ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:18ལ་འགྲུབ།

ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པ།

ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པ།
“ཁེ་ལས”ཞེས་པའི་ཐ་སྙད་དེ་དབྱིན་ཡིག་ཁྲོད་ཀྱི“enterprise”ལས་བྱུང་བ་དང་། ཐོག་མའི་དོན་ནི་ཉེན་ཁར་མི་འཛེམ་པར་བྱ་གཞག་ཞིག་སྒྲུབ་རྩིས་བྱེད་པའི་དོན་ཡིན། དེའི་ཆེས་སྤྱིར་བཏང་གི་ངོ་བོའི་སྟེང་ནས་བཤད་ན། ཁེ་ལས་ནི་ས་ཞིང་དང་མ་རྩ། ངལ་རྩོལ་ནུས་ཤུགས་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དག་བེད་སྤྱད་དེ་ཁེ་ཕོགས་བསྐྲུན་པའི་ཀུན་སློང་དང་། ཉེན་ཁ་འཁུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་ཚོང་རའི་དཔལ་འབྱོར་བྱ་འགུལ་གྱི་བྱེད་པོའི་དཔལ་འབྱོར་གྱི་ཁེ་གྱོང་མངོན་འགྱུར་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
企业经济统计学
ཕྱི་ཡིག་གི་མིང་།
Enterprise economic statistics
1 རིག་ཚན་གྱི་གོ་དོན།

ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཁེ་ལས་ནི་ཚོང་རའི་འགྲན་རྩོད་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པ་དང་ཁེ་ལས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པར་དུ་དེ་དང་འཚམ་པའི་རྩ་འཛུགས་ཀྱི་ལས་ཁུངས་ཡོད་དགོས་པར་མ་ཟད། ཐོན་རྫས་ཤིག་ཐོན་སྐྱེད་བྱེད་པ་དང་ཞབས་ཞུ་འདོན་སྤྲོད་བྱེད་པའི་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་བཅས་དང་དེ་བཞིན་རྒྱུ་རྐྱེན་གཙོ་བོ་འདི་དག་ཕན་ཚུན་ཟུང་འབྲེལ་བྱེད་པའི་ལས་འགུལ་མཚོན་པའི་ཆ་འཕྲིན་སྣ་ཚོགས་ཡོད་དགོས། དེར་བརྟེན་ཁེ་ལས་ནི་མཁོ་འདོན་བྱས་པའི་ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་དང་གཞོགས་འདེགས། སྒྲིག་འཛུགས་བཅས་བྱས་པ་བརྒྱུད་ནུས་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་གི་ཆ་འཕྲིན་འཚོལ་བསྡུ་དང་ཚོང་རའི་སྔོན་དཔག་འཁོར་བསྐྱོད་ཀྱི་མ་དངུལ་གཏོང་བའི་མ་ལག་ཅིག་ཡིན། ཚོང་རའི་འགྲན་རྩོད་དྲག་པོའི་ཁྲོད་དུ་ཁེ་ལས་ཀྱི“ཁེ་སྤོགས་གྲུབ་ཚུལ”གྱིས་ཁེ་ལས་གཉེར་སྐྱོང་བྱ་སྤྱོད་ཀྱི་ལྷུ་ཚིགས་ཐག་གཅོད་བྱེད་པ་ཡིན།

ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པ་ནི་བརྟག་ཐབས་སྨྲ་བའི་རིག་ཚན་ཞིག་ཡིན་ཞིང་། དེ་ནི་ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ལས་ཀའི་ལག་ལེན་ཉམས་མྱོང་གི་རྨང་གཞིའི་ཐོག་བྱུང་བ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ལག་ལེན་ལ་མཛུབ་སྟོན་བྱེད་པར་སྤྱོད་དགོས། དེ་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་ཟིན་པས། དེ་ལས་ལྡོག་སྟེ་ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ལག་ལེན་ལ་སློབ་སྟོན་བྱེད་ངེས་ཡིན། ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ལག་ལེན་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་རིག་པས་དེའི་ལག་ལེན་ལ་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱེད་ཐུབ་པ་དང་། ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ལག་ལེན་གྱི་ཉམས་མྱོང་རྒྱུན་མི་ཆད་པར་ཕྱོགས་བསྡོམས་བྱས་ཏེ་རང་ཉིད་འཐུས་ཚང་དུ་བཏང་སྟེ། རིགས་པའི་གཞུང་ལུགས་ལ་ལག་ལེན་ལས་སྔོན་དུ་བརྒལ་བའི་རང་བཞིན་ངེས་ཅན་ཞིག་ལྡན་པར་བྱ་དགོས།

2 ཞིབ་འཇུག་བྱ་ཡུལ།

ཁེ་ལས་བསྡོམས་རྩིས་ཀྱི་དགོས་མཁོའི་ཡུལ་གཙོ་བོ་ནི་སྲིད་གཞུང(སྲིད་འཛིན་དོ་དམ་སྡེ་ཁག)དང་། ཁེ་ལས(ལས་དོན)སྡེ་ཚན། མ་དངུལ་འཇོག་མཁན་དང་ཞིབ་འཇུག་པ་བཅས་ཡིན། སྒྲ་ཡངས་འཇུག་གི་ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ནང་སྲིད་གཞུང་གི་བསྡོམས་རྩིས་དང་ཁེ་ལས་དོ་དམ་གྱི་བསྡོམས་རྩིས(སྒྲ་དོག་འཇུག་གི་ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས)ཚུད་ཡོད། འདིར་སྒྲ་དོག་འཇུག་གི་ཁྱབ་ཁོངས་ལ་གྲོས་བསྡུར་བྱ་རྒྱུ་ཡིན།

དེང་རབས་ཁེ་ལས་ཀྱི་བྱེད་སྒོ་ཡོངས་རྫོགས་ཀྱི་ངོ་བོ་ལྟར་ན་ཐོན་སྐྱེད་བྱེད་སྒོ་དང་གཉེར་སྐྱོང་ལས་སྒོ་གཉིས་སུ་དབྱེ་ཆོག དེའི་ནང་གི་ཐོན་སྐྱེད་བྱེད་སྒོའི་ནང་དོན་གཙོ་བོ་ནི་ཁེ་ལས་ནང་ཁུལ་གྱི་ཐོན་ཁུངས་དང་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ། ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་བཏང་སྟེ་གྲོན་ཆུང་བྱེད་པའི་ཐབས་ལ་བརྟེན་ནས་སྔོན་བཀོད་འཆར་གཞི་ལྟར་ཐོན་རྫས་བཟོ་སྐྲུན་བྱ་རྒྱུ་དེ་ཡིན། གཉེར་སྐྱོང་བྱེད་སྒོའི་ནང་དོན་གཙོ་བོའི་ཁྲོད་ཐོན་སྐྱེད་བྱེད་སྒོ་མ་སྤེལ་གོང་གི“བྱེད་སྒོ”སྟེ། ཚོང་རའི་བརྟག་དཔྱད་དང་དགོས་མཁོའི་སྔོན་དཔག་སོགས་ཚུད་ཡོད། དེའི་ནང་ཐོན་སྐྱེད་བྱེད་སྒོ་སྤེལ་རྗེས་ཀྱི“བྱེད་སྒོ”སྟེ། ཐོན་རྫས་ཕྱིར་འཚོང་དང་ལག་རྩལ་ཞབས་ཞུ། ནོར་སྲིད་ཇུས་ཐག་གཅོད་པ། མ་གནས་ཚོད་འཛིན་སོགས་ཚུད་ཡོད།

དོ་སྣང་བྱེད་དགོས་པ་ཞིག་ནི། ཁེ་ལས་ཀྱི་དཔལ་འབྱོར་བསྡོམས་རྩིས་ཀྱིས་ཞིབ་འཇུག་བྱེད་པ་ནི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ནང་འབྲེལ་ཡོད་གཞི་གྲངས་འཚོལ་བསྡུ་དང་ལེགས་སྒྲིག དབྱེ་ཞིབ་བཅས་བྱེད་པའི་གྲངས་ཚད་ཐད་ཀྱི་བསྡོམས་རྩིས་བརྟག་ཐབས་སྨྲ་བ་ཡིན་པ་དང་། བསྡོམས་རྩིས་དམིགས་ཚད་མ་ལག་གི་ཇུས་འགོད་དང་འབྲེལ་བ་ཡོད་པ་ལས་ཁེ་ལས་ནང་ཁུལ་དུ་དོ་དམ་ཇི་ལྟར་བྱེད་པའི་གནད་དོན་མིན།


དཔྱད་གཞིའི་ཡིག་ཆ།