རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-05-18 10:15ལ་འགྲུབ།

རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག

སྲོང་བཙན་སྒམ་པོའི་སྐབས་ཡུལ་གྲུ་སོ་སོར་བཙུགས་པའི་དམག་སྡེ། དེ་ལ་དབུས་གཙང་རུ་བཞི་རེ་རེར་སྟོང་སྡེ་བཅུ་བཅུ། ལོགས་སུ་ཞང་ཞུང་དུ་སྟོང་སྡེ་བཅུ། སུམ་པར་བཅུ་གཅིག་བཅས་ཁྱོན་བསྡོམས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
豪奴千户
འབྱུང་ཁུངས།
《སྔ་རབས་བོད་ཀྱི་སྲིད་ཁྲིམས》ཤོག་ངོས47-51དང《མཁས་པའི་དགའ་སྟོན》དེབ་སྟོད་ཆ་ཤ187.10ལས་བཏུས།
ཁོངས་གཏོགས།
རྩེ་འབུམ་གཞེར་གྱི་ཁྲིམས།
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད།

རྒོད་ཀྱི་སྟོང་སྡེ་ཞེས་པའི་རྒོད་ནི་འབངས་ཀྱི་ནང་ནས་མི་རྒྱུ་གཉིས་ལྡན་རང་གཤོམ་གྱིས་དྲག་པོ་གཡུལ་གྱི་ལས་ལ་ཞུགས་ཐུབ་པའི་ཕོ་རྒོད་ཀྱི་དོན་ཡིན་པས་དེ་ལྟར་གྲགས། སྟོང་སྡེ་ཞེས་པ་ནི་དམག་དཔུང་ཚན་པ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ་དེ་ལ་ཟེར་ཞིང་། རུ་རེ་ལ་སྟོང་སྡེ་བརྒྱད་རེ་དང་། སྟོང་བུ་ཆུང་རེ། སྐུ་སྲུང་སྟོང་སྡེ་རེ་དང་བཅུ་ཕྱེ་བ། དེ་ཡང་སྐབས་འདིར་ཞང་ཞུང་བསྣན་པས་རུ་ཆེན་དྲུག་ཏུ་ཕྱེ་བའི་ནང་ནས་དབུ་རུ། གཡོ་རུ། གཡས་རུ། རུ་ལག ཞང་ཞུང་གི་རུ་བཅས་ལ་སྟོང་སྡེ་བཅུ་རེ་དང་། སུམ་པའི་རུ་ལ་སྟོང་སྡེ་བཅུ་གཅིག་བཅས་བསྡོམས་པས་སྟོང་སྡེ་དྲུག་ཅུ་རེ་གཅིག་ཏུ་དབྱེ་བ་ལ།

1_1 དབུ་རུའི་སྟོང་སྡེ་བཅུ།

དོར་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས་བཅས་སྟོང་སྡེ་བརྒྱད་དང་། ཡེལ་རབ་སྟོང་བུ་ཆུང་སྟོང་སྡེ་གཅིག སྐུ་སྲུང་ཤར་ཕྱོགས་པ་སྟོང་སྡེ་གཅིག་བཅས་བཅུའོ།།

1_2 གཡོ་རུའི་སྟོང་སྡེ་བཅུ།

ཡར་ལུང་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་བོ་ཉ་གཉི་གཉིས། དམྱལ་དང་ལྷོ་བྲག་གཉིས་བཅས་སྟོང་སྡེ་བརྒྱད་དང་། ལོ་རོ་སྟོང་བུ་ཆུང་སྟོང་སྡེ་གཅིག སྐུ་སྲུང་བྱང་ཕྱོགས་པ་སྟོང་སྡེ་གཅིག་བཅས་བཅུའོ།།

1_3  གཡས་རུའི་སྟོང་སྡེ་བཅུ།

སྟོང་ཆེན་ཤང་ཆེན་གཉིས། ལང་མི་ཕོད་དཀར་གཉིས། ཉེན་གར་འབྲང་མཚམས་གཉིས།  སྤོ་རབ་གཟོང་སྡེ་གཉིས་བཅས་སྟོང་སྡེ་བརྒྱད་དང་། ཞངས་སྟོང་བུ་ཆུང་སྟོང་སྡེ་གཅིག སྐུ་སྲུང་ནུབ་ཕྱོགས་པ་སྟོང་སྡེ་གཅིག་བཅས་བཅུའོ།།

1_4  རུ་ལག་གི་སྟོང་སྡེ་བཅུ།

མང་ཀར་ཁྲི་ཕོམ་གཉིས། གྲོམ་པ་ལྷ་རྩེ་གཉིས། མྱང་རོ་ཁྲི་འཐད་གཉིས། ཁང་སར་གད་ཕྲོམ་གཉིས་བཅས་སྟོང་སྡེ་བརྒྱད་དང་། མཚོ་ངོས་སྟོང་བུ་ཆུང་སྟོང་སྡེ་གཅིག སྐུ་སྲུང་ལྷོ་ཕྱོགས་པ་སྟོང་སྡེ་གཅིག་བཅས་བཅུའོ།།

1_5  ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ།

བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་སྟོང་སྡེ་གཅིག་བཅས་སྟོང་སྡེ་ལྔའོ།།

1_6  ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ།

བོད་དང་སུམ་པའི་མཚམས་ན་གུ་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དེ་སྟོང་བུ་ཆུང་སྟོང་སྡེ་གཅིག་བཅས་ལྔ་སྟེ་བསྡོམས་པས་ཞང་ཞུང་སྟོང་སྡེ་བཅུའོ།།

1_7  སུམ་པ་རུའི་སྟོང་སྡེ་བཅུ་གཅིག 

རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་སྨད་གཉིས། ཁ་རོ་ཁ་ཟངས་གཉིས་བཅས་སྟོང་སྡེ་བཅུ་དང་། ནགས་ཤོད་སྟོང་བུ་ཆུང་སྟོང་སྡེ་གཅིག་བཅས་བསྡོམས་པས་སྟོང་སྡེ་བཅུ་གཅིག་ལ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་ཟེར། དེ་རྣམས་ལ་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཟེར་ཏེ། རྒོད་ནི་འབངས་རབ་ཚན་དམག་གི་ལས་བྱེད་པའི་མིང་སྟེ། དེ་རྣམས་ལ་སྟོང་དཔོན་ཡང་དྲུག་ཅུ་རྩ་གཅིག་གོ།

སྟོང་སྡེ་དེ་དག་རྣམས་ནི་རྒྱུན་བཙུགས་ཀྱི་དངོས་གཞིའི་དམག་དཔུང་ལྟ་བུ་ཡིན་མི་སྲིད་ཅིང་། དེ་སྔ་བོད་བྱང་འབྲོག་ཁུལ་དུ་ས་སྲུང་དང་། དམག་ཚོ་ཞེས་པ་རྒྱུན་གཏན་འབྲོག་ལས་ཐོན་སྐྱེད་ནང་ཞུགས་པ་དང་། ཡུལ་དེར་དམག་ཇག་སོགས་ལྷགས་དུས་ཇག་འདུལ་ལ་འགྲོ་དགོས་པ་དེ་དང་འདྲ་བ་སྐབས་དེ་དུས་ཀྱི་དམག་དཔུང་ཡང་རྒྱུན་གཏན་ཐོན་སྐྱེད་དང་ཁ་མ་བྲལ་བའི་དམག་དཔུང་ཞིག་ཡིན།

སྟོང་སྡེ་དེ་རྣམས་ཀྱི་དམག་མིའི་འབོར་གྲངས་ཅི་ཡོད་སྐོར་ལོ་རྒྱུས་ཡིག་ལམ་ནང་འཁོད་པ་ནི། བཀའ་ཐང་སྡེ་ལྔའི་ནང་། རུ་བཞིའི་སྟོང་སྡེ་སུམ་ཅུ་སོ་དྲུག་ཁོ་ནར་དམག་མི་ཁྲི་སུམ་བརྒྱ་བཅུ་མེད་བཞི་ཡོད་ལུགས་དང་། ལྡེའུ་ཆོས་འབྱུང་ནང་ཁབ་སྟོང་སྡེ་སུམ་བརྒྱ་དྲུག་བཅུས་དམག་དང་མུ་བྱེད་ཅེས་སྟོང་སྡེ་དེ་མི་གྲངས་སྟོང་ཡོད་པའི་དམག་སྡེར་ཆ་བཞག་ན། དམག་འབོར་མི་གྲངས་ཁྲི་སུམ་ཅུ་སོ་དྲུག་ཟིན་པ་སོགས་ལ་དཔག་ན། བོད་རིག་པའི་མཁས་དབང་ལ་ལས་རྒྱའི་ཡིག་རིགས་ཚུད་པའི་ཡིག་ལམ་མང་པོར་དཔྱད་གཞིར་བཟུང་སྟེ་སྡོམ་ཚིག་གནང་བར་སྟོང་སྡེ་དྲུག་ཅུ་གཅིག་ནི་དམག་མི་ཁྲི་རེ་ཡོད་པའི་དམག་སྡེ་ཡིན་དགོས་པས་དེས་ན་དམག་འབོར་ཁྲི་དྲུག་ཅུ་རེ་གཅིག་ཡོད་ངེས་གསུངས་པ་སོགས་དཔྱད་པར་བྱའོ།།

སྤྱིར་བཏང་གི་དམག་མིའི་ཆས་གོས་མི་སེར་དང་འདྲ་སྟེ་སྐབས་དེའི་གྱོན་ཆས་སྐོར། ཤིན་ཅང་གི་ཁྲམ་བྱང་ནང་། འདྲེ་མྱས་གསས་ལེགས་ལ་གཏད་པའ། ནབ་ཟ་རྒྱ་དགས་ཀྱི་རལ་ག་གཅིག རེའུ་དཀར་གྱི་རལ་ག་གཅིག་གཙོས་ཀྱི་སྟོད་ཀོར་གཉིས། ཟ་འོག་གི་སློག་པ་གཅིག་གཙོས་ཀྱི་སྟོད་ནམ་གཅིག ཤམ་གཅིག དབུ་ཐོད་གསར་རྙིང་གཉིས། སི་ལེགས་ལྔ་སོགས། ཞེས་པ་ནི། འདྲེ་མྱས་གསལ་ལེགས་ལ་ན་བཟའ་རྒྱ་ཐགས་ཀྱི་སྟོད་གོས་ཕུ་མེད་གཅིག རེའུ་དཀར་གྱི་སྟོད་གོས་ཕུ་མེད་གཅིག གཙོད་ལྤགས་ཀྱི་ཕྱམ་ཙེ་གཉིས། གོས་ཆེན་གྱི་སློག་པ་གཅིག གཙོད་ལྤགས་ཀྱི་སྟོད་གོས་གཅིག གོས་ཆེན་མེན་དྲེའི་ཤམ་གོས་གཅིག མགོ་དཀྲིས་གསར་རྙིང་གཉིས། དར་གྱི་སྐ་རགས་ལྔ་སོགས་སྤྲད་པའི་དོན་ཡིན་པ་འདིའི་ཐོག་ནས་བཙན་པོའི་སྐབས་སུ་བོད་རིགས་སྐྱེས་པའི་ཆས་སུ། ཕྱུ་པའི་སྟེང་སྣམ་བུ་དང་། པགས་རིགས། གོས་ཆེན་སོགས་ཀྱི་སྟོད་གོས་ཕུ་མེད་གྱོན་པ་དང་། དེའི་ཁར་པགས་རིགས་ལ་སོགས་པའི་ཟླ་གམ་ལྷེབ་གྱོན། ཤམ་གོས་སམ་གོས་ཐུང་། མགོ་ལ་དར་ཐོད་དཀྲི་སྲོལ་ཡོད་པ་བཅས་མཚོན་ཅིང་། དམག་གི་བྱ་བར་ཞུགས་སྐབས་ཁྲབ་རྨོག་གྱོན་པ་དང་། མཚོན་ཆའི་སྐོར་ཡང་ཤིན་ཅང་གི་ཁྲམ་བྱང་ནང་། ཉེན་ཀར་གྱི་སྡེ་དེ་ག་ལྷ་སྐྱེས་རྗེ་བླས་དགོན་གྱི་བརྗེད་བྱང་། ཕུབ། རལ་གྱུ་མ་རལ་གྱུ་རུ། མདའ་བཅར། གཞུ་རྒྱུད་དང་། དར་རྫོང་། རྡོ་སྒྱེ། འུ་རྡོ། མདའ་རོལ་དོང་། ཞེས་པ་ནི། ཉེན་དཀར་གྱི་སྡེའི་ཁོངས་ལྷ་སྐྱེས་ཀྱི་བཙན་པོའི་ལས་དོན་སྒྲུབ་པར་མཁོ་བའི་གོ་མཚོན་བླངས་པའི་བརྗེད་ཐོ། ཕུབ་དང་། རལ་གྲི་གྲི་ཤུབ་སྦྲགས་མ། མདའ་དང་གཞུ་རྒྱུད་སྦྱར། ངར་རྫང་། རྡོ་སྣོད་སྒྱེའུ། འུར་རྡོ། མདའ་དོང་བཅས་པའི་དོན་ཡིན་པ་དེས་སྐབས་དེའི་དམག་མིས་མཚོན་ཆ་གང་ཞིག་སྤྱོད་པ་སོགས་རགས་ཙམ་ཤེས་ཐུབ་ཅེས་གཡུ་ཡི་ཕྲེང་བར་གསལ་ལོ།།