བསྡོམས་རྩིས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-10-15 09:07ལ་འགྲུབ།

བསྡོམས་རྩིས།

བསྡོམས་རྩིས།
བསྡོམས་རྩིས་ཞེས་པའི་ཐ་སྙད་དེ་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་དཔྱད་བྱས་པ་ལས་བྱུང་བ་དང་། ཆེས་སྔ་ཤོས་སུ་རྒྱལ་ཁབ་ཀྱི་གནས་ཚུལ་རིག་པ་ཡིན། སྤྱིར་བཏང་དུ་བཤད་ན། བསྡོམས་རྩིས་ལ་གོ་དོན་གསུམ་ཡོད་དེ། བསྡོམས་རྩིས་ལས་ཀ་དང་བསྡོམས་རྩིས་རྒྱུ་ཆ། བསྡོམས་རྩིས་ཚན་རིག་བཅས་ཡིན། བསྡོམས་རྩིས་ལས་ཀ་དང་བསྡོམས་རྩིས་ཀྱི་རྒྱུ་ཆ། བསྡོམས་རྩིས་ཚན་རིག་བཅས་གསུམ་པོའི་བར་གྱི་འབྲེལ་བ་ནི། བསྡོམས་རྩིས་ལས་ཀའི་གྲུབ་འབྲས་ནི་བསྡོམས་རྩིས་ཀྱི་རྒྱུ་ཆ་ཡིན་པ་དང་། བསྡོམས་རྩིས་ཀྱི་རྒྱུ་ཆ་དང་བསྡོམས་རྩིས་ཚན་རིག་གི་རྨང་གཞི་ནི་བསྡོམས་རྩིས་ཀྱི་ལས་ཀ་ཡིན། བསྡོམས་རྩིས་ཀྱི་ཚན་རིག་ནི་བསྡོམས་རྩིས་ལས་ཀའི་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཐོག་ནས་སྙིང་བསྡུས་བྱས་པ་ཞིག་ཡིན་ལ། བསྡོམས་རྩིས་ལས་ཀར་སློབ་སྟོན་བྱེད་པའི་རྩ་བའི་རིགས་པ་དང་། རྩ་དོན། ཐབས་ཤེས་བཅས་ཀྱང་ཡིན། ཐོག་མའི་བསྡོམས་རྩིས་ལས་ཀ་སྟེ་མི་རྣམས་ཀྱིས་གཞི་གྲངས་འཚོལ་སྡུད་བྱེད་པའི་གདོད་མའི་རྣམ་པར་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་ཡོད་ཅིང་། དེ་ཚན་རིག་ཅིག་ཡིན་པའི་ཆ་ནས་དུས་རབས17པ་ནས་འགོ་བརྩམས་པ་རེད། དབྱིན་ཡིག་ཁྲོད་ཀྱི་བསྡོམས་རྩིས་རིག་པ་བ་དང་སྡོམ་རྩིས་པ་གཉིས་ཐ་སྙད་གཅིག་ཡིན་མོད། འོན་ཀྱང་བསྡོམས་རྩིས་རིག་པ་ནི་ཐད་ཀར་བསྡོམས་རྩིས་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་ལས་བྱུང་བ་ཞིག་མིན། ཚན་རིག་རེ་རེར་གསར་འཛུགས་དང་འཕེལ་རྒྱས། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ཡོད་པ་དང་། བསྡོམས་རྩིས་ཚན་རིག་ནི་བསྡོམས་རྩིས་ལས་ཀའི་ཉམས་མྱོང་དང་སྤྱི་ཚོགས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས། ཚད་འཇལ་དཔལ་འབྱོར་བྱེད་ཐབས་བཅས་མཉམ་འདྲེས་དང་གདམ་གསེས། འཕེལ་རྒྱས་བཅས་ལས་བྱུང་བའི་མཐའ་ཁུལ་རང་བཞིན་ཅན་གྱི་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
统计
ཕྱི་ཡིག་གི་མིང་།
Statistic
ཐོག་མའི་གོ་དོན།
རྒྱལ་ཁབ་ཀྱི་གནས་ཚུལ་རིག་པ།
1 རྩ་བའི་དོན་སྤྱི།

བསྡོམས་རྩིས་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ནི་འཛམ་གླིང་གི་ལ་ཏིང་སྐད་ཀྱིStatusལས་ཐོག་མར་བྱུང་བ་དང་། དེའི་གོ་དོན་ནི་སྣང་ཚུལ་སྣ་ཚོགས་ཀྱི་རྣམ་པ་དང་གནས་ཚུལ་ལ་ཟེར། ཐ་སྙད་དེ་ལས་དབྱི་ཐ་ལིའི་སྐདStatoདང་མཉམ་དུ་འདུས་ཏེ་གྲུབ་པ་དང་། “རྒྱལ་ཁབ”ཀྱི་དོན་མཚོན་ལ་རྒྱལ་ཁབ་ཀྱི་གྲུབ་ཆ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་བྱའི་ནང་དོན་ཡང་ལྡན་ཡོད། ཐ་སྙད་འདིའི་རྩ་བ་ལྟར་ན། ཐོག་མར་མིང་དུ་སྤྱོད་པའི“བསྡོམས་རྩིས”ནི་དུས་རབས་བཅོ་བརྒྱད་པའི་འཇར་མན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཧེང་ཝ་ཨེར(G.Achenwall)གྱིས་སྤྱི་ལོ1749ལོར་བརྩམས་པའི《ཉེ་རབས་ཀྱི་ཡོ་རོབ་གླིང་རྒྱལ་ཁབ་ཁག་གི་རྒྱལ་ཁབ་རིག་པའི་རྩ་གནད》ཅེས་པའི་དཔེ་ཆའི་ནང་དུ། རྒྱལ་ཁབ་རིག་པའི་མིང་དེ “Statistika”(བསྡོམས་རྩིས)ཞེས་པའི་ཐ་སྙད་འདི་གཏན་འཁེལ་བྱས་ཡོད། ཐོག་མའི་དོན་ནི“རྒྱལ་ཁབ་ཀྱི་མངོན་གསལ་དོད་པའི་དོན་ཚན་ཞིབ་བསྡུར་དང་ཟིན་ཐོ་འགོད་པ”འམ“རྒྱལ་ཁབ་ཀྱི་གནས་ཚུལ་རིག་པ”ལ་ཟེར་ཞིང་། བསྡོམས་རྩིས་ནི་རྒྱལ་ཁབ་ཀྱིས་དོ་སྣང་བྱེད་དགོས་པའི་དོན་ཚན་སྐོར་གྱི་ཤེས་བྱ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེའི་རྗེས་སུ་རྒྱལ་ཁབ་ཁག་གིས་སྔ་ཕྱིར“བསྡོམས་རྩིས”ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་པར་མ་ཟད། ཐ་སྙད་འདི་རྒྱལ་ཁབ་ཁག་གི་ཡི་གེར་བསྒྱུར་བ་དང་། ཧྥ་རན་སེརStatistiqueདང་། དབྱི་ཐ་ལིརStatisticaཞེས་པར་བསྒྱུར་བ་དང་། དབྱིན་ཇིརStatisticsཞེས་པར་བསྒྱུར་པ་རེད། འཇར་པན་གྱིས་ཐོག་མར“ཆབ་སྲིད་རེའུ་མིག”དང་།“ཆབ་སྲིད་རྩིས་རྒྱག”“རྒྱལ་ཁབ་ཀྱི་སྟོབས”“དུས་བབ”སོགས་སུ་བསྒྱུར་ཡོད། སྤྱི་ལོ1880ལོར་ཐའེ་སྲིད་དཔོན་ཤག་ཏུ་བསྡོམས་རྩིས་ཁང་བཙུགས་རྗེས“བསྡོམས་རྩིས”ཞེས་པའི་ཡིག་འབྲུ་དངོས་གཏན་འཁེལ་བྱས་པ་རེད། སྤྱི་ལོ1903ལོར(ཆིང་རྒྱལ་རབས་ཀྱི་ཀོང་ཞུའུ་ལོ་ཉེར་དགུའི་ལོར)ཉིའུ་ཡུང་ཅན་དང་ལིན་ཀྲུའོ་ནན་སོགས་ཀྱིས་ཧེང་ཧྲན་ཡཱ་ནན་གྱི་《བསྡོམས་རྩིས་ཀྱི་གཏམ་རྒྱུད་ཟིན་ཐོ》ཞེས་པའི་དཔེ་ཆ་བཞི་བསྒྱུར་ཏེ“བསྡོམས་རྩིས”ཞེས་པའི་ཐ་སྙད་འདི་འཇར་པན་ནས་རང་རྒྱལ་དུ་བརྒྱུད་སྤྲོད་བྱས། སྤྱི་ལོ1907ལོར། (ཆིང་རྒྱལ་རབས་ཀྱི་ཀོང་ཞུའུ་ལོ་སུམ་ཅུ་སུམ་པར)ཕེང་ཙུའུ་ཀྲིས་རྩོམ་སྒྲིག་བྱས་པའི《བསྡོམས་རྩིས་རིག་པ》འཇར་པན་དུ་དཔེ་སྐྲུན་བྱས་པ་དང་། དུས་མཚུངས་སུ་རྒྱལ་ནང་དུ་འགྲེམས་སྤེལ་བྱས་པ་དེ་ནི་རང་རྒྱལ་གྱི“བསྡོམས་རྩིས་རིག་པའི”དཔེ་དེབ་སྔ་ཤོས་ཤིག་རེད།“བསྡོམས་རྩིས”ཞེས་པའི་ཐ་སྙད་དེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་གནས་ཚུལ་འཁོད་པའི་གྲངས་འབོར་གྱི་འབྲེལ་བ་མཚོན་པའི་སྤྱི་མིང་དུ་གྱུར་ཡོད།

མིའི་རིགས་ཀྱིས་དངོས་པོའི་གྲངས་ཚད་ལ་ངོས་འཛིན་བྱུང་བ་ལས་གྲུབ་པའི་མཚན་ཉིད་ཅིག་ཡིན། རྒྱ་ཡིག་ཁྲོད་ཀྱི་བསྡོམས་རྩིས་ལ་བསྡོམས་རྩིས་དང་བསྡོམས་རྩིས་ཀྱི་ནང་དོན་ཡོད། སྣང་ཚུལ་ག་གེ་མོ་ཞིག་ལ་འབྲེལ་ཡོད་ཀྱི་གཞི་གྲངས་འཚོལ་སྡུད་དང་ལེགས་སྒྲིག རྩིས་རྒྱག དབྱེ་ཞིབ། འགྲེལ་བཤད། ཞིབ་གླེང་སོགས་ཀྱི་བྱ་འགུལ་ལ་ཟེར།

1. སྣང་ཚུལ་ཞིག་ལ་འབྲེལ་བ་ཡོད་པའི་གཞི་གྲངས་ཀྱི་འཚོལ་སྡུད་དང་ལེགས་སྒྲིག རྩིས་རྒྱག དབྱེ་ཞིབ་སོགས་ལ་བསྟན་པ་ཡིན། དཔེར་ན། མི་འབོར་བསྡོམས་རྩིས་ལྟ་བུ།

2. སྤྱི་བསྡོམས་ཀྱིས་རྩིས་རྒྱག་པ། དཔེར་ན། རྒྱལ་ཡོངས་ཚགས་པར་གྱི་གཞི་གྲངས་སྡོམ་རྩིས་བྱེད་པ་ལྟ་བུ། 

2 ཕྱི་ཡིག་གི་ཐ་སྙད་ཀྱི་འབྱུང་ཁུངས།

བསྡོམས་རྩིས་རིག་པའི་དབྱིན་ཡིག་གི(statistics)ཐ་སྙད་ནི་དེང་རབས་ཀྱི་ལ་ཏིང་སྐད་ཀྱིstatisticum collegium(རྒྱལ་ཚོགས)དང་། དབྱི་ཐ་ལིའི་སྐད་ཀྱིstatista(རྒྱལ་དམངས་སམ་ཆབ་སྲིད་མཁས་ཅན)ལས་བྱུང་བ་རེད། འཇར་མན་གྱི་སྐད་ནང་དུStatistikཡོད་པ་ཆེས་ཐོག་མརGottfried Achenwall(སྤྱི་ལོ1749ལོར)ཡིས་བཀོལ་སྤྱོད་བྱས་པ་དང་། དེས་རྒྱལ་ཁབ་ཀྱི་རྒྱུ་ཆར་དབྱེ་ཞིབ་བྱེད་པའི་ཤེས་བྱ་མཚོན་པ་སྟེ།“རྒྱལ་ཁབ་ཀྱི་ཚན་རིག་ལ་ཞིབ་འཇུག་བྱེད་པ”དེ་རེད། དུས་རབས་བཅུ་དགུ་བའི་བསྡོམས་རྩིས་རིག་པ་ནི་རྒྱ་ཁྱབ་ཏུ་གཞི་གྲངས་འཚོལ་སྡུད་དང་དཔྱད་ཡིག་ཁྲོད་དེའི་དོན་སྙིང་ལ་རྩད་ཞིབ་བྱེད་པ་དེ་ཡིན། Sir John Sinclair སྤྱི་ལོ1791ལོར་ཐེངས་དང་པོར《སུའུ་ཀུ་ལན་གྱི་བསྡོམས་རྩིས་རྩིས་ཐོ》བམ་པོ21པར་སྐྲུན་བྱེད་སྐབས་བསྡོམས་རྩིས་རིག་པ་དབྱིན་ཡིག་ཁྲོད་དུ་ནང་འདྲེན་བྱས།

3 གོ་དོན་གསུམ་ལ་འཇུག་ཚུལ།

དོན་དངོས་ཀྱི་ཉེར་སྤྱོད་ཁྲོད། མི་རྣམས་ཀྱིས་བསྡོམས་རྩིས་ཞེས་པའི་ཐ་སྙད་ལ་གོ་བ་ལེན་སྟངས་ལ་སྤྱིར་བཏང་དུ་ནང་དོན་གསུམ་ཡོད་དེ། བསྡོམས་རྩིས་ལས་ཀ་དང་བསྡོམས་རྩིས་རྒྱུ་ཆ། བསྡོམས་རྩིས་ཚན་རིག་བཅས་ཡིན་ཏེ། 

(1.)བསྡོམས་རྩིས་ལས་ཀ འདི་ནི་ཚན་རིག་དང་མཐུན་པའི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཚོགས་དཔལ་འབྱོར་སྣང་ཚུལ་གྱི་གྲངས་འབོར་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག དབྱེ་ཞིབ། འདོན་སྤྲོད་བཅས་བྱེད་པའི་ལས་ཀའི་སྤྱི་མིང་ལ་ཟེར་བ་དང་། དེ་ནི་བསྡོམས་རྩིས་ཀྱི་རྨང་གཞི་ཡིན། བསྡོམས་རྩིས་ལག་ལེན་ནམ་ཡང་ན་བསྡོམས་རྩིས་བྱེད་སྒོ་ཡང་ཟེར། བསྡོམས་རྩིས་ཀྱི་རིགས་པའི་གཞུང་ལུགས་ངེས་ཅན་ཞིག་གི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་བསྡོམས་རྩིས་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག དབྱེ་ཞིབ་བཅས་བྱེད་པའི་བྱེད་སྒོ་རབ་དང་རིམ་པའི་བརྒྱུུད་རིམ་ཞིག་ཡིན། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བ་དང་། རྒྱལ་ཁབ་སྐྱོང་བ། དོ་དམ་བྱེད་པ་བཅས་ཀྱི་དགོས་མཁོ་དང་བསྟུན་ནས་བྱུང་བ་དང་གོང་དུ་འཕེལ་བ་ཞིག་ཡིན་ཞིང་། ད་ལྟའི་བར་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡོད། དངོས་ཡོད་འཚོ་བའི་ནང་བསྡོམས་རྩིས་ལས་དོན་དེ་སྤྱི་ཚོགས་དཔལ་འབྱོར་གྱི་སྣང་ཚུལ་སྤྱི་ཡོངས་དང་རང་བྱུང་སྣང་ཚུལ་སྤྱི་ཡོངས་ལ་ངོས་འཛིན་བྱེད་པའི་ལག་ལེན་གྱི་བརྒྱུད་རིམ་ཞིག་ཡིན་པའི་ངོས་ནས་སྤྱིར་ན་བསྡོམས་རྩིས་ཇུས་འགོད་དང་། བསྡོམས་རྩིས་བརྟག་དཔྱད། བསྡོམས་རྩིས་ལེགས་སྒྲིག བསྡོམས་རྩིས་དབྱེ་ཞིབ་བཅས་ལྷུ་ཚིགས་བཞི་ཚུད་ཡོད།  

(2.)བསྡོམས་རྩིས་ཀྱི་རྒྱུ་ཆ། དེ་ནི་བསྡོམས་རྩིས་ཀྱི་ལས་ཀ་བརྒྱུད་དེ་སྤྱི་ཚོགས་ཀྱི་དཔལ་འབྱོར་སྣང་ཚུལ་མཚོན་པའི་གཞི་གྲངས་དཔྱད་གཞིའི་སྤྱི་མིང་ལ་ཟེར། བསྡོམས་རྩིས་ལས་ཀར་ཐོབ་པའི་གྲངས་ཀའི་དཔྱད་ཡིག་ཁག་དང་འབྲེལ་ཡོད་ཡིག་རིགས་ཀྱི་དཔྱད་ཡིག་དག་སྤྱིར་བཏང་དུ་བསྡོམས་རྩིས་རེའུ་མིག་དང་། བསྡོམས་རྩིས་དཔེ་རིས། བསྡོམས་རྩིས་ལག་དེབ། བསྡོམས་རྩིས་ཕྲེང་བསྟར་ལོ་རྒྱུས། བསྡོམས་རྩིས་རྒྱུ་ཆ་ཕྱོགས་བསྒྲིགས་དང་བསྡོམས་རྩིས་དབྱེ་ཞིབ་སྙན་ཞུའི་ནང་མཚོན་ཡོད། བསྡོམས་རྩིས་ཆ་འཕྲིན་ཡང་ཟེར། དེ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་སྣང་ཚུལ་ངེས་ཅན་ཞིག་གི་སྤྱིའི་ཁྱད་ཆོས་སམ་ཡང་ན་རང་བྱུང་སྣང་ཚུལ་གྱི་སྤྱིའི་ཁྱད་ཆོས་སམ་ཆོས་ཉིད་མཚོན་པའི་ཨང་ཀིའི་རྒྱུ་ཆ་དང་། ཡི་གེའི་རྒྱུ་ཆ། དཔེ་རིས་ཀྱི་རྒྱུ་ཆ། འབྲེལ་ཡོད་ཀྱི་རྒྱུ་ཆ་གཞན་དག་བཅས་ཀྱི་སྤྱི་མིང་ཡིན། དེའི་ནང་བརྟག་དཔྱད་བྱས་མ་ཐག་པའི་ཐོག་མའི་དཔྱད་ཡིག་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ལེགས་སྒྲིག་དང་ལས་སྣོན་བྱས་པའི་རིམ་པ་དམའ་བའི་དཔྱད་ཡིག་ཚུད་ཡོད། དེའི་རྣམ་པ་ནི་བསྡོམས་རྩིས་རེའུ་མིག་དང་། བསྡོམས་རྩིས་དཔེ་རིས། བསྡོམས་རྩིས་ལོ་རྒྱུས། བསྡོམས་རྩིས་སྤྱི་བསྒྲགས། བསྡོམས་རྩིས་སྙན་ཞུ། འབྲེལ་ཡོད་བསྡོམས་རྩིས་ཆ་འཕྲིན་གཞན་དག་བཅས་ཀྱི་མཚོན་བྱེད་ཡིན།       

(3.)སྡོམ་རྩིས་ཚན་རིག བསྡོམས་རྩིས་རིག་པ་ཡང་ཟེར་ཞིང་། དེ་ནི་བསྡོམས་རྩིས་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ། བརྒྱུད་རིམ་ལྡན་པའི་ཤེས་བྱའི་མ་ལག་ཅིག་ཀྱང་ཡིན། བསྡོམས་རྩིས་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག དབྱེ་ཞིབ་བཅས་ཇི་ལྟར་བྱེད་པའི་རིགས་པའི་གཞུང་ལུགས་དང་ཐབས་ཤེས་ལ་ཞིབ་འཇུག་བྱེད་པར་ཟེར། བསྡོམས་རྩིས་རིག་པ་ནི་གྲངས་རིག་བཀོལ་སྤྱོད་བྱེད་པའི་ཡན་ལག་ཅིག་ཡིན་ལ། གཙོ་བོ་ཚོད་རྩིས་སྨྲ་བར་བརྟེན་ནས་གྲངས་རིག་དཔེ་དབྱིབས་འཛུགས་པ་དང་། ལྟ་ཞིབ་མ་ལག་གི་གཞི་གྲངས་འཚོལ་སྡུད་བྱས་ཏེ། ཚད་འབེབས་དབྱེ་ཞིབ་དང་ཕྱོགས་སྡོམ་བྱེད་པར་མ་ཟད། ད་དུང་རིགས་འདེད་དང་སྔོན་དཔག་བྱས་ཏེ། འབྲེལ་ཡོད་ཐབས་ཇུས་ལ་གཞི་འཛིན་ས་དང་དཔྱད་གཞི་འདོན་སྤྲོད་བྱེད་དགོས། དེ་ནི་རིག་ཚན་སོ་སོའི་སྟེང་དུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་དང་། དངོས་ལུགས་དང་སྤྱི་ཚོགས་ཚན་རིག་ནས་མི་ཆོས་ཚན་རིག་བར་དང་། ཐ་ན་བཟོ་ཚོང་ལས་རིགས་དང་སྲིད་གཞུང་གི་གསང་འཕྲིན་ཇུས་ཐག་གཅོད་པའི་སྟེང་དུའང་སྤྱོད་བཞིན་ཡོད། 

བསྡོམས་རྩིས་རིག་པ་ལ་གཙོ་བོ་བསྡོམས་རྩིས་རིག་པ་དང་རིགས་འདེད་བསྡོམས་རྩིས་རིག་པ་གཉིས་སུ་དབྱེ་ཡོད། གཞི་གྲངས་སྐོར་ཞིག་གཏན་འཁེལ་བྱས་ན། བསྡོམས་རྩིས་རིག་པས་གཞི་གྲངས་འདི་གནད་བསྡུས་དང་ཞིབ་བརྗོད་བྱེད་ཐུབ། བཀོལ་ཐབས་འདི་ནི་བསྡོམས་རྩིས་རིག་པ་ཡིན། དེ་མིན། རྟོག་དཔྱོད་མཁན་གྱིས་གཞི་གྲངས་ཀྱི་རྣམ་པའི་ཐོག་ནས་སྐབས་བསྟུན་རང་བཞིན་དང་ངེས་གཏན་མེད་པའི་རང་བཞིན་གྱི་གྲངས་རིག་དཔེ་དབྱིབས་ལ་འགྲེལ་བཤད་རྒྱག་པ་དང་། དེ་ལ་བརྟེན་ནས་ཞིབ་འཇུག་ཁྲོད་ཀྱི་གོ་རིམ་དང་རྣམ་པར་ རིགས་འདེད་བྱེད་པ། སྤྱོད་སྟངས་འདིའི་རིགས་ལ་རིགས་འདེད་བསྡོམས་རྩིས་རིག་པ་ཟེར། སྤྱོད་སྟངས་འདི་གཉིས་ལ་ཉེར་སྤྱོད་བསྡོམས་རྩིས་རིག་པ་ཞེས་འབོད་ཆོག གཞན་ཡང་རྩིས་ཚན་བསྡོམས་རྩིས་རིག་པ་ཟེར་བའི་རིག་ཚན་ཞིག་ཡོད་པ་དེ་ཆེད་དུ་རིག་ཚན་འདིའི་རྒྱབ་ཀྱི་གཞུང་ལུགས་རྨང་གཞི་ལ་གྲོས་བསྡུར་བྱེད་བཞིན་ཡོད།   

སྤྱིའི་ཆ་ནས་བཤད་ན།“བསྡོམས་རྩིས”ཞེས་པའི་ཐ་སྙད་ཀྱི་ནང་དོན་གསུམ་ནི་འབྲེལ་བ་དམ་ཟབ་ཡོད་པ་དང་། བསྡོམས་རྩིས་རྒྱུུ་ཆ་ནི་བསྡོམས་རྩིས་ལས་ཀའི་གྲུབ་འབྲས་ཡིན་ཞིང་། བསྡོམས་རྩིས་ལས་ཀ་དང་བསྡོམས་རྩིས་ཚན་རིག་བར་ནི་ལག་ལེན་དང་རིགས་པའི་གཞུང་ལུགས་བར་གྱི་འབྲེལ་བ་ཡིན། 

4 རྩིས་རྒྱག་སྟངས།

ཆ་སྙོམས་གྲངས་ཐང་དང་དཀྱིལ་གྲངས། མང་གྲངས། དྲང་རྣམ་ཁྱབ་ཚུལ། དཔེ་འདེམས། ཚད་གཞི་ཞན་པ། སྲིད་ཕྱོད་སྨྲ་བ། ཞིབ་བཤེར་སོགས་ཀྱི་ཞིབ་བཤེར་བཅས་བྱེད་དགོས།    


དཔྱད་གཞིའི་ཡིག་ཆ།