ཀྲུང་གོའི་སྒྲུང་གཏམ་རྩོམ་རིགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-10-08 14:37ལ་འགྲུབ།

ཀྲུང་གོའི་སྒྲུང་གཏམ་རྩོམ་རིག

ཀྲུང་གོའི་སྒྲུང་གཏམ་རྩོམ་རིག
སྒྲུང་གཏམ་ནི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱ་རྒྱུ་ལྟེ་བར་བཟུང་ནས་ཆ་ཚང་བའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་ཁོར་ཡུག་ཞིབ་འབྲི་བྱས་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་ལུས་ཤིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小说
ཕྱི་ཡིག་གི་མིང་།
Fiction、story、novel
རྒྱུ་གསུམ།
མི་སྣ། བྱུང་རིམ། ཁོར་ཡུག
རིགས་དབྱེ།
སྒྲུང་རིང་། སྒྲུང་འབྲིང་། སྒྲུང་ཐུང་།
གཏམ་རྒྱུད་བྱུང་རིམ།
མགོ་བཙུགས་པ། འཕེལ་རྒྱས། མཐོ་རླབས། མཇུག་འབྲས།
ཁོར་ཡུག
སྤྱི་ཚོགས་ཁོར་ཡུག རང་བྱུང་ཁོར་ཡུག
1 འབྱུང་ཁུངས།

“སྒྲུང་གཏམ”ཞེས་པའི་ཐ་སྙད་དེ་ཆེས་ཐོག་མར《ཀྲོང་ཙིའི་ཕྱི་དངོས》ཞེས་པའི་ནང་བྱུང་ཞིང་། ཀྲོང་ཙིའི“སྒྲུང་གཏམ”ཞེས་པ་ནི་གཏམ་བརྗོད་ཕྲན་ཚེགས་ལ་གོ་ཞིང་། དེ་སྒྲུང་གཏམ་གྱི་འདུ་ཤེས་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཀྲུང་གོའི་སྒྲུང་གཏམ་གྱི་ཁྱད་ཆོས་གཙོ་བོ་ནི་སུང་རྒྱལ་རབས་ནས་བཟུང་ཡིག་སྐད་ཀྱི་སྒྲུང་གཏམ་དང་ཕལ་སྐད་ཀྱི་སྒྲུང་གཏམ་མི་འདྲ་བ་གཉིས་བྱུང་བ་སྟེ། ཡིག་སྐད་ཀྱི་སྒྲུང་གཏམ་ནི་ཆིན་རྒྱལ་རབས་ཀྱི་ཁྲོམ་གཏམ་སྲང་གླེང་ལས་བྱུང་བ་དང་། དེ་ནི་དོན་ཙག་ཙིག་ཟིན་ཐོར་བཀོད་པ་ཞིག་ཡིན་ལ། ཝེ་ཅིན་རྒྱལ་རབས་ལྷོ་བྱང་དང་སུའེ་ཐང་གི་དུས་ཡུན་རིང་བོའི་འཕེལ་རྒྱས་བརྒྱུད་དེ། བརྗོད་བྱ་དང་མི་སྣ་ཞིབ་འབྲི་སོགས་གང་ཐད་དུ་ཡིག་སྐད་ཀྱི་སྒྲུང་གཏམ་ལ་ཡར་རྒྱས་མངོན་གསལ་བྱུང་ཡོད་ཅིང་། ཟིན་བྲིས་དང་གཏམ་རྒྱུད་ཀྱི་སྒྲུང་གཏམ་རིགས་གཉིས་གྲུབ། ཕལ་སྐད་ཀྱི་སྒྲུང་གཏམ་ནི་ཐང་དང་སུང་རྒྱལ་རབས་སྐབས་ཀྱི་སྒྲུང་དཔེ་ལས་བྱུང་བ་དང་། གཏམ་རྒྱུད་ཀྱི་རྒྱུ་ཆ་དམངས་ཁྲོད་ནས་བྱུང་བ་ཡིན་ཞིང་། གཙོ་བོ་མི་སེར་གྱི་འཚོ་བ་དང་བསམ་བློའི་འདུ་ཤེས་མཚོན་ཡོད། འོན་ཀྱང་ཡིག་སྐད་ཀྱི་སྒྲུང་གཏམ་མམ་ཡང་ན་ཕལ་སྐད་ཀྱི་སྒྲུང་གཏམ་གང་ཡིན་རུང་ཚང་མར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རང་རང་སོ་སོའི་སྒྱུ་རྩལ་གྱི་ཁྱད་ཆོས་མི་འདྲ་བ་མངོན་ཡོད།

2 ཁྱད་ཆོས།

རིན་ཐང་རང་བཞིན།

སྒྲུང་གཏམ་གྱི་རིན་ཐང་གི་ངོ་བོ་ནི་དུས་ཚོད་ཀྱི་གོ་རིམ་དང་། མི་སྣ་གཅིག་གམ་ཡང་ན་མི་སྣ་འགའ་གཙོ་རྐང་དུ་བྱས་ནས་ཞིབ་ཕྲ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་སྣ་སྣ་ཚོགས་ཀྱི་རིན་ཐང་འབྲེལ་བའི(ཆབ་སྲིད་ཀྱི་འབྲེལ་བ་དང་། དཔལ་འབྱོར་གྱི་འབྲེལ་བ། རིག་གནས་ཀྱི་འབྲེལ་བ་བཅས)བྱུང་བ་དང་འཕེལ་རྒྱས། ཉམས་ཉེས་བཅས་ཀྱི་བརྒྱུད་རིམ་མཚོན་ཡོད། ཞིབ་ཚགས་དང་ཕྱོགས་བསྡུས་ཀྱི་སྒོ་ནས་རིན་ཐང་འབྲེལ་བ་སྣ་ཚོགས་ཀྱི་ཕན་ཚུན་ནུས་པ་མངོན་པར་བྱས་ཡོད།

ཤོང་ཚད་རང་བཞིན།

རྩོམ་རིག་གི་རྣམ་པ་གཞན་དང་བསྡུར་ན། སྒྲུང་གཏམ་གྱི་ཤོང་ཚད་ཅུང་ཆེ་ཞིང་། དེས་མི་སྣའི་གཤིས་ཀ་དང་མི་སྣའི་ལས་དབང་ཞིབ་ཚགས་ངང་མངོན་ཐུབ་པ་དང་། རྙོག་འཛིང་ཆེ་བའི་འགལ་འདུ་དང་གདོང་གཏུག་མཚོན་ཐུབ་པ་མ་ཟད། ད་དུང་མི་སྣ་གནས་པའི་སྤྱི་ཚོགས་འཚོ་བའི་ཁོར་ཡུག་ཀྱང་ཞིབ་བརྗོད་བྱེད་ཐུབ། དེའི་དགེ་མཚན་ནི་སྤྱི་ཚོགས་ཀྱི་འཚོ་བ་ཁྱོན་ཡོངས་དང་རྒྱ་ཆེ་བར་འདོན་སྤྲོད་བྱེད་ཐུབ་པ་དེ་ཡིན།

བྱུང་རིམ་རང་བཞིན།

སྒྲུང་གཏམ་དེ་གཙོ་བོ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་བརྟེན་ནས་མི་སྣའི་གཤིས་ཀ་དང་བརྗོད་སྙིང་མངོན་གྱིན་ཡོད་དེ། གཏམ་རྒྱུད་ནི་འཚོ་བ་ལས་བྱུང་བ་ཡིན་མོད། འོན་ཀྱང་ལེགས་སྒྲིག་དང་གདམ་གསེས། བཀོད་སྒྲིག་བཅས་བྱས་པ་བརྒྱུད་དངོས་ཡོད་འཚོ་བའི་ཁྲོད་བྱུང་བའི་དངོས་ཡོད་དཔེ་དངོས་ལས་གཅིག་སྡུད་དང་། དེ་བས་ཆ་ཚང་དང་འཐུས་ཚབ་རང་བཞིན་ལྡན་པ་བཅས་ཡིན།

ཁོར་ཡུག་རང་བཞིན།

སྒྲུང་གཏམ་གྱི་ཁོར་ཡུག་ཞིབ་འབྲི་དང་མི་སྣ་གསར་བཞེངས་བྱེད་པ་དེ་བརྗོད་སྙིང་གཙོ་བོར་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ཅིང་། ཁོར་ཡུག་ཞིབ་འབྲི་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྤྱི་ཚོགས་ཁོར་ཡུག་ནི་གཙོ་གནད་ཡིན་ལ། དེས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་གསལ་སྟོན་བྱས་ཡོད་པ་སྟེ། དཔེར་ན་མི་སྣའི་ཐོབ་ཐང་དང་གོ་གནས། འཚར་ལོངས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལྟ་བུ་ཡིན། རང་བྱུང་ཁོར་ཡུག་ནང་མི་སྣའི་བྱེད་སྒོ་སྤེལ་ཡུལ་དང་དུས་ཚོད། དུས་ཚིགས། གནམ་གཤིས། ཡུལ་ལྗོངས་བཅས་འདུས་ཤིང་མི་སྣའི་ཐོབ་ཐང་དང་གོ་གནས་མཚོན་པར་བྱེད་ཀྱིན་ཡོད། རང་བྱུང་ཁོར་ཡུག་ཞིབ་འབྲི་བྱེད་པ་དེས་མི་སྣའི་སེམས་ཁམས་མཚོན་པ་དང་ཁོར་ཡུག་གི་རྣམ་པ་འུད་སྒྲོག་བྱེད་པར་ནུས་པ་མི་ཉུང་བ་ཞིག་ཐོན་ཡོད།

འཕེལ་རྒྱས་རང་བཞིན།

སྒྲུང་གཏམ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བ་ཞིག་ཡིན་པ་སྟེ། ཝེ་ཅིན་རྒྱལ་རབས་ལྷོ་བྱང་གི་སྐབས་སུ་ཤེས་ཡོན་པའི་ཟིན་བྲིས་ནི་ཀྲུང་གོའི་གནའ་རབས་སྒྲུང་གཏམ་གྱི་ཐོག་མའི་རྣམ་པ་ཡིན་ཞིང་། ཐང་རྒྱལ་རབས་ཀྱི་གཏམ་རྒྱུད་དང་། ལྷག་པར་དུ་བརྩེ་དུང་གི་གཏམ་རྒྱུད་ཆེན་པོ་གསུམ་གྱིས་གནའ་བོའི་སྒྲུང་གཏམ་དངོས་སུ་གྲུབ་པ་མཚོན། སུང་ཡོན་རྒྱལ་རབས་གཉིས་ཀྱིས་ཚོང་ཟོག་དཔལ་འབྱོར་དང་ཁྲོམ་ལམ་རིག་གནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྒྲུང་དཔེ་བྱུང་བ་དང་། དེས་སྒྲུང་གཏམ་འཕེལ་རྒྱས་བྱུང་བར་རྨང་གཞི་བརྟན་པོ་བཏིངས། མིང་ཆིང་རྒྱལ་རབས་ཀྱི་སྒྲུང་གཏམ་ནི་ཀྲུང་གོའི་གནའ་རབས་སྒྲུང་གཏམ་འཕེལ་རྒྱས་ཀྱི་ཡང་རྩེ་ཡིན་ཞིང་། སྐབས་དེར་དེ་ལས་བརྒལ་ཐུབ་མཁན་མེད་ཅིང་། བརྩམས་ཆོས་གྲགས་ཅན་བཞི་པོ་དེ་དག་ཀྱང་ཚང་མ་དེ་ལས་བྱུང་བ་རེད།

རྣམ་དག་རང་བཞིན།

རྩོམ་རིག་རྐྱང་པའི་ཁྲོད་ཀྱི་སྒྲུང་གཏམ་རྩོམ་ལུས་ཀྱིས་རྣམ་དག་རང་བཞིན་ལ་དང་དོད་བྱེད་ཅིང་། སྒྲུང་གཏམ་དེའི་བསམ་བཀོད་དང་རྩོམ་འབྲིའི་བརྒྱུད་རིམ་ནང་ཆབ་སྲིད་ཀྱི་རྫུན་གཏམ་དང་། ཀུན་སྤྱོད་ཀྱི་རྫུན་གཏམ། ཚོང་ལས་ཀྱི་རྫུན་གཏམ། གྲལ་རིམ་གྱི་དབང་ཆའི་རྫུན་གཏམ། རྨོངས་བའི་རྫུན་གཏམ་སོགས་རྫུན་གཏམ་གང་ཡོད་ཕྱིར་བཏོན་ནས་མངོན་པའི་བརྩམས་སྒྲུང་གི་ཐོན་རྫས་ལ་སྒྱུ་རྩལ་གྱི་རང་བཞིན་འཁྲུལ་མེད་ལྡན་པ་ཞིག་ཡིན་ཞིང་། སྒྲུང་གཏམ་གྱི་རྣམ་དག་རང་བཞིན་ནི་ཀློག་པ་པོའི་ཆེས་གལ་ཆེ་བའི་མཛེས་དཔྱོད་ཀྱི་རེ་སྒུག་ཅིག་ཡིན་ལ། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བརྩམས་སྒྲུང་ཙམ་མིན་པར་རྩོམ་རིག་ཧྲིལ་བོའི་རྣམ་དག་རང་བཞིན་ལས་བརྒལ་ནས་འཛམ་གླིང་ཧྲིལ་བོའི་རྩོམ་རིག་མཛེས་དཔྱོད་ཀྱི་སྲོག་ཤིང་གལ་ཆེན་ཞིག་ཏུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།