་ཁོར་ཡུག་དང་ནང་ཁུལ་གྱི་ཆ་རྐྱེན། གཉེར་སྐྱོང་དམིགས་ཡུལ་བཅས་བར་གྱི་འགུལ་རྣམ་དོ་མཉམ་ཡོང་བ་དང་། དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་བརྩོན་ལེན་བྱེད་ཆེད་སྤེལ་བའི་ཐབས་ཇུས་རང་བཞིན་གྱི་བྱེད་སྒོ་ཞིག་ལ་ཟེར། དོ་དམ་ནི་ཁེ་ལས་ཀྱི་གཉེར་སྐྱོང་ཐབས་ཇུས་མངོན་འགྱུར་བྱེད་ཆེད་སྤེལ་བའི་རྩ་འཛུགས་དང་བཀོད་འདོམས་ལ་ཟེར་ཞིང་། དེའི་ནང་དུ་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པར་ཚོད་འཛིན་དང་དཔྱད་ཞིབ་བྱེད་པ་དང་། ཁེ་ལས་ཕྱི་ནང་གི་འབྲེལ་བར་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། ཁེ་ལས་ཀྱི་ཁོངས་མིར་སློབ་གསོ་དང་སྐུལ་ལྕག་བྱེད་པ་སོགས་འདུས། གཉེར་སྐྱོང་ནི་དོ་དམ་གྱི་སྔོན་འགྲོའི་ཆ་རྐྱེན་དང་སྣེ་ཁྲིད་པ་ཡིན་པ་དང་། དོ་དམ་ནི་གཉེར་སྐྱོང་གི་རྨང་གཞི་དང་འགན་ལེན་ཡིན། འོན་ཀྱང་མཁས་པ་ལ་ལས་འདི་འདྲའི་དབྱེ་བ་ནི་དགོས་མེད་ཅིག་ཡིན་པར་འདོད།
སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གི་ཞིང་ལས་ཁེ་ལས་ནི་རྒྱལ་ཁབ་ཀྱི་འཆར་གཞི་དང་དོ་དམ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བལྟོས་བཅས་ཀྱི་རང་ཚུགས་ལྡན་པའི་ཚོང་ཟོག་ཐོན་སྐྱེད་བྱེད་མཁན་དང་གཉེར་སྐྱོང་བྱེད་མཁན་ཞིག་ཡིན། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་སྡེབ་སྒྲིག་ཡག་ཤོས་དང་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོབ་ཐབས་བྱེད་ཆེད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ལས་ཁེ་ལས་ཀྱིས་གཉེར་སྐྱོང་དོ་དམ་ཐད་གཤམ་གསལ་གྱི་འགན་ནུས་བསྒྲུབ་དགོས་པ་སྟེ།
དཔལ་འབྱོར་ཆ་འཕྲིན་ཡང་དག་པ་གཞིར་བཟུང་སྟེ་ཁེ་ལས་ཀྱི་གཉེར་སྐྱོང་དམིགས་འབེན་དང་དམིགས་ཡུལ་འགྲུབ་ཆེད་སྤྱོད་དགོས་པའི་བྱེད་ཐབས་གལ་ཆེན་གདམ་གསེས་དང་ཐག་གཅོད་བྱེད་དགོས།
ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གཞི་ཁྱོན་དང་གྲུབ་ཚུལ། བཀོད་སྒྲིག འཕེལ་རྒྱས་ཀྱི་མྱུར་ཚད་བཅས་ལ་གཏན་འབེབས་འོས་འཚམ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད། བྲིན་འཚོང་བཅས་ཀྱི་བྱེད་སྒོ་བཀོད་སྒྲིག་ཞིབ་ཕྲ་བྱེད་དགོས།
ལུགས་མཐུན་གྱི་རྩ་འཛུགས་ལས་ཁུངས་འཛུགས་པ་དང་། ཚད་ལྡན་གྱི་ལས་བྱེད་མི་སྣ་འདེམས་སྤྱོད་བྱེད་པ། དཔལ་འབྱོར་འགན་འཁྲིའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ངལ་རྩོལ་དང་ཐོན་སྐྱེད་ཁྲོད་ཀྱི་ལས་བགོས་དང་མཉམ་ལས་ཁ་གསལ་བྱེད་པ་དང་། དུས་མཚུངས་སུ་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ནང་གི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་དང་ཐོན་སྐྱེད་བསྐྱར་མའི་གོ་རིམ་གྱི་ལྷུ་ཚིགས་སོ་སོ་བར་སྟོང་དང་དུས་ཚོད་ཀྱི་ཐོག་ནས་རྩ་འཛུགས་བྱས་ཏེ། ལུགས་དང་མཐུན་པའི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཆགས་པ་བྱེད་དགོས།
དེ་ནི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་གཅིག་གྱུར་གྱིས་འགོ་ཁྲིད་དང་ལྟ་སྐུལ་བྱས་ཏེ། མི་སྣ་དང་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པར་གཅིག་གྱུར་གྱིས་བཀོད་གཏོང་བྱས་ཏེ། འཆར་གཞིའི་ནང་གཏན་འབེབས་བྱས་པའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས།
དཔལ་འབྱོར་བཤེར་རྩིས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོར་དུས་ཐོག་དང་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ལྟ་སྐུལ་བྱས་ཏེ། ངལ་རྩོལ་ཟད་གྲོན་ཆུང་དུ་གཏོང་བ་དང་ཕན་ནུས་ལྡན་པའི་སྒོ་ནས་ཐོན་རྫས་ཕྱིར་འཚོང་བྱེད་པའི་སྒྲིག་འཛུགས་བྱེད་པ་མ་ཟད། རྒྱལ་ཁབ་དང་ཁེ་ལས། ཁེ་ལས་ཀྱི་ཁོངས་མི་བཅས་གསུམ་གྱི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་རྩ་དོན་ལྟར་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པ་དང་ནོར་འཛོལ་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས།
ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ནང་གི་ཕྱོགས་གང་ཅིའི་ཐད་ཀྱི་འབྲེལ་བ་ལེགས་སྒྲིག་དང་ཐག་གཅོད་བྱས་ནས་འགལ་བ་དང་ཕྱོགས་འགལ་ཐག་གཅོད་བྱས་ཏེ་གོམ་སྟབས་མཉམ་སྒྲུབ་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས་ལ། འགན་ནུས་དེ་དག་སྒྲུབ་སྐབས་ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་དེ་ཉིད་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་དང་དཔལ་འབྱོར་གྱི་ལས་ཀ་དང་ཟུང་འབྲེལ་དང་། ཁེ་ལས་ཀྱི་གཅིག་བསྡུས་འགོ་ཁྲིད་དང་དམངས་གཙོའི་དོ་དམ་ཟུང་འབྲེལ། དངོས་པོའི་ཁེ་ཕན་དང་བསམ་པའི་སྐུལ་ལྕག་ཟུང་འབྲེལ། ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་ཟུང་འབྲེལ་སོགས་ཀྱི་རྩ་དོན་གལ་ཆེན་བརྩི་སྲུང་བྱེད་དགོས།
ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་གྱི་གཞི་རྩའི་བྱེད་ཐབས་ལ་སྤྱིར་བཏང་གཤམ་གསལ་གྱི་ཐབས་ཤེས་དག་ཚུད་ཡོད་དེ།
མ་གནས་དང་ཁེ་སྤོགས། རིན་གོང་། བྱ་དགའི་དངུལ་སོགས་དཔལ་འབྱོར་གྱི་འཇའ་ཤིང་བེད་སྤྱད་དེ་ཐོན་སྐྱེད་གཉེར་སྐྱོང་ལ་སྐུལ་འདེད་དང་། དཔལ་འབྱོར་གྱི་འབྲེལ་བ་མཐུན་སྦྱོར། ངལ་རྩོལ་ཟད་གྲོན་གྲོན་ཆུང་། དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཐོན་སྐྱེད་དང་སྲིད་འཛིན་བཀོད་འདོམས་མ་ལག་ལ་བརྟེན་ནས་སྲིད་འཛིན་གྱི་བྱེད་ཐབས་སྤྱད་ནས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྒྲིག་འཛུགས་དང་འགོ་ཁྲིད། ཚོད་འཛིན་བཅས་བྱས་ཏེ། གཉེར་སྐྱོང་གི་དམིགས་ཚད་དང་འཆར་གཞིའི་ལས་འགན་མངོན་འགྱུར་ཡོང་བ་ཁག་ཐེག་བྱེད་དགོས།
བློ་སྒོ་འབྱེད་པ་དང་འཇམ་ཁྲིད་བྱེད་པ། དྲིལ་བསྒྲགས། དཔེ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱི་ཁོངས་མིའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་དང་ལས་སྒོའི་ལག་རྩལ་ཆུ་ཚད་མཐོ་རུ་བཏང་ནས་ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས།
དེ་མིན་ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་བྱེད་པར་ཡང་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་དགོས་པ་སྟེ། སྲིད་གཞུང་གི་བཀའ་ཁྲིམས་དང་ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་བརྟེན་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་དང་། ཁེ་ལས་དང་འབྲེལ་ཡོད་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། གོང་གསལ་གྱི་བྱེད་ཐབས་དེ་དག་ལག་ལེན་ཁྲོད་རྒྱུན་དུ་ཟུང་འབྲེལ་བྱས་ནས་སྤྱོད་ཀྱི་ཡོད། དུས་རབས20པའི་ལོ་རབས40པའི་རྗེས་སུ། ཞིང་ལས་ཐོན་སྐྱེད་དེང་རབས་ཅན་དང་གློག་རྡུལ་རྩིས་འཁོར་ཞིང་ལས་ཁྲོད་བཀོལ་སྤྱོད་བྱས་པ་དང་བསྟུན་ནས། གྲངས་འབོར་ཅན་དང་དཔེ་དབྱིབས་ཅན། ལེགས་སྒྱུར་ཆེན་པོ་སོགས་ཁྱད་ཆོས་སུ་གྱུར་པའི་ཚན་རིག་གི་བྱེད་ཐབས་དེ་གཉེར་སྐྱོང་དོ་དམ་ཁྲོད་ཁྱབ་གདལ་བྱུང་། འདི་ལྟ་བུའི་གྲངས་ཚད་གཏན་འཁེལ་བྱེད་ཐབས་དེ་སྲོལ་རྒྱུན་དང་གཏན་ཚིགས་རིགས་འདེད་དང་། ཉམས་མྱོང་གིས་བརྡར་ཤ་གཅོད་པ་ཁྱད་ཆོས་སུ་བྱེད་པའི་ངོ་བོ་གཏན་འཁེལ་བྱེད་ཐབས་དང་ཕན་ཚུན་ཟུང་འབྲེལ་བྱས་པས། ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་དེ་གསར་སྒྱུར་གྱི་ཆུ་ཚད་དུ་མཐོར་འདེགས་བྱེད་བཞིན་ཡོད།