ཧཱ་ཞིན་ཐུ•པེ་ནཱ་ཝུན་ཐུ•དབྱི•མཱ་ཏིང་ནཱ་སི་ནི་མ་ཏེ་རིའི་གྲགས་ཅན་གྱི་བྱིས་ནད་ཚན་ཁག་གི་སྨན་པའི་ཁྱིམ་ཚང་དུ་སྐྱེས་པ་དང་། མ་ཏེ་རི་སློབ་ཆེན་གྱིས་བཅའ་ཁྲིམས་ཞིབ་ཀློག་བྱས་མོད།འོན་ཀྱང་ཁོང་རང་ཉིད་ཆེད་ལས་ལ་དགའ་པོ་དེ་ཙམ་མེད་ཀྱང་ཟློས་གར་ལ་སྤྲོ་སྣང་ཆེན་པོ་སྐྱེས་ཡོད། ཁོང་གི་ཡབ་ནི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་དང་ཟློས་གར་པ་ཨའེ་ཆེ་ཅཱ་ལའེ་ཡི་སྒེར་གྱི་སྨན་པ་ཞིག་ཡིན་པ་དེས་པེ་ནཱ་ཝུན་ཐེ་མ་ཏེ་རིའི་ཟློས་གར་ཁང་དུ་ལྟད་མོ་ཆེ་བའི་ཟློས་གར་ཐེངས་དང་པོར་འཁྲབ་སྟོན་བྱེད་ཐུབ་པ་བྱུང་ཡོད། ཟློས་གར་ལ་དགའ་ཞེན་ཆེ་བའི་དབང་གིས་མཐར་ཁོང་གིས་སློབ་གཉེར་མཚམས་བཞག་སྟེ། ཐོག་མར་རྟ་རྩེད་ཚན་ཁག་ཅིག་གི་རྗེས་སུ་འབྲངས་ནས་ས་གནས་སོ་སོར་འཁྲབ་སྟོན་བྱེད་དུ་སོང་། རྗེས་སུ་ཟློས་གར་ཚོགས་པ་ཞིག་ཏུ་ཞུགས་ནས་དངོས་སུ་འཁྲབ་སྟོན་པ་བྱས། སྐོར་སྐྱོད་འཁྲབ་སྟོན་ཁྲོད་ཁོང་གིས་སྤྱི་ཚོགས་དང་འབྲེལ་འདྲིས་རྒྱ་ཁྱབ་བྱས། ཁོང་གིས་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་ཁག་ཏུ་ཐེངས་མང་ལ་ཡུལ་སྐོར་བྱས་པས། དབྱི་པུའུ་ཧྲེང་དང་། ཞའོ་པོ་ནཱ། མེ་ཐེ་ལིན་ཁེ་སོགས་ཀྱི་དེང་རབས་ཟློས་གར་གྱི་ཤུགས་རྐྱེན་ཐེབས་ཡོད། དེ་མིན།ཁོང་གིས་ཧྲ་ཧྲི་པི་ཡཱ་དང་མོ་ལི་ཨའེ་སོགས་ཀྱི་ཡོ་རོབ་ནུབ་མའི་གནའ་གཞུང་ལ་ཧ་ཅང་དགའ་ཞེན་ཡོད་ཅིང་། ཁོང་ཚོའི་འཁྲབ་གཞུང་ཡིག་བསྒྱུར་དང་བཅོས་སྒྲིག་ཀྱང་བྱས་མྱོང་།
སྤྱི་ལོ1894ལོར་ཁོང་གི་འཁྲབ་གཞུང《གཞན་གྱི་ཚང》ནི་མ་ཏེ་རིར་གྲུབ་འབྲས་ཆེན་པོ་ཐོབ། ཁོང་གིས་སྐུ་ཚེ་ཧྲིལ་པོར་འཁྲབ་གཞུང་བརྒྱ་ལྷག་ཙམ་གསར་རྩོམ་བྱས་པའི་ཁར་ཡིག་བསྒྱུར་དང་བཅོས་སྒྲིག་བྱས་པའི་འཁྲབ་གཞུང་ཁྱོན་བསྡོམས200ཙམ་ཡོད། ཁོས་དགོད་བྲོ་བའི་ཟློས་གར་འབྲི་བ་མ་ཟད། སྐྱོ་གར་དང་བྱིས་པའི་ཟློས་གར་ཡང་བྲིས་ཡོད། འཁྲབ་གཞུང་གི་ཁྱད་ཆོས་དང་བརྗོད་བྱ་ཡང་རྣམ་པ་སྣ་ཚོགས་ཡོད་དེ། ཡུལ་སྲོལ་སྤྲོ་གར་དང་། སེམས་ཁམས་དབྱེ་ཞིབ་ཟློས་གར། བརྩེ་དུང་ཟློས་གར་སོགས་ཡོད། འོན་ཀྱང་ཆེས་མཁས་པ་ནི་སྤྱི་ཚོགས་ཀྱི་ཟུར་ཟའི་ཟློས་གར་དང་ཡུལ་སྲོལ་སྤྲོ་གར་ཡིན་པ་དང་། དེའི་ནང་གི《ཕན་གནོད་འབྲེལ་བ》ཞེས་པ་དེ་ཀུན་གྱིས་ཁས་ལེན་པའི་འཁྲབ་གཞུང་ཡག་ཤོས་སུ་གྱུར་ཡོད། དེ་མིན་ད་དུང《ངོ་ཤེས》(སྤྱི་ལོ1896ལོ)དང་།《གཅན་གཟན་གྱི་གསོལ་སྟོན》(སྤྱི་ལོ1898ལོ)《གཟའ་སྤེན་པའི་དགོང་མོ》(སྤྱི་ལོ1903ལོ)《བུད་མེད་བདག་པོ》(སྤྱི་ལོ1908ལོ)《ཨོག་དཀར་གྱི་ཞིང་ཁ》(སྤྱི་ལོ1916ལོ)སོགས་ཡོད། ཁོང་གི་བརྩེ་དུང་སྐྱོ་གར《སྤྲོ་སེམས་འཁོལ་བའི་མེ་ཏོག》(སྤྱི་ལོ1913ལོ)དང་བྱིས་པའི་འཕྲུལ་སྣང་ཟློས་གར《དཔེ་དེབ་རིང་ལུགས་ཀྱི་རྒྱལ་སྲས》(སྤྱི་ལོ1909ལོ)ཡང་སྐད་གྲགས་ཆེན་པོ་ཡོད། སྤྱི་ལོ1922ལོར་ཁོང་གི་བརྩམས་ཆོས《བཀྲ་མི་ཤིས་པའི་བུ་མོ》ཞེས་པར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ་རེད། བྱ་དགའ་ཐོབ་པའི་རྒྱུ་མཚན་ནི“ཁོང་གིས་བྱེད་ཐབས་འོས་འཚམས་སྤྱད་དེ་ཟློས་གར་གྱི་འོད་སྟོང་འཕྲོ་བའི་སྲོལ་རྒྱུན་རྒྱུན་མཐུད་བྱས་ཡོད”ཅེས་བཤད་ཡོད།
པེ་ནཱ་ཝུན་ཐི་ཡིས་སྤྱི་ཚོགས་ཀྱི་བཅོས་བསྒྱུར་དང་ཡར་ཐོན་ལ་སྒྱིད་ལུག་གི་རྣམ་འགྱུར་བཟུང་ཡོད། ཁོའི་འཁྲབ་གཞུང་གིས་སྤྱི་ཚོགས་ཀྱི་སྐྱུག་བྲོ་བའི་སྣང་ཚུལ་ཐེར་འདོན་དང་ཟུར་ཟ་བྱས་ཡོད་མོད།འོན་ཀྱང་ཁོང་གིས་རྩོམ་རིག་གི་ནུས་པ་ནི་མི་རྣམས་སྐྱོ་སངས་གཏོང་རྒྱུ་ཙམ་ཡིན་པར་འདོད།ཁོང་གི་འཁྲབ་གཞུང་མང་ཆེ་བ་གཏིང་ཟབ་པོ་མེད་ཀྱང་སྟབས་བདེ་ལ་སྤྲོ་སྣང་ལྡན་པ་དང་།མི་སྣའི་སྐད་ཆ་ཤོད་རེས་བྱས་པ་ཕུལ་དུ་བྱུང་བ་དང་།གནས་ལུགས་ཀྱི་དོན་སྙིང་ཟབ་མོ་ལྡན་པ།གོ་དོན་ཟབ་མོ་ལྡན་པ་བཅས་ཡོད།པེ་ན་ཝུན་ཐེ་ནི་ཨེ་ཆེ་ཅ་ལའེ་ཡི་རྗེས་སུ་སྐབས་ཤིག་རིང་དར་ཁྱབ་ཆེ་བའི་ཟློས་གར་མཁས་ཅན་ཞིག་ཡིན་ཞིང་།ཁོང་གིས་རང་ཉིད་ཀྱི་གསར་རྩོམ་ལ་བརྟེན་ནས་སི་ཕེན་དུ་དར་ཁྱབ་ཆེ་བའི་འཆར་ཡན་རིང་ལུགས་ཀྱི་ཟློས་གར་གྱི་ཚབ་བྱས་པ་རེད།
ཁོང་གིས་ད་དུང《སྙན་ངག་ཕྱོགས་བསྒྲིགས》(སྤྱི་ལོ1893ལོ)དང་། བརྩམས་སྒྲུང་རིང་གྲས《ཞི་ལ་དྭངས་གཙང་ཡོང་ཆེད》སོགས་བརྩམས་ཡོད།