འགན་ལེན་གན་རྒྱ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:15ལ་འགྲུབ།

འགན་ལེན་གན་རྒྱ།

འགན་ལེན་གན་རྒྱ།
འགན་ལེན་གན་རྒྱ་ནི་ཁག་ཐེག་བྱེད་མཁན་དང་བུན་བདག་ཕན་ཚུན་བར་ཁེ་དབང་དང་འོས་འགན་གསལ་བོར་འཇོག་པ་དང་། བུ་ལོན་འགན་འཇལ་མཁན་གྱིས་བུ་ལོན་འགན་འཇལ་ལག་བསྟར་མི་བྱེད་དུས། འགན་ལེན་མཁན་གྱིས་ཚབ་བྱས་ནས་ལག་བསྟར་བྱེད་པའམ་ཡང་ན་གཅིག་འབྲེལ་གྱི་འགན་འཁྲི་འཁུར་བའི་གྲོས་མོལ་བྱེད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保证合同
ཕྱི་ཡིག་གི་མིང་།
Guarantee contract
དོ་བདག
ཁག་ཐེག་བྱེད་པོ་དང་ཁག་ཐེག་བྱ་ཡུལ།
རིགས་དབྱེ།
གན་རྒྱ།
རིག་ཚན།
ཁྲིམས་ལུགས་རིག་པ།
ཁག་ཐེག་བྱེད་སྟངས།
གཉིས་ཡོད།
1 ངོ་སྤྲོད།

འགན་ལེན་གན་རྒྱ་ནི་ཁག་ཐེག་བྱེད་མཁན་དང་བུན་བདག་ཕན་ཚུན་བར་ཁེ་དབང་དང་འོས་འགན་གསལ་བོར་འཇོག་པ་དང་། བུ་ལོན་འགན་འཇལ་མཁན་གྱིས་བུ་ལོན་འགན་འཇལ་ལག་བསྟར་མི་བྱེད་དུས། འགན་ལེན་མཁན་གྱིས་ཚབ་བྱས་ནས་ལག་བསྟར་བྱེད་པའམ་ཡང་ན་གཅིག་འབྲེལ་གྱི་འགན་འཁྲི་འཁུར་བའི་གྲོས་མོལ་བྱེད་པ་ལ་ཟེར། འགན་ལེན་གན་རྒྱའི་ནང་གཙོ་བོ་གཤམ་གསལ་གྱི་གནས་ཚུལ་འགའ་གཏོགས་ཡོད་པ་སྟེ།

གཅིག ཁག་ཐེག་པ་དང་བུན་བདག་བར་གྱི་ཁ་ཆད་དེ་ཁག་ཐེག་གན་རྒྱ་འཇོག་པའི་དཔེ་མཚོན་གྱི་རྣམ་པར་བརྩི་རྒྱུ།

གཉིས། ཁག་ཐེག་པ་དང་བུན་བདག བུ་ལོན་འགན་འཇལ་མཁན་གཙོ་བོ་བཅས་ཀྱི་མཉམ་དུ་གན་རྒྱ་འཇོག་པ།

གསུམ། ཁག་ཐེག་བྱེད་མཁན་གཅིག་པུས་ཁག་ཐེག་ཡི་གེ་འདོན་དགོས།

2 དོན་སྤྱིའི་ནང་དོན།

འགན་ལེན་གན་རྒྱ་ནི་འགན་ལེན་མཁན་དང་བུན་དབང་མཁན་གྱིས་བཞག་པའི་བུ་ལོན་འགན་འཇལ་གཙོ་བོས་བུ་ལོན་འགན་འཇལ་ལག་བསྟར་མ་བྱས་དུས་འགན་ལེན་མཁན་གྱིས་བུ་ལོན་འགན་ལེན་གྱི་འགན་འཁུར་དགོས་པར་གྲོས་མོལ་བཞག་ཡོད་པ་དེ་ལ་ཟེར།

འགན་ལེན་གན་རྒྱའི་དོ་བདག་ལ་ཁག་ཐེག་བྱེད་མཁན་དང་ཁག་ཐེག་བྱ་ཡུལ་ཟེར། ཁག་ཐེག་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཁག་ཐེག་གན་རྒྱར་གཤམ་གྱི་ནང་དོན་དག་འདུ་དགོས་ཏེ།

གཅིག ཁག་ཐེག་བྱ་ཡུལ་གྱི་བུན་དབང་གཙོ་བོའི་སྣ་ཁ་དང་གྲངས་འབོར།

བུ་ལོན་གཙོ་བོའི་རིགས་སྣ་ནི་བུན་བདག་དང་བུ་ལོན་གསོབ་འཇལ་མཁན་གཉིས་ཀྱིས་བཞག་པའི་གན་རྒྱ་གཙོ་བོ་ཡིན་པའི་བུ་ལོན་རིགས་ཤིག་ཡིན་པ་དང་། དེ་ནི་དངུལ་གྱི་བུ་ལོན་སྤྲོད་པ་དང་། དངོས་ཟོག་གི་བུ་ལོན་སྤྲོད་པའམ་ཡང་ན་ངལ་ལས་འདོན་པའི་བུ་ལོན་བཅས་ཡིན། གན་རྒྱ་གཙོ་བོའི་དངུལ་གྲངས་ནི་གན་རྒྱ་གཙོ་བོའི་དམིགས་བྱའི་དངུལ་གྲངས་ལ་ཟེར།

གཉིས། བུ་ལོན་གསོབ་འཇལ་མཁན་གྱིས་བུ་ལོན་འཇལ་བའི་དུས་བཀག

བུ་ལོན་ལེན་མཁན་གྱིས་བུ་ལོན་འཇལ་བའི་དུས་བཀག་དང་ཁག་ཐེག་བྱེད་མཁན་བར་ཐད་ཀར་འབྲེལ་བ་ཡོད། དེའི་ཕྱིར། བུ་ལོན་འཇལ་མཁན་གྱིས་གན་རྒྱའི་ནང་གཏན་འབེབས་བྱས་པའི་ལག་བསྟར་དུས་ཚད་ནང་བུ་ལོན་འཇལ་མི་ཐུབ་པའི་ཚེ། ཁག་ཐེག་བྱེད་པོས་ཁག་ཐེག་བྱེད་འགན་འཁུར་འགོ་འཛུགས་དགོས།

གསུམ། ཁག་ཐེག་བྱེད་སྟངས།

འགན་ལེན་བཅའ་ཁྲིམས་ཀྱིས་འགན་ལེན་བྱེད་སྟངས་ལ་སྤྱིར་བཏང་གི་འགན་ལེན་དང་གཅིག་འབྲེལ་འགན་འཁྲིའི་འགན་ལེན་གཉིས་སུ་དབྱེ་ཡོད། གཅིག་འབྲེལ་འགན་འཁྲིའི་འགན་ལེན་དེ་སྤྱིར་བཏང་གི་འགན་ལེན་ལས་འགན་འཁྲི་ཆེ་བ་ཡིན། དེར་བརྟེན། འགན་ལེན་བྱེད་སྟངས་ནི་འགན་ལེན་མཁན་གྱིས་འགན་ལེན་འགན་འཁྲི་ཇི་ལྟར་འཁུར་བའི་གནད་དོན་གལ་ཆེན་ཞིག་ཡིན། ཁག་ཐེག་འཛུགས་པ་དང་མཉམ་དུ་འགན་ལེན་བྱེད་སྟངས་ལ་གཏན་འབེབས་གསལ་བོ་བྱ་དགོས།

བཞི། ཁག་ཐེག་གི་ཁྱབ་ཁོངས།

ཁག་ཐེག་གི་ཁྱབ་ཁོངས་ནི་ཁག་ཐེག་པས་བུ་ལོན་གང་དག་ལ་ཁག་ཐེག་གི་འགན་འཁྲི་འཁུར་རྒྱུ་དང་། འགན་ལེན་པས་འགན་ལེན་གན་རྒྱའི་ཁྲོད་འགན་ལེན་གྱི་ཁྱབ་ཁོངས་ཁ་ཆད་བྱས་ཆོག་སྟེ། བུ་ལོན་གཙོ་བོ་དང་བུ་ལོན་གཙོ་བོའི་སྐྱེད་ཀ གུན་གསབ་དངུལ། ཁ་ཆད་དང་འགལ་བའི་དངུལ་ཆད་དང་། བུན་དབང་མངོན་འགྱུར་བྱས་པའི་འགྲོ་སོང་སོགས་ཀྱི་ནང་དོན་ཚང་མ་དང་ཡང་ན་ཁག་གཅིག་གིས་འགན་ལེན་འགན་འཁྲི་འཁུར་དགོས། 

3 བཅའ་ཁྲིམས་ཁྱད་ཆོས།

གཅིག འགན་ལེན་གན་རྒྱ་ནི་མིང་གྲགས་གན་རྒྱ་ཞིག་ཡིན།

གཉིས། འགན་ལེན་གན་རྒྱ་ནི་ཞུགས་པའི་གན་རྒྱ་ཡིན།

གསུམ། འགན་ལེན་གན་རྒྱ་ནི་ཁེར་གཉེར་གན་རྒྱ་ཡིན།

བཞི། འགན་ལེན་གན་རྒྱ་ནི་རིན་མེད་གན་རྒྱ་ཡིན།

ལྔ་པ། འགན་ལེན་གན་རྒྱ་ནི་ཁས་ལེན་གན་རྒྱ་ཡིན།

དྲུག འགན་ལེན་གན་རྒྱ་ནི་མཚམས་འཇོག་ཆ་རྐྱེན་ཟུར་དུ་བཀོད་ཡོད་པའི་གན་རྒྱ་ཡིན།

4 ཁྲིམས་འབྲེལ་ཁུར་འཁྲི།

《འགན་ལེན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་འགྲེལ་བཤད》ནང་གཏན་འབེབས་བྱས་དོན། བུ་ལོན་འཇལ་མཁན་དང་ཁག་ཐེག་བྱེད་པོས་མཉམ་དུ་བུན་བདག་ལ་མགོ་སྐོར་བཏང་ནས་གན་རྒྱ་གཙོ་བོ་དང་ཁག་ཐེག་གན་རྒྱ་བཞག་པའི་རིགས་བུན་བདག་གིས་མི་དམངས་ཁྲིམས་ཁང་ལ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག དེའི་དབང་གིས་བུན་བདག་ལ་གྱོང་གུན་བཟོས་ན། ཁག་ཐེག་བྱེད་པོ་དང་བུ་ལོན་ལེན་མཁན་གྱིས་རྗེས་འབྲེལ་གྱི་སྐྱིན་ཚབ་འཇལ་འགན་འཁུར་དགོས།

5 གན་རྒྱའི་མ་དཔེ།
5_1 སྤྱིར་བཏང་འགན་ལེན་གན་རྒྱ།

ཁག་ཐེག་བྱེད་མཁན། ཀྲུང་གོ________ཀུང་སི།(གཤམ་དུ་བསྡུས་མིང་ལ་ཀ་པ་ཟེར)

ཁྲིམས་བཀོད་ས་གནས།________(ཁ་པར། གློག་འཕྲིན་ཨང་ཐོ་འགོད་པ། གློག་བརྒྱུད་གཏོང་།)

ཁག་ཐེག་བྱེད་མི།________རྒྱལ་ཁབ________ཀུང་སི(གཤམ་དུ་བསྡུས་མིང་ལ་ཁ་པ་ཞེས་འབོད་རྒྱུ)

ཁྲིམས་བཀོད་ས་གནས།________(ཁ་པར། གློག་འཕྲིན་ཨང་ཐོ་འགོད་པ། གློག་བརྒྱུད་གཏོང་།)

ཀུང་སི________ (གཤམ་དུ་ཁག་ཐེག་བྱ་ཡུལ་ཞེས་བསྡུ་རྒྱུ)ཡི་རེ་ཞུ་ལྟར་ན། ཀ་བས་ཁག་ཐེག་བྱ་ཡུལ་གྱིས་དུས་ལྟར་ཁ་པ་དང་ཁག་ཐེག་བྱ་ཡུལ་གཉིས་ཀྱིས་བཞག་པའི________ཨང་རྟགས་དང་པོའི་གན་རྒྱའི་ཚན་པའི་འོག་དངུལ་བུན(ཡང་ན་དངུལ་བུན་གྱི་མ་སྐྱེད)གྱི་ཁག་ཐེག་འགན་འཁྲི་འཁུར་རྒྱུར་འཐད་པ་བྱུང་ནས། ཀ་བ་དང་ཁ་བ་གཉིས་ཀྱིས་ཁག་ཐེག་གན་རྒྱ་འདི་བཞག་པ་ཡིན།

གན་རྒྱ་འདིར་གོ་ཆོད་པའི་དུས་ཡུན་ནི་ཁག་ཐེག་བྱ་ཡུལ་དང་ཁེ་ཕན་རག་མཁན་གཉིས་ཀྱིས་བཞག་པའི_______ཨང་རྟགས་ཀྱི་གན་རྒྱར་ནུས་པ་ཐོན་པའི་ཉིན་ནས་ཁག་ཐེག་བྱ་ཡུལ་གྱིས་གན་རྒྱའི་རྣམ་གྲངས་འོག་གི་དངུལ་བུན་ཡོངས་རྫོགས(ཡང་ན་དངུལ་བུན་གྱི་མ་སྐྱེད)དང་འབྲེལ་ཡོད་ཀྱི་འགྲོ་གྲོན་ཚང་མ་གཙང་འཇལ་བྱས་ན་མཚམས་འཇོག་རྒྱུ།

གན་རྒྱ་འདིར་ཀ་བ་དང་ཁ་བ་གཉིས་ཀྱིས་བདམས་པའི_______རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཀོལ་སྤྱོད་བྱ་རྒྱུ།

གན་རྒྱ་ནི་རྒྱ་ཡིག་དང་_______ཡིག་གཉིས་ལས་གྲུབ་པ་དང་། ཡི་གེ་གཉིས་ལ་ནུས་པ་འདྲ་མཚུངས་ལྡན།

གན་རྒྱའི་མ་དེབ་རྣམ་པ་གཅིག་ལ་གསུམ་ཡོད་དེ། ཀ་བ་དང་ཁ་བ་དང་ཁག་ཐེག་བྱ་ཡུལ་བཅས་ཀྱིས་རེ་རེ་འཛིན་དགོས། འདྲ་བཤུས་གཅིག_______ཡིག་རིགས_______སྐྱེལ་བ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་རེ་རེ་ཉར་དགོས།

ཀ་པ།(ཐེལ་ཙེ)    ཁ་པ།(ཐེལ་ཙེ)

འཐུས་མི།(མིང་རྟགས་འགོད་ས)འཐུས་མི།(མིང་རྟགས་འགོད་ས)

དཔང་མི།_______

_______ལོའི་ཟླ_______ཚེས_______ཉིན།

5_2 གན་རྒྱའི་ནུས་པ།

དོན་ཚན་ཞེ་བཞི་པ། ཁྲིམས་ལྟར་གན་རྒྱ་བཞག་པ་དེར་བཞག་པའི་ཉིན་ནས་ནུས་པ་འཐོན་རྒྱུ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ནང་དུ་ཆོག་མཆན་འགོད་པ་དང་ཐོར་འགོད་སོགས་ཀྱི་འགྲོ་ལུགས་འགྲིམས་རྗེས་ནུས་པ་འཐོན་རྒྱུའི་གཏན་འབེབས་བྱས་ཡོད་ན། གཏན་འབེབས་འདི་ལྟར་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། དོ་བདག་གིས་གན་རྒྱར་ནུས་པ་འཐོན་རྒྱུའི་ཐད་ཆ་རྐྱེན་ཟུར་བཀོད་བྱ་རྒྱུའི་ཁ་ཆད་བཞག་ཆོག ནུས་པ་ཐོན་རྒྱུའི་ཆ་རྐྱེན་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། ཆ་རྐྱེན་འཛོམས་ཚེ་ནུས་པ་འཐོན་རྒྱུ། ཕྱིར་འཐེན་བྱ་རྒྱུའི་ཆ་རྐྱེན་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། ཆ་རྐྱེན་མཛོམས་ཚེ་གོ་མི་ཆོད་པར་འགྱུར་རྒྱུ།

དོ་བདག་གིས་རང་ཉིད་ཀྱི་ཁེ་ཕན་གཉེར་ཆེད་ཆ་རྐྱེན་འཛོམས་རྒྱུར་ཚུལ་དང་མི་མཐུན་པའི་སྒོ་ནས་བཀག་འགོག་བྱས་རིགས་ཆ་རྐྱེན་འཛོམས་པར་བརྩི་རྒྱུ། ཆ་རྐྱེན་འཛོམས་རྒྱུར་ཚུལ་དང་མི་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་རིགས་ཆ་རྐྱེན་འཛོམས་མེད་པར་བརྩི་རྒྱུ།

དོན་ཚན་ཞེ་དྲུག་པ། དོ་བདག་གིས་གན་རྒྱར་ནུས་པ་འཐོན་རྒྱུའི་ཐད་དུས་བཀག་ཟུར་བཀོད་བྱ་རྒྱུའི་ཁ་ཆད་བཞག་ཆོག ནུས་པ་འཐོན་རྒྱུའི་དུས་བཀག་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། དུས་བཀག་ཐིམ་ཚེ་གོ་ཆོད་པའི་ནུས་པ་འཐོན་རྒྱུ། དུས་བཀག་མཇུག་སྒྲིལ་རྒྱུ་ཟུར་བཀོད་བྱས་པའི་གན་རྒྱ་ཡིན་ན། དུས་བཀག་ཐིམ་ཚེ་གོ་མི་ཆོད་པར་འགྱུར་རྒྱུ།

དོན་ཚན་ཞེ་བདུན་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་གན་རྒྱ་འཇོག་རིགས་ཁྲིམས་བཀོད་ངོ་ཚབ་ཀྱིས་རྗེས་སུ་ཁས་བླངས་རྗེས་གན་རྒྱ་དེ་གོ་ཆོད་པ་ཡིན། ཡིན་ན་ཡང་ཁེ་ཕན་ཁེར་གཙང་ཐོབ་པའི་གན་རྒྱའམ་ཡང་ན་དེའི་ལོ་ཚོད་དང་། རིག་སྟོབས། ལུས་སེམས་བདེ་ཚུལ་བཅས་དང་འཚམས་པས་གན་རྒྱ་བཞག་པ་ཡིན་ན། ཁྲིམས་བཀོད་ཀྱི་ངོ་ཚབ་ཀྱིས་རྗེས་སུ་ཁས་ལེན་བྱ་མི་དགོས།

དོན་ཚན་ཞེ་བརྒྱད་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་མེད་པ་དང་། ངོ་ཚབ་བྱེད་དབང་ལས་བརྒལ་བའམ་ཡང་ན་ངོ་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་དེས་ངོ་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་གན་རྒྱ་བཞག་རིགས། ངོ་ཚབ་བྱ་ཡུལ་གྱི་མིས་རྗེས་སུ་ཁས་མ་བླངས་ན་དེས་ངོ་ཚབ་བྱ་ཡུལ་གྱི་མིར་ནུས་པ་མི་ཐོན་པས། བྱ་སྤྱོད་སྤེལ་མཁན་གྱིས་ཁག་འགན་འཁུར་རྒྱུ།  

དོན་ཚན་ཞེ་དགུ་པ། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་མེད་པ་དང་། ངོ་ཚབ་བྱེད་དབང་ལས་བརྒལ་བའམ་ཡང་ན་ངོ་ཚབ་བྱེད་དབང་མཇུག་སྒྲིལ་རྗེས་དེས་ངོ་ཚབ་བྱ་ཡུལ་གྱི་མིའི་མིང་ཐོག་ནས་གན་རྒྱ་བཞག་རིགས། བྱ་སྤྱོད་སྤེལ་མཁན་ལ་ངོ་ཚབ་བྱེད་དབང་ཡོད་པར་བལྟོས་བཅོས་ཀྱི་མིས་ཡིད་ཆེས་བྱ་རྒྱུའི་རྒྱུ་མཚན་ཡོད་ན། ངོ་ཚབ་བྱེད་པའི་བྱ་སྤྱོད་དེར་ནུས་པ་འཐོན་རྒྱུ།

དོན་ཚན་ལྔ་ཅུ་པ། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གི་ཁྲིམས་བཀོད་འཐུས་ཚབ་དང་འགན་འཁུར་པས་དབང་མཚམས་ལས་བརྒལ་ཏེ་གན་རྒྱ་བཞག་རིགས། བལྟོས་བཅོས་ཀྱི་མིས་དེ་དབང་མཚམས་ལས་བརྒལ་བ་ཡིན་པ་རྟོགས་པའམ་ཡང་ན་རྟོགས་དགོས་པ་ཕུད། འཐུས་ཚབ་བྱེད་པའི་བྱ་སྤྱོད་དེར་ནུས་པ་འཐོན་རྒྱུ།

དོན་ཚན་ང་གཅིག་པ། ཐག་གཅོད་བྱེད་དབང་མེད་པའི་མིས་མི་གཞན་པའི་རྒྱུ་ནོར་ཐག་བཅད་ཅིང་། དབང་ཆ་ཡོད་པའི་མིས་རྗེས་སུ་ཁས་བླངས་པའམ་ཡང་ན་ཐག་གཅོད་བྱེད་དབང་མེད་པའི་མིས་གན་རྒྱ་བཞག་རྗེས་ཐག་གཅོད་བྱེད་དབང་ཐོབ་པ་ཡིན་ན། གན་རྒྱ་དེར་ནུས་པ་ཐོན་རྒྱུ།

དོན་ཚན་ང་གཉིས་པ། གཤམ་འཁོད་ཀྱི་གནས་ཚུལ་ལསརིགས་གཅིག་ཡོད་ན། གན་རྒྱ་གོ་མི་ཆོད་པ་སྟེ།

(གཅིག)ཕྱོགས་གཅིག་གིས་མགོ་སྐོར་གཏོང་བ་དང་བཙན་ཤེད་ཀྱི་བྱེད་སྟངས་ཐོག་ནས་གན་རྒྱ་བཞག་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་དང་།

(གཉིས)བསམ་ངན་ཁོག་བཅུག་གིས་ངན་འབྲེལ་བྱས་ནས་རྒྱལ་ཁབ་དང་ཐུན་མོང་ངམ་ཕུང་གསུམ་པ་བཅས་ཀྱི་ཁེ་ཕན་ལ་གནོད་པ།

(གསུམ)ཁྲིམས་མཐུན་གྱི་བྱེད་སྟངས་ལ་བརྟེན་ནས་ཁྲིམས་འགལ་གྱི་དམིགས་ཡུལ་གཡོ་འགེབས་བྱེད་པ།

(བཞི)སྤྱི་ཚོགས་ཀྱི་སྤྱི་པའི་ཁེན་ཕན་ལ་གནོད་པ།

(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་འགལ་བའི་བཙན་ཤེད་ཀྱི་རང་བཞིན་ལྡན་པའི་གཏན་འབེབས་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།