བསྡོམས་རྩིས་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:18ལ་འགྲུབ།

བསྡོམས་རྩིས་དཔལ་འབྱོར་རིག་པ།

བསྡོམས་རྩིས་དཔལ་འབྱོར་རིག་པ།
བསྡོམས་རྩིས་དཔལ་འབྱོར་རིག་པ་ནི་ཕྱོགས་མི་འདྲ་བ་དང་ཟུར་མི་འདྲ་བའི་ཐོག་ནས་བསྡོམས་རྩིས་ལ་དཔལ་འབྱོར་ཞིབ་འཇུག་བྱེད་པའི་དཔལ་འབྱོར་གྱི་རིག་ཚན་ཞིག་ཡིན། དེ་ནི་ད་ཡོད་ཀྱི་དཔལ་འབྱོར་རིག་པའི་གཞུང་ལུགས་དང་རྩ་བའི་རིགས་པ། བྱེད་ཐབས་བཅས་ལ་བརྟེན་ཏེ་བསྡོམས་རྩིས་བྱེད་སྒོའི་དཔལ་འབྱོར་གྱི་ནང་རྐྱེན་དང་། དཔལ་འབྱོར་གྱི་ཆོས་ཉིད་ལ་རྟོག་ཞིབ་དང་དབྱེ་ཞིབ་བྱེད་པ་ཡིན། བསྡོམས་རྩིས་བྱེད་སྒོ་དང་བསྡོམས་རྩིས་བྱས་འབྲས་དེ་དཔལ་འབྱོར་གྱི་བྱ་སྤྱོད་ཅིག་དང་ཚོང་ཟོག་དམིགས་བསལ་ཅན་ཞིག་ཏུ་བརྩིས་ནས་ཐོན་སྐྱེད་དང་བརྗེ་རེས། འཛད་སྤྱོད་བཅས་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་དཔལ་འབྱོར་གྱི་འབྲེལ་བ་དང་དཔལ་འབྱོར་གྱི་གནད་དོན་སྣ་ཚོགས་པ་སྟེ། དཔེར་ན། མཁོ་སྤྲོད་དང་དགོས་མཁོ། ཐོན་ཁུངས་བཀོད་སྒྲིག མ་གནས། ཕན་འབྲས། ཚོང་ར་སོགས་ལ་ཞིབ་དཔྱད་བྱེད་དགོས་པ་ལྟ་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
统计经济学
རྣམ་པ།
དཔལ་འབྱོར་གྱི་བརྡ་ཆད།
1 བསྡོམས་རྩིས་དཔལ་འབྱོར་རིག་པ་དང་དཔལ་འབྱོར་བསྡོམས་རྩིས་རིག་པའི་ཁྱད་པར།

བསྡོམས་རྩིས་དཔལ་འབྱོར་རིག་པ་དང་དཔལ་འབྱོར་བསྡོམས་རྩིས་རིག་པའི་བར་དབྱེ་མཚམས་ཆེན་པོ་མེད་མོད། འོན་ཀྱང་དེ་གཉིས་ལ་ཁྱད་པར་དངོས་སུ་ཡོད། པལ་འབྱོར་བསྡོམས་རྩིས་རིག་པ་ནི་བསྡོམས་རྩིས་རིག་ཚན་གྱི་ཡན་ལག་ཅིག་ཡིན་ལ། དེའི་གཞུང་ལུགས་དང་ཐབས་ཤེས་ཀྱིས་དཔལ་འབྱོར་འགྱུར་ཚད་ཀྱི་ཞིབ་བརྗོད་དང་དབྱེ་ཞིབ། རིགས་འདེད་རྩིས་རྒྱག་བཅས་གཙོ་བོར་འཛིན་བཞིན་ཡོད། བསྡོམས་རྩིས་དཔལ་འབྱོར་རིག་པ་དེ་དཔལ་འབྱོར་རིག་པའི་ཡན་ལག་གི་ཁོངས་སུ་གཏོགས་པ་དང་། དཔལ་འབྱོར་གཞུང་ལུགས་ཀྱི་ར་སྤྲོད་དང་དཔལ་འབྱོར་སྲིད་ཇུས་ཀྱི་གདེང་འཇོག་གཙོ་བོར་འཛིན་པ་སྟེ། བསྡོམས་རྩིས་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པ་དེ་ཡིན། ལྟ་ཞིབ་དང་ཚད་འཇལ་ནི་བསྡོམས་རྩིས་རིག་པའི་ལས་འགན་ཡིན་ལ།“གདམ་ག”ནི་དཔལ་འབྱོར་རིག་པའི་ལས་འགན་ཡིན། དེར་བརྟེན། དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་བརྟག་ཐབས་སྨྲ་བའི་ངོ་བོའི་ཚན་རིག་ཅིག་ཡིན་པ་དང་། བསྡོམས་རྩིས་དཔལ་འབྱོར་རིག་པ་ནི་དོན་དངོས་རང་བཞིན་གྱི་ཚན་རིག་ཅིག་ཡིན། ཞིབ་འཇུག་བྱ་ཡུལ་གྱི་ངོས་ནས་བཤད་ན། དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲངས་ཚད་ཀྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་བསྡོམས་རྩིས་རྩ་དོན་དང་རྩ་བའི་རིགས་པ། བྱེད་ཐབས་བཅས་འདོན་སྤྲོད་བྱེད་པ་ཞིག་ཡིན། བསྡོམས་རྩིས་དཔལ་འབྱོར་རིག་པས་དཔལ་འབྱོར་ཞིབ་འཇུག་གི་ངོ་བོ་དང་གྲངས་ཚད་ཕན་ཚུན་ཟུང་འབྲེལ་དང་སྐུལ་འདེད་གཏོང་བའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད་པ་དང་། བསྡོམས་རྩིས་བྱེད་ཐབས་སྤྱད་དེ་དཔལ་འབྱོར་གྱི་སྣང་ཚུལ་སྣ་ཚོགས་སམ་རྒྱུ་རྐྱེན་སྣ་ཚོགས་བར་གྱི་ཕན་ཚུན་འབྲེལ་བ་དང་། དེའི་འགྱུར་ལྡོག་གི་ཆོས་ཉིད་རང་བཞིན་གྱི་དཔལ་འབྱོར་རིག་ཚན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དེ་ཡིན། བསྡོམས་རྩིས་དཔལ་འབྱོར་རིག་པ་དང་དཔལ་འབྱོར་བསྡོམས་རྩིས་རིག་པའི་ཁྱད་པར་ནི་དཔལ་འབྱོར་རིག་པ་དང་བསྡོམས་རྩིས་རིག་པའི་ཁྱད་པར་དང་འདྲ། ཕྱོགས་གཅིག་ནས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་ཡང་དག་པ་བྱ་རྒྱུ་ནི་བསྡོམས་རྩིས་རིག་པའི་ཞིབ་འཇུག་ལ་གྲུབ་འབྲས་ཐོབ་པའི་གནད་འགག་ཡིན་པས། གྲངས་ཚད་དབྱེ་ཞིབ་བྱེད་པར་ངེས་པར་དུ་ངོ་བོའི་ཞིབ་འཇུག་རྨང་གཞིར་བྱ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གྲངས་ཚད་ཀྱི་ཞིབ་འཇུག་དང་དེའི་བྱེད་ཐབས་མེད་པས་དཔལ་འབྱོར་རིག་པ་གཏིང་ཟབ་དང་གནད་ལ་འཁེལ་དཀའ།  


དཔྱད་གཞིའི་ཡིག་ཆ།