1.མཉེན་པ།
2.འཇམ་པ།
3.ཡིད་དུ་འོང་བ།
4.ཡིད་དུ་འཐད་པ།
5.ཡིད་དུ་དག་པ།
6.དྲི་མ་མེད་པ།
7.འོད་གསལ་བ།
8.སྙན་ཞིང་འཇེབས་པ།
9.མཉན་པར་འོས་པ།
10.མི་ཚུགས་པ།
11.སྙན་པ།
12.དུལ་བ།
13.མི་བརླང་བ།
14.རབ་ཏུ་དུལ་བ།
15.རྣར་སྙན་པ།
16.ལུས་སིམ་པར་བྱེད་པ།
17.སེམས་སིམ་པར་བྱེད་པ།
18.སྙིང་དགའ་བར་བྱེད་པ།
19.དགའ་བདེ་བསྐྱེད་པ།
20.གདུང་བ་མེད་པ།
21.ཀུན་ཤེས་པར་བྱ་བ།
22.རྣམ་པར་རིག་པར་བྱ་བ།
23.རྣམ་པར་གསལ་བ།
24.དགའ་བར་བྱེད་པ།
25.མངོན་པར་དགའ་བར་བྱེད་པ།
26.ཀུན་ཤེས་པར་བྱེད་པ།
27.རྣམ་པར་རིག་པར་བྱེད་པ།
28.རྣམ་པར་རིག་པ།
29.རྣམ་པར་འབྲེལ་བ།
30.ཟློས་སྐྱོན་མེད་པ།
31.སེང་གེའི་སྒྲའི་ཤུགས་ཅན།
32.གླང་བོ་ཆེའི་སྒྲ་སྐད།
33.འབྲུག་གི་སྒྲ་སྐད།
34.ཀླུའི་དབང་བོའི་སྐད།
34.དྲི་ཟའི་གླུ་དབྱངས།
36.ཀ་ལ་པིང་ཀའི་སྒྲ་དབྱངས།
37.ཚངས་པའི་སྒྲ་དབྱངས།
38.ཤང་ཤང་ཏེའུའི་སྒྲ་དབྱངས།
39.ལྷའི་དབང་བོའི་སྒྲ་དབྱངས།
40.རྔའི་སྒྲ།
41.མ་ཁེངས་པ།
42.མི་དམའ་བ།
43.སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ།
44.ཚིག་ཟུར་ཕྱིན་པ།
45.མ་ཚང་བ་མེད་པ།
46.མ་ཞུམ་པ།
47.མི་ཞན་པ།
48.རབ་ཏུ་དགའ་བ།
49.རབ་ཏུ་ཁྱབ་པ།
50.རབ་ཏུ་ཆུབ་པ།
51.རྒྱུན་ཆགས་པ།
52.རྒྱུན་འབྲེལ་བ།
53.སྒྲ་ཐམས་ཅད་རྫོགས་པར་བྱེད་པ།
54.དབང་བོ་ཐམས་ཅད་ཚིམ་པར་བྱེད་པ།
55.མ་སྨད་པ།
56.མི་འགྱུར་བ།
57.མ་བརྡབས་པ།
58.ཞི་བར་བྱེད་པ།
59.སེལ་བ།
60.བདུད་ཚར་གཅོད་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ།།
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་བསྟན་པ་སྟེ།
1.སེམས་ཅན་ཁམས་དགེ་བའི་རྩ་བ་ཉེ་བར་རྒྱས་པར་བྱེད་པའི་དེ་བཞིན་གཤེགས་པའི་གསུང་རབ་སྙན་སྣུམ་པ།
2.མཐོང་བའི་ཆོས་ལ་བདེ་བར་རེག་པས་འཇམ་པ་ཉིད།
3.དོན་བཟང་བ་ཉིད་ཡིན་པས་ཡིད་དུ་འོང་བ།
4.ཚིག་འབྲུ་བཟང་བས་ཡིད་དུ་འཐད་པ།
5.འཇིག་རྟེན་ལས་འདས་པ་བླ་ན་མེད་པ་རྗེས་ལ་ཐོབ་པ་ཉིད་ཡིན་པས་དག་པ།
6.ཉོན་མོངས་པ་བག་ལ་ཉལ་བག་ཆགས་བྲལ་བ་ཉིད་ཡིན་པས་དྲི་མ་མེད་པ།
7.ཚིག་འབྲུ་གསལ་བར་ཤེས་པས་གསལ་བ།
8.མུ་སྟེགས་ཐམས་ཅད་ཀྱི་བློ་གྲོས་ལྟ་བ་ངན་པ་རྣམ་པར་འཇོམས་པས་སྟོབས་ཡོན་ཏན་ལྡན་པ་ཉིད་པས་སྙན་ཅིང་འཇེབས་པ།
9.སྒྲུབ་པ་རང་བཞིན་ངེས་པར་འབྱིན་པར་བྱེད་པས་མཉན་པར་འོས་པ།
10.ཕས་ཀྱི་རྒོལ་བ་གཞན་ཐམས་ཅད་ཀྱིས་མི་ཆོད་ཉིད་པས་མི་ཚུགས་པ།
11.རངས་པར་བྱེད་པས་བརྙན་པ་དང་འདོད་ཆགས་གཉེན་པོ་ཉིད་པས་དུལ་བ།
12.བཅས་པའི་བསླད་པ་ཐབས་བདེ་བ་ཉིད་པས་མི་རྩུབ་པ།
13.བསླབ་པ་ལས་འདས་པ་ལས་ཡང་དག་པར་ངེས་པར་འབྱིན་པའི་གདམས་ངག་བྱེད་པ་ཉིད་པས་མི་སློད་པ།
14.ཐེག་པ་གསུམ་གདུལ་བྱ་ལ་གདམས་པར་བྱེད་པ་ཉིད་པས་རབ་ཏུ་དུལ་བ།
15.རྣམ་པར་གཡེང་བའི་གཉེན་པོ་ཉིད་པས་རྣར་སྙན་པ།
16.ཏིང་ངེ་འཛིན་ཀུན་ཏུ་སྐྱེད་པར་བྱེད་པས་ལུས་སིམ་པར་བྱེད་པ།
17.ལྷག་མཐོང་མཆོག་ཏུ་དགའ་བར་སྐྱེད་པར་བྱེད་པ་ཉིད་པས་སེམས་ཚིམ་པར་བྱེད་པ།
18.ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཉིད་པས་སྙིང་དགའ་བར་བྱེད་པ།
19.ལོག་པར་ངེས་པ་སེལ་བར་བྱེད་པ་ཉིད་པས་དགའ་བ་དང་བདེ་བ་སྐྱེད་པ།
20.སྒྲུབ་པ་འགྱོད་པ་མེད་པར་བྱེད་པ་ཉིད་པས་ཡོངས་སུ་གདུང་བ་མེད་པ།
21.ཕུན་སུམ་ཚོགས་པ་ཐོས་པའི་རང་བཞིན་ཤེས་པའི་རྟེན་ཉིད་པས་ཀུན་ཤེས་པར་བྱེད་པ།
22.བསམ་པའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་པས་རྣམ་པར་རིག་པར་བྱ་བ།
23.སློབ་དཔོན་དཔེ་མཁྱུད་སྤངས་པ་ཉིད་པས་རྣམ་པར་གསལ་བ།
24.བདག་གི་དོན་རྗེས་སུ་ཐོབ་པ་རྣམས་མགུ་བར་བྱེད་པ་ཉིད་པས་དགའ་བར་བྱེད་པ།
25.བདག་དོན་རྗེས་སུ་ཐོབ་པ་རྣམས་རེག་པར་བྱ་བ་ཉིད་པས་མངོན་པར་དགའ་བར་བྱེད་པ།
26.བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་ཉིད་པས་ཀུན་ཤེས་པར་བྱེད་པ།
27.བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་ཉིད་པས་རྣམ་པར་རིག་པར་བྱེད་པ།
28.ཚད་མ་དང་མི་འགལ་བ་ཉིད་པས་རིགས་པ།
29.གདུལ་བྱ་ལ་ཅི་ལྟར་འོས་པ་སྟོན་པ་ཉིད་པས་འགྲེལ་པ།
30.འབྲས་བུ་དང་བཅས་པ་ཉིད་པས་ཟློས་པའི་སྐྱོན་མི་སྐྱེད་པ།
31.མུ་སྟེགས་རི་དྭགས་ཚོགས་ཐམས་ཅད་སྐྲོད་པར་བྱེད་པ་ཉིད་པས་སེང་གེའི་སྒྲའི་ཤུགས།
32.རྒྱ་ཆེ་བ་ཉིད་པས་གླང་པོའི་སྒྲ་སྐད།
33.ཟབ་པ་ཉིད་པས་འབྲུག་གི་སྒྲ་དབྱངས།
34.སླང་བྱ་མཆོག་ཡིན་པ་ཉིད་པས་ཀླུའི་དབང་པོའི་སྒྲ།
35.སྙན་པ་ཉིད་པས་མིའམ་ཅིའི་གླུ་དབྱངས།
36.བར་མ་ཆད་པས་ཤུགས་ལྡན་པ་ཉིད་པས་ཀ་ལ་པིང་ཀའི་སྒྲ་དབྱངས་སྒྲོགས་པ།
37.རིང་དུ་བགྲོད་པས་ཚངས་པའི་སྒྲ་དབྱངས་སྒྲོགས་པ།
39.དངོས་གྲུབ་ཐམས་ཅད་ལ་བཀྲ་ཤིས་པ་ཉིད།
40.སྔོན་དུ་འགྲོ་བ་ཉིད་པས་ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ། འདིར་དབྱངས་སྨོས་པ་ནི་དོན་དང་ཆོས་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་སྒྲ་ལས་ཡིད་ཆེས་པའི་དོན་དུའོ༎ སྒྲ་སྨོས་པ་ནི་བརྡ་དེ་དང་དེ་ལ་ཡིད་ཆེས་པའི་དོན་དུའོ༎ གྲགས་པ་གཟུང་བ་ནི་སྒྲ་དེ་དང་དེའི་བརྡ་རྗེས་སུ་སྨྲ་བ་ཡིད་ཆེས་པའི་དོན་དུའོ༎
41.འདའ་བར་བྱ་བ་མ་ཡིན་པ་ཉིད་པས་ལྷའི་དབང་པོའི་དབྱངས་ལྟར་སྙན་པ།
42.བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བ་སྔོན་དུ་འགྲོ་བ་ཉིད་པས་རྔ་བོ་ཆེའི་སྒྲ།
43.བསྟོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མ་ཁེངས་པ།
44.སྨད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མི་དམའ་བ།
45.ལུང་བསྟན་པ་ཐམས་ཅད་ལ་མཚན་ཉིད་རྣམ་པ་ཐམས་ཅད་རྗེས་སུ་ཞུགས་པ་ཉིད་པས་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ།
46.དྲན་པ་ཀུན་ཏུ་རྨོངས་པ་དེ་རྣམས་འབྱུང་བ་མ་ཡིན་པས་ཚིག་ཟུར་ཆག་མེད་པ།
47.གདུལ་བྱའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཉིད་པས་མ་ཚང་བ་མེད་པ།
48.རྙེད་པ་དང་བཀུར་སྟི་ལ་མི་རྟེན་པས་མ་ཁུམས་པ།
49.བག་ཚ་བ་ལ་རྣམས་བྲལ་བས་མི་ཞེན་པ།
50.སྐྱོ་བ་མེད་པ་ཉིད་པས་རབ་ཏུ་དགའ་བ།
51.རིག་པའི་གནས་ཐམས་ཅད་ལ་མཁས་པ་རྗེས་སུ་འགྲོ་བ་ཉིད་པས་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ལ་མཁས་པ་རྗེས་སུ་འགྲོ་བ་ཉིད་པས་ཁྱབ་པ།
52.སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པས་ཆུབ་པ།
53.རྒྱུན་ཉེ་བར་ཆད་པ་མེད་པས་རྒྱུན་ཆགས་པ།
54.རྣམ་པ་སྣ་ཚོགས་ཉེ་བར་གནས་པས་འབྲེལ་བ།
55.དབྱངས་གཅིག་སྒྲ་དུ་མ་རྣམ་པར་རིག་པར་བྱེད་པ་ཉེ་བར་གནས་པས་དབྱངས་ཐམས་ཅད་རྫོགས་པར་བྱེད་པ།
56.དོན་གཅིག་དང་དུ་མ་རྣམ་པར་རིག་པ་ཉེ་བར་གནས་པ་ཉིད་པས་དབང་པོ་ཐམས་ཅད་སིམ་པར་བྱེད་པ།
57.དམ་བཅས་པའི་ཅི་ལྟ་བ་ཉིད་པས་མ་སྨད་པ།
58.མ་འོངས་པའི་དུས་སུ་རབ་ཏུ་འཐད་པ་ཉིད་པས་རྣམ་པར་མི་འགྱུར་བ།
59.མི་འགྱུར་བར་རྣམ་པར་གནས་པས་བརྟབས་པ།
60.ཉེ་བ་དང་རིང་བའི་འཁོར་མཉམ་དུ་ཐོས་པས་འཁོར་ཀུན་ཏུ་གྲགས་པ་དང་། འཇིག་རྟེན་པའི་དཔེ་ཆོས་ཡོངས་སུ་འགྱུར་བ་ཉིད་ཡིན་པས་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་དང་དྲུག་ཅུའོ༎ དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་འདི་ནི་བསྡུས་པའི་ཚུལ་ལོ༎
ཚིག་དོན་མཛོད་ལས་བྱུང་བ་སྟེ།
1.ཚངས་པའི་དབྱངས།
2.སིལ་སྙན།
3.གླུ་གར།
4.ཀ་ལ་པིང་ཀ
5.འབྲུག་སྒྲ།
6.སྒྲ་སྙན་ཏེ་རྣམ་པ་དྲུག་པོ་དེ་དག་རེ་རེ་ལའང་། འདུ་ཤེས་བསྐྱེད་པ། རྣམ་པར་རིག་པ། མཉན་པར་འོས་པ། མི་མཐུན་པ་མེད་པ། ཤིན་ཏུ་ཟབ་པ། རྗེས་སུ་འབྱུང་བ། གང་གིས་ཀྱང་མི་ཚུགས་པ། རྣ་བར་སྙན་པ། རྣམ་པར་མ་འཁྲུགས་པ། ཤིན་ཏུ་གསལ་བ་སྟེ་བཅུ་བཅུར་འགྱུར་བས་སོ༎
ཡང་ན།
1.གདངས་ཆེ་བ།
2.ཡོངས་སུ་ཁྱབ་པ།
3.གོ་བར་མྱུར་བ།
4.ཐེ་ཚོམ་གཅོད་པ།
5.གཅིག་ལ་གཟིགས་པ་སྙམ་བྱེད་པ།
6.ཉེ་ཚེར་སྟོན་པ།
7.ཀུན་ནས་འཇུག་པ།
8.འདུན་པ་བསྐྱེད་པ།
9.ཁྱད་དུ་ཞུགས་པ།
10.ཐམས་ཅད་འདུལ་བ་སྟེ། རང་བཞིན་བཅུ་ལ་གནས་སྐབས་དྲུག་ཏུ་འགྱུར་བས་སོ༎