སི་ཕེ་ལི།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-08 14:37ལ་འགྲུབ།

སི་ཕེ་ལི།

སི་ཕེ་ལི།
ཁོང་ནི་སྤྱི་ལོ1913ལོའི་ཟླ8པའི་ཚེས20ཉིན་ཧཱ་ཐུ་ཧྥུའུ་ཏུ་རུ་སྐུ་འཁྲུངས་ཤིང་། ཨ་རིའི་སེམས་ཁམས་སྐྱེ་དངོས་རིག་པ་བ་ཞིག་ཡིན། ཁོང་གིས་ཀླད་ཆེན་ཕྱེད་གཉིས་ཀྱི་གསང་བ་དང་བྱེད་ནུས་ཀྱི་ལས་བགོས་ལ་ཞིབ་འཇུག་བྱས་ཏེ། མི་རྣམས་ལ་མིའི་ཀླད་པའི་ཚད་མཐོའི་བྱེད་ནུས་ཤེས་རྟོགས་འབྱུང་བར་ངེས་ཤེས་གསར་བ་འདོན་སྤྲོད་བྱས་པའི་དབང་གིས་སྤྱི་ལོ1981ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1994ལོའི་ཟླ4བའི་ཚེས17ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯佩里
ཕྱི་ཡིག་གི་མིང་།
Roger Wolcott Sperry
མཚན་ཧྲིལ་པོ།
ལུའོ་ཅེ·སི་ཕེ་ལི།
རྒྱལ་ཁབ།
ཨ་རི།
འཁྲུངས་ཡུལ།
ཧཱ་ཐུ་ཧྥུའུ་ཏུ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1913.8.20-1994.4.17)
མཐར་ཕྱིན་སློབ་གྲྭ།
ཀྲི་ཅཱ་ཀུ་སློབ་གྲྭ་ཆེན་མོ།
བསླབ་གནས།
འབུམ་རམས་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1981ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ​ངོ་སྤྲོད།

ལུའོ་ཅེ·སི་ཕེ་ལི་ནི་སྤྱི་ལོ1913ལོའི་ཟླ8པའི་ཚེས20ཉིན་ཧཱ་ཐུ་ཧྥུའུ་ཏུ་རུ་སྐུ་འཁྲུངས་ཤིང་། ཨ་རིའི་སེམས་ཁམས་སྐྱེ་དངོས་རིག་པ་བ་ཞིག་ཡིན། སྤྱི་ལོ1941ལོར་ཀྲི་ཅཱ་ཀུ་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1954ལོར་ཅཱ་ལི་ཧྥུའུ་ཉི་ཡའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སེམས་ཁམས་སྐྱེ་དངོས་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས། ཁོང་ནི་ཨ་རིའི་རྒྱལ་ཁབ་ཚན་རིག་གླིང་གི་ཡོན་ཧྲི་དང་ཨ་རིའི་ཚན་རིག་སྐུལ་སྤེལ་ཚོགས་པ་སོགས་རྩ་འཛུགས་ཀྱི་ཁོངས་མི་ཡིན་ལ། རྒྱལ་སྤྱིའི་ཀླད་པའི་ཞིབ་འཇུག་རྩ་འཛུགས་ཀྱི་ཁོངས་མི་ཡང་ཡིན། ཁོང་གིས་ཀླད་ཆེན་ཕྱེད་གཉིས་ཀྱི་གསང་བ་དང་བྱེད་ནུས་ཀྱི་ལས་བགོས་ལ་ཞིབ་འཇུག་བྱས་ཏེ། མི་རྣམས་ལ་མིའི་ཀླད་པའི་ཚད་མཐོའི་བྱེད་ནུས་ཤེས་རྟོགས་འབྱུང་བར་ངེས་ཤེས་གསར་བ་འདོན་སྤྲོད་བྱས་པའི་དབང་གིས་སྤྱི་ལོ1981ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1994ལོའི་ཟླ4བའི་ཚེས17ཉིན་སྐུ་གཤེགས།  

2 གྲུབ་འབྲས།

ཐོག་མའི་གསར་རྙེད་གལ་ཆེན།

སྤྱི་ལོ1943ལོར་སི་ཕེ་ལི་ལ་འབུམ་རམས་པའི་བསླབ་གནས་ཐོབ་ནས་ཅང་མ་འགོར་བར་ཨ་རི་ནས་བྱ་སྤྱོད་རིང་ལུགས་དར་ཁྱབ་ཆེན་པོ་བྱུང་། མི་རྣམས་ཀྱིས་ཁོར་ཡུག་དང་ཉམས་མྱོང་ནི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་དང་ཐག་གཅོད་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་དང་འདང་ངེས་ཆ་རྐྱེན་ཡིན་པར་འདོད་བཞིན་ཡོད། དུས་དེར་སི་ཕེ་ལི་ཡིས་ད་ལྟའི་བར་དུ་ད་དུང་ལུང་འདྲེན་དུ་སྤྱོད་པའི་ཚོད་ལྟའི་སྙན་ཞུ་ཞིག་སྤེལ་ནས་སྐབས་དེའི་ཆེད་ལས་མཁས་པ་རྣམས(ཁོང་ཉིད་ཀྱི་མཛུབ་སྟོན་དགེ་རྒན་ཆེན་མོ་ཝན་སི་ཡང་འདུས)ཀྱིས་ཐུན་མོང་དུ་འཛིན་པའི་ཕྱོགས་ཞེན་གྱི་ལྟ་ཚུལ་རྩིས་མེད་དུ་བཏང་བ་རེད། ཁོང་གིས་སྦལ་བའི་ལྟ་བྱེད་དབང་རྩ་དེ་མིག་འབྲས་ཀྱི་རྒྱབ་ཕྱོགས་ནས་བཅད་པ་མ་ཟད། བཅད་ཟིན་པའི་མིག་འབྲས་དེ་མིག་གི་ནང་དུ་ལྟ་བྱེད་མདའ་མོར་ཏུའུ180བསྐོར་ནས་ཡང་བསྐྱར་གནས་ཡུལ་གཏན་འཁེལ་བྱས། དེ་ལྟར་འཁོར་སྐྱོད་བྱས་པའི་སྔ་རྗེས་ཀྱི་དྲ་སྐྱིའི་ཆ་ཤས་སོ་སོར་འབྱོར་བའི་ཕྱི་ཡོང་ཆ་འཕྲིན་གྱི་གོང་འོག་གཡས་གཡོན་ཏག་ཏག་གོ་ལྡོག་ཡོད་པ་རེད། གཤགས་བཅོས་བྱས་རྗེས་བཅད་ཟིན་པའི་ལྟ་བྱེད་དབང་རྩ་རིམ་བཞིན་ཉམས་པར་འགྱུར་བ་དང་། དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ལྟ་བྱེད་དབང་རྩ་གསར་བ་དེ་འཁོར་བསྐྱོད་བྱས་རྗེས་ཀྱི་མིག་འབྲས་སྟེང་དུ་ཡང་བསྐྱར་སྐྱེས་ཏེ། ཀླད་པའི་ཕྱོགས་སུ་བསྲིངས་ནས་ཀླད་པའི་མཐོང་ཚོར་ཁུལ་གྱི་དབང་རྩའི་ཕྲ་ཕུང་དང་འབྲེལ་སྲིད། སྐབས་དེར་སྦལ་བའི་མཐོང་ཚོར་སླར་གསོ་བྱུང་ཡང་ཕན་ནུས་ལྡན་པའི་ངེས་པ་མེད་ལ། སི་ཕེ་སི་ཡིས་དེའི་མཐོང་རྒྱའི་ཁྱབ་ཁོངས་སུ་འབུ་ཆུང་ཆུང་འཇོག་པའི་དུས་སུ་དེ་ནམ་ཡང་ལྡོག་ཕྱོགས་སུ་གཟན་ཆས་འཚོལ་གྱི་ཡོད། དེ་ལྟའི་དམིགས་ཡུལ་དང་བྱ་སྤྱོད་བར་གྱི་ནོར་འཛོལ་དེ་གང་ལྟར་ཀྱང་ཡོ་བསྲང་བྱེད་མི་ཐུབ་པ་དང་། གཟན་ཆས་ཁ་ནང་དུ་མ་བཞག་ན་སྦལ་བ་ལྟོགས་ནས་འཆི་ངེས་ཡིན། དངོས་བཤེར་ལས་མིག་གི་དྲ་སྐྱིའི་གནས་མི་འདྲ་བ་ལས་བྱུང་བའི་དབང་རྩའི་ཚི་སྣ་སྣ་ཚོགས་དང་ཀླད་པའི་མཐོང་ཚོར་ཁུལ་གྱི་དབང་རྩའི་ཕྲ་ཕུང་སོ་སོའི་བར་དུ་ཕན་ཚུན་ཟླ་བོ་རེ་ཡོད་ལ། ཞིབ་འཇུག་བྱེད་མཁན་གྱིས་སྲོག་ཆགས་ཀྱི་མིག་འབྲས་ཀྱི་གནས་ཁུལ་ཇི་ལྟར་གཏན་འཁེལ་དང་ལྟ་བྱེད་དབང་རྩ་ཇི་ལྟར་གཏུབ་གཅོད་བྱེད་པ། དྲ་སྐྱིའི་ཁག་སོ་སོའི་བསྐྱར་སྐྱེས་བྱུང་བའི་ལྟ་བྱེད་དབང་རྩའི་ཚི་སྣ་བསྐྱར་སྒྲིག་གམ་ཡང་ན་གནས་ནས་བསྐོར་ནས་སོང་བ་སོགས་བྱས་ཀྱང་། མཐར་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་གནས་ཡུལ་དུ་ལོག་སྲིད་པ་གསལ་བཤད་བྱས་པ་རེད།

དེར་གཞིགས་ནས་སི་ཕེ་ལི་ཡིས་དབང་རྩའི་ནུས་པ་ཕན་ཚུན་བརྗེ་རེས་བྱེད་མི་ཐུབ་པ་དང་ཀླད་པའི་འབྲེལ་བ་འགྱུར་ཐབས་མེད་པ་དང་། ལྟེ་བའི་དབང་རྩ་སྦྲེལ་བའི་སྐྱེ་འཚར་ལ་ཚད་མཐོའི་དམིགས་བསལ་གྱི་གདམ་གའི་རང་བཞིན་ལྡན་པ་མ་ཟད། གནད་ལ་འཁེལ་བའི་སྒོ་ནས་སྔོན་བཀོད་ལས་རིམ་ལྟར་ལས་ཀ་བྱེད་ཅིང་། དབང་རྩའི་འབྲེལ་མཐུད་ནི་རྒྱུད་འཛིན་གྱིས་ཐག་གཅོད་པ་ཡིན་ཞེས་པའི་ལྟ་བ་གསར་པ་བཏོན།

མིའི་རིགས་ཀྱི་བྱ་སྤྱོད་ནང་རྐྱེན་གྱི་སྔོན་རྟོགས་རང་བཞིན།

སྐྱེ་དངོས་སྦྲུམ་རྟེན་གྱི་དབྱེ་འབྱེད་སྐྱེས་འཚར་ནི་ནམ་ཡང་ཕྲ་ཕུང་གཅིག་ནས་འགོ་བརྩམས་པ་རེད། དེ་ཡང་མཐོ་རིམ་སྲོག་ཆགས་ཁྲོད་དུ་ཕྲ་ཕུང་གང་དག་གིས་རུས་པ་གྲུབ་པ་དང་གང་དག་ཁྲག་ལ་འགྱུར་བ་སོགས་རྒྱུད་འཛིན་གྱིས་ཐག་གཅོད་པ་ཀུན་གྱིས་ཁས་ལེན་པ་ཡིན། སི་ཕེ་ལིའི་བྱས་རྗེས་ནི་ལྷན་སྐྱེས་ཀྱི་ཤུགས་རྐྱེན་དེ་ཕུང་གྲུབ་ཀྱི་དབྱེ་འབྱེད་ནས་དབང་རྩའི་ཕྲ་ཕུང་རེ་ཟུང་གི་དབྱེ་འབྱེད་དུ་འགྱུར་བར་སྐུལ་འདེད་བཏང་བ་དེ་ཡིན་ལ། དེ་དང་མཉམ་དུ་དབང་རྩའི་མ་ལག་ནི་ལྷན་སྐྱེས་ཀྱིས་ཐག་གཅོད་བྱས་ཟིན་པའི་ཕུང་གྲུབ་ཡིན་པས་བྱ་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དེ་ཁོར་ཡུག་དང་ཉམས་མྱོང་གིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་གཏན་ནས་མིན་པ་གསལ་བཤད་བྱས་ཡོད་པ་དང་། དེ་ནི་ཁོར་ཡུག་དང་སློབ་སྦྱོང་གལ་མི་ཆེ་ཟེར་བ་མིན་པ་རེད།

དབང་རྩའི་མ་ལག་གི་གྲུབ་ཚུལ་གྱི་ཁྱད་པར།

སི་ཕེ་ལི་ཡིས་མི་རྣམས་ཀྱིས་དབང་རྩའི་མ་ལག་གི་གྲུབ་ཆའི་ཞིབ་ཕྲའི་ཐད་མངོན་པའི་ཧེ་བག་དེ་མི་རྣམས་ཀྱི་ངོ་གདོང་དང་མཛུབ་རིས་ཐོག་གི་ཧེ་བག་ལས་ཆེ་བ་ཡོད་པ་དང་། མི་སོ་སོའི་ཡོན་ཏན་དང་གཤིས་རྒྱུད་ལ་ལྷན་སྐྱེས་ནས་ཁྱད་པར་ཡོད་པས་སློབ་གསོ་གཏོང་སྟངས་དང་གཙོ་གནད་ཀྱང་སྣ་མང་ཅན་དུ་འགྱུར་དགོས་སྟེ། སྣོད་བསྟུན་སློབ་ཁྲིད་ལ་གྲུབ་འབྲས་ཆེན་པོ་ཐོབ་སྲིད་པ་མ་ཟད། མིའི་རིགས་ཀྱི་ཤེས་རིག་ཡང་སྣ་མང་ཕུན་སུམ་ཚོགས་པོར་གཏོང་ཐུབ་པ་ནན་བཤད་བྱས་ཡོད།

ཀླད་པའི་ཚན་རིག་ཐད་ཀྱི་བྱས་རྗེས།

སི་ཕེ་ལི་ཡིས་གཤིབ་བསྡུར་ཚོད་ལྟ་མང་པོ་བརྒྱུད་ནས་ཐོབ་པའི་ཚན་རིག་གི་གསར་རྙེད་ཀྱིས་དུས་ཡུན་རིང་པོར་ཐག་མ་ཆོད་པའི་ཚན་རིག་གི་གསང་བ་ཐག་གཅོད་བྱས་ཤིང་། སྲོལ་རྒྱུན་གྱི་གཞུང་ལུགས་མང་པོ་ཞིག་ལས་ཐོལ་བརྒལ་བྱུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཀླད་ཆེན་གྱི་བྱེད་ནུས་ཆེད་ལས་ཅན་དུ་འགྱུར་བ་འགྲེལ་བཤད་བྱས་པ་དང་། སི་ཕེ་ལི་ཡི་ཚན་རིག་གསར་རྙེད་ཀྱི་དོན་སྙིང་གལ་ཆེན་ཁག་གཤམ་གསལ་ཕྱོགས་ཁ་ཤས་ནས་མངོན་ཡོད་དེ།

གཅིག་ནི་ཀླད་མཐིལ་སྦྲེལ་ཕུང་གི་བརྒྱུད་སྤྲོད་ནུས་པ་གཏན་འཁེལ་བྱས་པ་དང་། ཀླད་མཐིལ་སྦྲེལ་ཕུང་རྫུན་མས་ནུས་པ་གང་ཡང་འདོན་མི་ཐུབ་པ་ར་སྤྲོད་བྱས། ཀླད་མཐིལ་སྦྲེལ་ཕུང་ནི་ཀླད་ཆེན་གྱི་ཕྱེད་གཉིས་སྦྲེལ་བའི་དབང་རྩ་ཞིག་ཡིན་ལ། དུས་ཡུན་རིང་བོར་དེས་ཀླད་པའི་བྱེད་ལས་འགུལ་སྐྱོད་ཁྲོད་ནུས་པ་འདོན་གྱིན་ཡོད་མེད་ཀྱི་གནད་དོན་ལ་གཏིང་ཐག་གཅོད་མ་ཐུབ་པར་ལུས། སི་ཕེ་ལི་ཡིས་གཤིབ་བསྡུར་ཚོད་ལྟ་བྱས་པ་བརྒྱུད་དེ་ཁ་གྱེས་བའི་ཀླད་པའི་ཕྱེད་གཉིས་ལ་རང་ཚུགས་ཀྱི་ཚོར་བ་དང་སློབ་སྦྱོང་། དྲན་འཛིན་བཅས་ཀྱི་ཤེས་རྟོགས་ཀྱི་ཁྱབ་ཁོངས་ཡོད་པ་དང་། ཀླད་མཐིལ་སྦྲེལ་ཕུང་ནི་སྲོལ་རྒྱུན་ལྟ་ཚུལ་གྱི་ངོས་འཛིན་བྱེད་སྟངས་དེ་ལྟ་བུ་ཞིག་ཞིག་མི་ཡིན་པར། དེ་ནི་ཀླད་པའི་འདེགས་སྐྱོར་དངོས་པོ་ཙམ་ཞིག་ཡིན་ལ་ཀླད་པའི་ཕྱེད་གཉིས་བར་གྱི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་པ་གསལ་འདོན་བྱས།  དེ་ལྟར་མཇུག་མཐར་སི་ཕེ་ལི་ཡིས་ཀླད་མཐིལ་སྦྲེལ་ཕུང་གི་ཀླད་ཆེན་ཁྲོད་ཀྱི་ནུས་པ་གསལ་པོར་ཤེས་རྟོགས་བྱུང་བ་རེད།

གཉིས་ནི་ཀླད་པའི་ཕྱེད་གཡས་པའི་བྱེད་ནུས་ཐད་ཀྱི་ལེགས་ཆ་ཤེས་རྟོགས་བྱུང་བ་དང་། ཀླད་པའི་ཕྱེད་གཡས་པར་ཞན་ཆ་ཡོད་པར་འདོད་པའི་ལྟ་བ་ཡོ་བསྲང་བྱས། སི་ཕེ་ལི་དང་ཁོང་གི་ལས་གྲོགས་ཚོས་ཀླད་པ་ཁ་གྱེས་པའི་ནད་པར་ཕྱོགས་རྐྱང་བའི་རང་བཞིན་གྱི་ཚོད་ལྟ་རབ་དང་རིམ་པ་བྱས་ཤིང་། དེ་ལས་ཀླད་ཆེན་གྱི་ཕྱེད་གཡོན་པ་ནི་སྐད་ཆ་དང་རྩིས་རྒྱག་པར་འཇོན་པ་དང་། ཀླད་ཆེན་གྱི་ཕྱེད་གཡས་པ་ནི་སྐད་ཆ་ཤོད་པ་དང་ཡི་གེ་འབྲི་བར་མི་འཇོན་ཡང་། སྐད་ཆ་དང་ཚིག་དོན་ལ་གོ་བ་ངེས་ཅན་ལེན་ཐུབ་པ་ཤེས་རྟོགས་བྱུང་བ་དང་། དེས་བར་སྟོང་དབྱེ་འབྱེད་དང་རོལ་དབྱངས། སྒྱུ་རྩལ། སེམས་ཁམས་ཐད་ཀྱི་ཚོར་ཤུགས་དེ་ཀླད་ཆེན་གྱི་ཕྱེད་གཡོན་པ་ལས་ལེགས་ཤིང་། ཀླད་ཆེན་གྱི་ཕྱེད་གཡོན་པ་ནི་རིམ་པ་བཞིན་དུ་དབྱེ་ཞིབ་བྱེད་པར་གོམས་ཡོད་པ་དང་། ཀླད་ཆེན་གྱི་ཕྱེད་གཡས་པ་ནི་སྤྱི་ཡོངས་ཀྱི་ཐད་མཐོང་ལ་ཕྱོགས་ཡོད་ཅིང་། འདི་ལྟ་བུའི་མྱོང་ཚོར་མི་འདྲ་བ་གཉིས་དང་བསམ་གཞིགས་བྱེད་ཐབས་ཀྱི་ལས་བགོས་བར་མཉམ་ལས་དང་གཅིག་རམ་གཅིག་འདེགས་བྱེད་ཀྱིན་ཡོད་པས་མི་རྣམས་ལ་ཡིད་དབང་འཕྲོག་པའི་ཚོར་སྣང་ཞིག་སྟེར། མདོར་ན་སི་ཕེ་ལི་ཡིས་ཅུང་ཚད་མཐོ་བའི་བྱེད་ནུས་མང་པོ་ཀླད་ཆེན་གྱི་ཕྱེད་གཡས་པར་གཅིག་ཏུ་བསྡུས་ཡོད་པ་གསར་རྟོགས་བྱུང་བ་དེས་ལོ་ངོ་བརྒྱ་ལྷག་གི་རིང་རྒྱུན་འབྱམས་སུ་སོང་བའི་ཀླད་ཆེན་གྱི་ཕྱེད་གཡོན་པ་ནི་ཕྱེད་གཡས་པ་ལས་ལེགས་པའི་སྲོལ་རྒྱུན་གྱི་འདུ་ཤེས་དེ་ནུས་ལྡན་སྒོས་ཡོ་བསྲང་བྱས་ཡོད།

གསུམ་ནི་རྩོད་སྒྲུབ་ཀྱི་སྒོ་ནས་འདུ་ཤེས་ཀྱི་ཁ་བྲལ་དང་གཅིག་འདུ་བཏོན་པ་དང་། ཀླད་ཆེན་གྱི་ཕྱེད་གཡས་པར་འདུ་ཤེས་མེད་པའི་ལྟ་བར་ངོ་རྒོལ་བྱས་པ་རེད། སི་ཕེ་ལི་ཡིས་ཀླད་པ་ཁ་གྱེས་བཏང་བའི་ནད་པའི་ཞིབ་འཇུག་ཁྲོད་ནས་ཁ་གྱེས་བའི་ཀླད་ཆེན་ཕྱེད་གཉིས་ལ་སོ་སོར་ཤེས་རྟོགས་ཀྱི་ནུས་པ་ཅུང་མཐོན་པོ་ཡོད་པ་དང་། ཧ་ལམ་གཞོགས་རེ་རེའི་ཀླད་ཆེན་དང་ཀླད་ཆེན་གྱི་ཕྱེད་སོ་སོར་རང་ཉིད་ཀྱི་བསམ་པའི་རྣམ་པ་ཡོད་པ་དང་། གཞོགས་རེ་རེའི་ཀླད་ཆེན་ཕྱེད་ཀ་དང་གཞོགས་གཞན་བར་འདུ་ཤེས་ཉམས་མྱོང་མངོན་གསལ་གྱིས་ཆད་ཡོད་པ་རྟོགས་བྱུང་།

3 རིག་གཞུང་རྒྱུད་འཛིན།

དུས་རབས་གོང་མའི་ལོ་རབས60པར་ཅཱ་ཀྲ་ཉི་ཅཱ་ཡིས་སྐད་གྲགས་ཆེ་བའི་དབང་རྩའི་ལུས་ཁམས་རིག་པའི་མཁས་ཅན་དང་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་ལུའོ་ཅེ·སི་ཕེ་ལི་དགེ་རྒན་དུ་བསྟེན་ནས་ཅཱ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་དངོས་སྦྱོང་བྱས་པ་རེད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དབང་རྩ། ཀླད་ཆེན། ཤེས་པ།