མཁས་པ་དང་པོ་མཐུན་ཕྱིན་ཆད༎
མཛའ་བ་ནམ་ཡང་གཏོང་མི་བྱེད༎
སྤྲེའུ་དབང་བོས་སྤྲེའུའི་ཚོགས༎
རྗེས་སུ་བསྐྱངས་པའི་སྤྱོད་ཚུལ་ལྟོས༎
སྔོན་གངས་རིའི་ཁྲོད་མེད་ཏོག་དང་འབྲས་བུ་སོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཤིང་ལྗོན་པས་གང་བའི་ནགས་ཚལ་ཤིན་ཏུ་སྟུག་པོ་ཞིག་ན། བྱང་ཆུབ་སེམས་དཔའ་སྤྲེའུའི་ཚོགས་ཀྱི་གཙོ་བོ་ཞིག་ནགས་ཚལ་དེ་ན་ཤིང་ནྱ་གྲོ་ཏ་ཡལ་ག་རྒྱ་ཆེ་ཞིང་དཔངས་མཐོ་བ། འབྲས་བུ་མཆོག་ཏུ་མངར་ཞིང་དྲི་ཞིམ་པའི་ལྗིད་ཀྱིས་མནན་པ་ཞིག་གི་དྲུང་དུ་གནས་ཤིང་འདུག་གོ །
སྐབས་ཤིག་ལ། ཤིང་ནྱ་གྲོ་ཏའི་ཡལ་ག་ཆུའི་ཕྱོགས་སུ་གཞོལ་བ་ལས་འབྲས་བུ་སྨིན་པ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་ཞིག་འབབ་ཆུའི་ནང་དུ་ལྷུང་བ་དང་། དེ་རིམ་གྱིས་རྒྱལ་པོ་ཞིག་བཙུན་མོ་འཁོར་དང་བཅས་པ་དྭངས་གཙང་ཆུ་ལ་རོལ་ཅིང་རྩེ་བའི་སར་འཁྱེར་བར་གྱུར་ཏོ༎
ཤིང་ཏོག་དེ་རྒྱལ་པོས་བླངས་ཏེ་མྱངས་པས། དེའི་དྲི་རོ་ཕུན་སུམ་ཚོགས་པ་ལ་ཆགས་ནས་ཤིང་དེ་བཙལ་བའི་ཕྱིར་དཔུང་གི་ཚོགས་མང་བོས་བསྐོར་ནས་འབབ་ཆུ་དེའི་འགྲམ་ངོགས་བརྒྱུད་དེ་ཡར་སོང་བ་ལས། ཤིང་དེ་དང་ཉེ་བར་ཕྱིན་པ་ན་དྲི་ཞིམ་པོའི་ངད་ལྡང་བས། འབྲས་བུ་དེའི་ཤིང་ནི་འདི་ཡིན་པར་ངེས་སྙམ་ནས་དྲུང་དུ་ཕྱིན་པ་ན། སྤྲེའུ་བརྒྱ་ཕྲག་མང་པོས་ཤིང་གི་ཡལ་ག་ཁེབས་ཏེ་འབྲས་བུ་ཟ་བ་མཐོང་ངོ་༎
རྒྱལ་པོས་ངན་པ་འདི་རྣམས་ཀྱིས་བདག་གིས་འདོད་པའི་ཤིང་འབྲས་མེད་པར་བྱས་སོ་སྙམ་སྟེ་ཁྲོས་ནས་རྒྱོབ་རྒྱོབ་ཆོམས་ཤིག སོད་ཅིག་ཅེས་བཀའ་བསྒོའོ༎རྒྱལ་པོའི་དཔུང་གི་ཚོགས་རྣམས་ཀྱིས་ཀུ་ཅོ་ཆེན་པོས་མདའ་དང་། རྡོ། མཚོན་ཆ་སྣ་ཚོགས་གཟས་ཏེ་ཤིང་གི་དྲུང་དུ་ལྷགས་ནས་སེར་བ་བབས་པ་བཞིན་དུ་འཕངས་པ་ན། སྤྲེའུ་ཚོགས་རྣམས་འཇིགས་ཤིང་སྐག་སྟེ་ཅི་བྱ་གཏོལ་མེད་པར་གྱུར་པ་ལ། སྤྲེའུ་བྱང་ཆུབ་སེམས་དཔའ་དེས་སྙིང་རྗེ་དྲག་པོ་སྐྱེས་ཏེ་ཤིང་གི་རྩེར་འཛེགས་ནས་རི་ཞིག་གི་ཁར་མཆོངས། སྦ་ཐག་རིང་ཞིང་རྩ་བ་བརྟན་པ་ཞིག་གིས་རང་གི་རྐང་བ་གཉི་ག་དམ་པོར་བཅིངས་པ་དང་སླར་ཡང་ཤིང་དེའི་སྟེང་དུ་མཆོངས་པ་ན་དཀའ་སེ་བ་ཞིག་ལ་བསླེབས་ཙམ་བྱུང་། དེ་ནས་ཤིང་གི་ཡལ་ག་ལ་དམ་དུ་འཇུས་པ་དང་། རང་ལུས་ཟམ་པར་བཙུགས་ཏེ་སྤྲེའུའི་ཚོགས་རྣམས་བདེ་བླག་ཏུ་ཐར་བར་མཛད་དོ༎དེར་སྤྲེའུ་རྣམས་འཇིགས་ཤིང་བརྟབས་པའི་རྐང་ལག་གིས་ལུས་བརྫིས་པས་ཤིན་ཏུ་བསྣད་པར་བྱས་སོ༎དེ་ལྟ་བའི་ངང་ཚུལ་དེ་རྣམས་རྒྱལ་པོ་འཁོར་དང་བཅས་པས་མངོན་སུམ་དུ་མཐོང་བས། རབ་ཏུ་ཡ་མཚར་ཏེ་སྦ་ཐག་དང་ཤིང་གི་ཡལ་ག་མདའ་གཉིས་ཀྱིས་ཅིག་ཅར་དུ་བཅད་ཅིང་། དེའི་འོག་ཏུ་རས་བརྐྱངས་པའི་སྟེང་དུ་སྤྲེའུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་མར་ཕབ་པ་ན་བརྒྱལ་བར་གྱུར་ཏོ༎
དེ་ནས་ལུས་ཀྱི་རྨ་ལ་སྨན་བསྐུས་ཏེ་ཅུང་ཟད་བརྒྱལ་བ་ལས་སངས་པ་ན། རྒྱལ་པོ་ཤིན་ཏུ་ངོ་མཚར་ཏེ་གུས་པས་བསྙུན་གསོལ། རང་ཉིད་ཡལ་བར་དོར་ནས་སྤྲེའུ་རྣམས་བསྒྲལ་བའི་རྒྱུ་མཚན་སོགས་དྲིས་པའི་ལན་དུ། སྤྲེའུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་བདག་ལས་གཞན་གཅེས་པས། གཞན་དོན་བསྒྲུབས་པ་དེ་ལ་བརྟེན་ནས་རང་ཉིད་ཡིད་རུབ་ཏུ་དགའ་ཞིང་ཚིམ་པར་བསྟན་པ་དང་། རྒྱལ་པོ་ཡང་རྒྱལ་སྲིད་ཆོས་ཀྱི་བསྐྱང་བར་བསྐུལ་ནས་བརྒྱལ་ཞིང་བསྣད་པའི་རྐྱེན་དེས་ལུས་བོར་ནས་གཞན་དོན་དུ་མཐོ་རིས་སུ་གཤེགས་པར་གྱུར་ཏོ༎