ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིགསྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 15:42ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག

ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག
《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་སྲོལ་ཡིག》ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སྦྱང་བ་དཔྱིས་ཕྱིན་པ་ཡོང་ཆེད། ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་གཞག་ལ་ཧུར་བརྩོན་བྱས་ནས། ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་གི་བྱང་ཚད་གོང་མཐོར་བཏང་སྟེ། ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཐོག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་ཏང་ནང་གི་འབྲེལ་ཡོད་ཁྲིམས་སྲོལ་ཁག་ལ་གཞི་བཅོལ་ཏེ། སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党党员教育管理工作条例
ཁྱབ་བསྒྲགས་ལས་ཁུངས།
ཀྲུང་གུང་ཀྲུང་དབྱང་།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ2019ལོའི་ཟླ5པར།
ལག་བསྟར་དུས་ཚོད།
སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན།
རིགས་དབྱེ།
སྒྲིག་ཁྲིམས།
གཞི་འཛིན་ས།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་ཏང་ནང་གི་འབྲེལ་ཡོད་སྒྲིག་ཁྲིམས།
དཀར་ཆག
1   ​སྲོལ་ཡིག་གི་ནང་དོན།
1.1 རྒྱབ་ལྗོངས།
1.2   ས་བཅད་དང་པོ།  སྤྱིའི་རྩ་དོན།
1.3 ས་བཅད་གཉིས་པ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ།
1.4 ས་བཅད་གསུམ་པ།  ཏང་ཡོན་སློབ་གསོའི་རྨང་གཞིའི་འགན་འཁྲི།
1.5 ས་བཅད་བཞི་བ།  ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་བྱེད་ཐབས་གཙོ་བོ།
1.6   ས་བཅད་ལྔ་བ།  ཏང་གི་སྐྱིད་སྡུག་དང་ཏང་ཡོན་རྩ་འཛུགས་འབྲེལ་བའི་དོ་དམ།
1.7   ས་བཅད་དྲུག་པ། ཏང་ཡོན་ལྟ་སྐུལ་དང་རྩ་འཛུགས་ཐག་གཅོད།
1.8   ས་བཅད་བདུན་པ། སྐོར་སྐྱོད་ཏང་ཡོན་དོ་དམ།
1.9 ས་བཅད་བརྒྱད་པ། ཏང་ཡོན་སློབ་གསོ་དོ་དམ་ཆ་འཕྲིན་ཅན།
1.10 ས་བཅད་དགུ་བ། རྩ་འཛུགས་མགོ་ཁྲིད་དང་བྱ་བའི་འགན་སྲུང་།
1.11 ས་བཅད་བཅུ་པ། ཞར་བྱུང་དོན་ཚན།
1 ​སྲོལ་ཡིག་གི་ནང་དོན།

《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་སྲོལ་ཡིག》ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སྦྱང་བ་དཔྱིས་ཕྱིན་པ་ཡོང་ཆེད།  ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་གཞག་ལ་ཧུར་བརྩོན་བྱས་ནས། ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་གི་བྱང་ཚད་གོང་མཐོར་བཏང་སྟེ།  ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཐོག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་ཏང་ནང་གི་འབྲེལ་ཡོད་ཁྲིམས་སྲོལ་ཁག་ལ་གཞི་བཅོལ་ཏེ།  སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

1_1 རྒྱབ་ལྗོངས།

སྤྱི་ལོ2019ལོའི་སྤྱི་ཟླ3པའི་ཚེས29ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་སྲོལ་ཡིག》གི་ཞིབ་བཤེར་གྲོས་མོལ་ཚོགས་འདུ་བསྐངས།

ཚོགས་ཐོག་ནས་ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་སྣོན་པ་ནི་ཏང་གི་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་གལ་ཆེན་རང་བཞིན།  རྒྱུན་གཏན་རང་བཞིན་བཅས་ཀྱི་འགན་འཁྲི་ཞིག་ཡིན་པ་དང་། ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་བསྣན་ཏེ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ལ་ངར་སློང་བར་ཤུགས་བརྒྱབས་ནས་དད་སེམས་བརྟན་པོ་དང་ཆབ་སྲིད་ཡིད་རྟོན།  བྱང་ཚད་ལེགས་པོ་དང་སྒྲིག་སྲོལ་གཟབ་ནན།  ཕན་ནུས་འབུར་ཐོན་བཅས་ལྡན་པའི་ཏང་ཡོན་དཔུང་སྡེ་ཞིག་འཛུགས་དགོས་ཞེས་བཏོན་པ་རེད།

ཚོགས་ཐོག་ནས་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བ་བྱང་ཚད་ལ་བརྟེན་ནས་མཐོར་འདེགས་སུ་བཏང་སྟེ་གྲུབ་འབྲས་མངོན་དུ་འཇུག་དགོས།  དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་བརྒྱབས་ནས་རྣམ་པ་རིང་ལུགས་རྩ་བ་ནས་འདོར་དགོས།  ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པའི་རྒྱུན་བསྐྱངས་ནས།   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་དེ་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་དགོས་ཞེས་ནན་གྱིས་བསྟན་ཡོད།

ཚོགས་ཐོག་ཏུ་ཏང་ཨུ(ཏང་རྩ་འཛུགས)སོ་སོས་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བར་ཚད་མཐོའི་ངང་ནས་གལ་ཆེན་དུ་འཛིན་དགོས་པ་དང་།  《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་སྲོལ་ཡིག》ལག་བསྟར་གྱི་རྩ་འཛུགས་སྣེ་སྟོན་ལ་ཤུགས་སྣོན་དགོས།  རྩ་འཛུགས་སྡེ་ཁག་སོ་སོས་སྤྱི་ཡོངས་དམ་འཛིན་གྱི་ནུས་པར་སྣེ་ཁྲིད་དགོས།  འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་མཐུན་སྦྱོར་དང་རོགས་འདེགས་བྱེད་པར་ཤུགས་བསྣན་ནས་བྱ་བའི་ཆིག་སྒྲིལ་གྱི་ནུས་པ་གྲུབ་པར་བྱ་དགོས།  ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱས་ནས།  ཏང་ཡོན་གྱི་ལས་འགན་ལ་ལྟ་སྐུལ་བྱ་ཐོག་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་པའི་བླ་བྱ་བཏོན་ཡོད།

1_2   ས་བཅད་དང་པོ།  སྤྱིའི་རྩ་དོན།

དོན་ཚན་དང་པོ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སྦྱང་བ་དཔྱིས་ཕྱིན་པ་ཡོང་ཆེད།  ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་གཞག་ལ་ཧུར་བརྩོན་བྱས་ནས། ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་གི་སྤུས་ཚད་གོང་མཐོར་བཏང་སྟེ།  ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཐོག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་ཏང་ནང་གི་འབྲེལ་ཡོད་ཁྲིམས་སྲོལ་ཁག་ལ་གཞི་བཅོལ་ཏེ།  སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ།  ཏང་ཡོན་སློབ་གསོ་དོ་དམ་ནི་ཏང་གི་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་སློབ་གསོ་དོ་དམ་ལ་ཧུར་བརྩོན་བྱས་ཤིང་།  ཏང་ཡོན་ལ་སྣེ་ཁྲིད་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་སྲ་བརྟན་དུ་གཏོང་དགོས། “འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་ནས“རང་རྟོན་བཞི”སྲ་བརྟན་དུ་གཏོང་བ་དང་“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་སྟེ་ཏང་གཤིས་ཤུགས་ཆེར་སྤེལ་ནས།  བྱང་ཚད་ཇེ་མཐོར་བཏང་སྟེ་ནན་ཏན་སྒོས་འོས་འགན་ལག་བསྟར་བྱས་ནས་ཁེ་དབང་ཡང་དག་པར་སྤྱོད་པ་དང་གདོང་ལེན་དཔེ་བཟང་གི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། 

དོན་ཚན་གསུམ་པ།  ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།  ཏིང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱས་ཐོག  དུས་རབས་གསར་བའི་ཏང་ཡོན་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱས་ནས།  སློབ་གསོ་དང་དོ་དམ། ལྟ་སྐུལ།  ཞབས་ཞུ་བཅས་ཟུང་འབྲེལ་བྱེད་པར་རྒྱུན་སྐྱོང་བ་དང་།  “སློབ་པ་གཉིས་དང་བྱེད་པ་གཅིག ”གི་སློབ་སྦྱོང་སློབ་གསོའི་རྒྱུན་ཚུལ་རང་བཞིན་དང་ལམ་ལུགས་རང་བཞིན་ལ་སྐུལ་སྤེལ་བྱས་ནས།  ཏང་ཡོན་སློབ་གསོ་དོ་དམ་གྱི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཟམ་མི་ཆད་པའི་སྒོ་ནས་ཤུགས་དྲག་ཏུ་བཏང་སྟེ།  འབད་བརྩོན་ལྷོད་མེད་སྒོས་ཆབ་སྲིད་ཚད་ལྡན་དང་སྒྲིག་ལམ་ལག་བསྟར་ཚད་ལྡན།  སྤྱོད་ལམ་ཚད་ལྡན་དང་བྱེད་ནུས་འདོན་སྤེལ་ཚད་ལྡན་བཅས་ཡིན་པའི་ཏང་ཡོན་དཔུང་སྡེ་ཞིག་འཛུགས་དགོས།

དོན་ཚན་བཞི་བ། ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བར་གཤམ་གྱི་རྩ་དོན་རྣམས་བརྩི་སྲུང་བྱ་དགོས།

(གཅིག) ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་ཏན་སྒོས་བསྐྱངས་ཏེ། བླང་བྱ་ནན་མོ་བཏོན་ཏེ་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱས་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་གསོ་དོ་དམ་དང་དུ་ལེན་དགོས།

(གཉིས) ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གཤིས་སློབ་གསོ་དང་ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་ཡོན་ལ་སྣེ་ཁྲིད་དེ་ཏང་གི་ཁྲིམས་སྲོལ་ལུགས་གསུམ་ལ་བརྩི་སྲུང་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་དམ་པོར་འཛིན་དུ་འཇུག་དགོས།

(གསུམ) དཀྱིལ་སྙིང་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་སྐྱོང་བ་དང་། ཏང་ཡོན་སློབ་གསོ་དོ་དམ་བྱེད་པའི་སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས།  བྱེད་ཕྱོགས་སྲིད་ཇུས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས།

(བཞི) དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་རིགས་བགར་ཏེ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས།  ཏང་ཡོན་གྱི་གཙོ་ཤུགས་གོ་གནས་ལ་བརྩི་འཇོག་དང་། ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་གྱི་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

1_3 ས་བཅད་གཉིས་པ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ།


དོན་ཚན་ལྔ་བ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་དེ། ཏང་ཡོངས་ཀྱི་ཏང་ཡོན་སློབ་གསོ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་རྟོགས་པར་སྣེ་ཁྲིད་བྱས་ཏེ། བདེན་པ་བདེན་ཐུབ་ཏུ་སྒྲུབ་པར་རང་རྟོགས་ཀྱིས་བསླབས་ནས་ཤེས་པར་བྱ་དགོས།

དོན་ཚན་དྲུག་པ།  ཏང་ཡོན་རྩ་འཛུགས་བྱས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ།  རྩ་བའི་རིགས་པར་གོ་བ་ལེན་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྲོག་ཤིང་དང་གཞི་རྩའི་དགོངས་དོན། ལག་ལེན་བླང་བྱ་བཅས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། དེའི་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་སྟངས་ཁོང་དུ་ཆུད་པར་བྱེད་པ་དང་།  ཆབ་སྲིད་རང་རྟོགས་དང་གཞུང་ལུགས་ཡིད་རྟོན།  བརྩེ་སེམས་མཉམ་འདྲེས་བཅས་ལ་ཤུགས་སྣོན་བྱ་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་ལེན་བཟང་བོ་བྱེད་པ་སྲོག་ཤིང་ཡིན་པའི་ཏང་ཡོན་སློབ་གསོའི་སློབ་དེབ་མ་ལག་འཛུགས་དགོས། 

ཏང་ཡོན་རྣམས་ལ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་སློབ་སྦྱོང་བྱེད་པར་ཟུང་འབྲེལ་དམ་པོ་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

དོན་ཚན་བདུན་པ། གཅིག་སྡུད་སློབ་གསོ་དང་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་རྒྱུན་འཁྱོངས་སྒོས་རྩ་འཛུགས་གསོ་སྦྱོང་དང་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱས་ནས་གཅིག་སྡུད་རེས་སྐོར་སྦྱོང་བརྡར་དང་།  ཏང་ཨུ(ཏང་རྩ་འཛུགས)རིགས་པའི་གཞུང་ལུགས་སློབ་གཉེར་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་དང་རིགས་གཞུང་སྒྲོག་བཤད། རྩ་འཛུགས་འཚོ་བ། དྲ་ལམ་སློབ་སྦྱོང་དང་གསོ་སྦྱོང་ལ་སོགས་པའི་ཐབས་ལམ་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་སློབ་གསོའི་ཕན་ཡུན་ནང་རྐྱེན་གྲུབ་པར་བྱས་ནས། ཏང་ཡོན་རྣམས་ཀྱིས་སློབ་སྦྱོང་དཔྱིས་ཕྱིན་པའི་སྒོ་ནས་གོ་བ་གསལ་བོ་བླངས་ཏེ་རྒྱུད་ལ་སྦྱོར་བར་སྐུལ་ལྕག་གཏོང་དགོས།

དོན་ཚན་བརྒྱད་པ།  རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བྱས་ཐོག  ཏང་ཡོན་རྣམས་ལ་སྣེ་ཁྲིད་བྱས་ཏེ་རང་ཉིད་ནང་དུ་འཇོག་པ་དང་འགན་འཁྲི་ཐེག་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་སློབ་གཉེར་ཉམས་ལེན་གཅིག་གྱུར་སྒོས། ཆབ་སྲིད་ལངས་ཕྱོགས་མཐོར་འདེགས་དང་ལས་འགན་ཐེག་ཚད་ཇེ་མཐོར་གཏོང་བ། ཉམས་སད་ཐེག་པའི་ནུས་རྩལ་ལ་ཤུགས་སྣོན་བྱེད་པ་དང་རང་འཁྲིའི་ལས་ཀ་ལེགས་སྒྲུབ་པ་བཅས་བྱས་ནས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་བློ་དཀར་སེམས་དཀར་གྱིས་ལག་ལེན་བྱེད་མཁན་ཞིག་བྱ་དགོས།

ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་ནན་མོ་འདོན་པ། ཕྱོགས་ཡོངས་ལ་སྦྱང་པ་དང་མ་ལག་ཅན་ལ་སྦྱང་བ། བྱང་ཆུབ་པར་སྦྱང་བ་དང་གཏིང་ཟབ་མོར་སྦྱང་བ། དཔེར་བལྟས་ཀྱིས་སྦྱང་བ་སོགས་ཀྱི་ཐད་ནས་བླང་བྱ་ནན་མོ་བཏོན་ཏེ་རང་རྟོགས་སྒོས་བསམ་བློའི་དྲག་ཆས་སྤྲས་ནས་ལག་ལེན་མཛུབ་སྟོན་དང་བྱ་བར་སྐུལ་ལྕག དཔེ་སྟོན་སྐུལ་ཁྲིད་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས།

1_4 ས་བཅད་གསུམ་པ།  ཏང་ཡོན་སློབ་གསོའི་རྨང་གཞིའི་འགན་འཁྲི།

དོན་ཚན་དགུ་བ།   ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོར་ཤུགས་བསྣན་ནས་ཏང་གིས་གསར་གཏོད་བྱས་པའི་གཞུང་ལུགས་སློབ་སྦྱོང་འབུར་ཐོན་ཡོང་བ་དང་།  ཏང་ཡོན་ལ་རྩ་འཛུགས་བྱས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།  གཞི་རྩའི་ཇུས་གཞི་སོགས་ལ་སློབ་སྦྱོང་བྱས་ཏེ་མར་ཁེ་སི་རིང་ལུགས་གྱི་རྩ་བའི་རིགས་པ་དང་ཏང་གི་གཞི་རྩའི་ཤེས་བྱ་བཅས་ལ་སྦྱང་བ་བྱས་ཐོག  ཏང་ཡོན་ལ་སྣེ་ཁྲིད་ནས་ཕུགས་འདུན་དང་དད་སེམས་བརྟན་པོའི་ངང་ནས་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ་དང་། ཧུར་བརྩོན་གྱིས་མར་ཁེ་སི་རིང་ལུགས་ཀྱི་ལྟ་བའི་ལངས་ཕྱོགས་དང་ཐབས་ལམ་ཁོང་དུ་ཆུད་པར་བྱེད་པ་མ་ཟད་རང་རྟོགས་སྒོས་བེད་སྤྱོད་བྱེད་དགོས།

དོན་ཚན་བཅུ་བ།  ཆབ་སྲིད་སློབ་གསོ་དང་ཆབ་སྲིད་སྦྱོང་བརྡར་འབུར་དུ་ཐོན་པར་བྱས་ནས་ཏང་ནང་གི་ཆབ་སྲིད་ཀྱི་འཚོ་བར་སྦྱོང་བརྡར་ནན་མོ་བྱེད་པ་དང་། ཏང་ཡོན་ལ་དར་ཆ་གསལ་སྒྲེང་གི་སློབ་གསོ་བཏང་ནས་ཆབ་སྲིད་ལ་དང་དོད་བྱས་ཏེ། ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་འཇོན་ནུས་ཇེ་མཐོར་གཏོང་དགོས།  ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་ཏན་གྱིས་སྲུང་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་གཏན་དུ་གནས་པར་བྱེད་པ་དང་། “དང་ལེན་བཞི”ལེགས་པོར་སྲུང་ནས་བསམ་བློ་དང་ཆབ་སྲིད།  འགུལ་བསྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་བཅུ་གཅིག་པ།  ཏང་གི་ཁྲིམས་སྲོལ་ལུགས་གསུམ་གྱི་སློབ་གསོ་ཤུགས་ཆེར་སྤེལ་ནས་། ཏང་ཡོན་ཀྱིས་ཏང་ཞུགས་དམ་བཅའ་ཡིད་ལ་འཇགས་པར་ཁྲིད་སྟོན་བྱེད་དགོས།  ཏང་ཡོན་གྱི་ཚད་གཞི་ལེགས་པོ་རྒྱུན་བསྐྱངས་ནས་ཏང་གི་སྒྲིག་སྲོལ་ལ་རང་རྟོག་སྒོས་བརྩི་སྲུང་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་དང་། བླ་ན་མེད་པའི་བསམ་བློ་དང་ཀུན་སྤྱོད་སྐྱེད་སྲིང་བྱེད་པ།  བསམ་པའི་དཔལ་ཡོན་དང་སློབ་སྦྱོང་གི་བསམ་བློ།  བྱ་བའི་སྤྱོད་ལམ་དང་འཚོ་བའི་ཀུན་སྤྱོད།  ཁྱིམ་ཚང་གི་སྤྱོད་ལམ་སོགས་སྐྱེད་སྲིང་བྱེད་པར་སྣེ་ཁྲིད་གང་ལེགས་བྱས་ནས།  རྩ་ཁྲིམས་དང་བཅའ་ཁྲིམས།  ཁྲིམས་སྲོལ་བཅས་ཀྱི་སློབ་གསོ་བཅས་ཇེ་དམ་དུ་བཏང་སྟེ།  ཏང་ཡོན་གྱི་ཁྲིམས་བརྩི་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་བཀོལ་བཅས་ལ་ཁྲིད་སྟོན་བྱེད་དགོས། 

དོན་ཚན་བཅུ་གཉིས་པ།  ཏང་གི་དགོངས་དོན་སློབ་གསོར་ཤུགས་བསྣན་ནས།  ཏང་ཡོན་གྱི་སྣེ་ཁྲིད་དེ་ཁ་ཞེ་གཉིས་མེད་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་ལག་བསྟར་བྱས་ནས།  ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་པ་དང་མང་ཚོགས་ཀྱི་བྱ་བའི་འཇོན་ནུས་ཇེ་མཐོར་བཏང་སྟེ།  དམངས་ལ་ཞབས་ཞུ་བྱེད་པར་འབྲེལ་བ་དམ་པོ་འཛིན་དགོས། 

དོན་ཚན་བཅུ་གསུམ་པ།  སྲོལ་རྒྱུན་སློབ་གསོར་གསར་བརྗེ་བྱས་ནས་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས།  བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ལ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས།  ཏང་གི་འབད་འཐབ་ཀྱི་བརྒྱུད་རིམ་ཡིད་ལ་བཅངས་ཏེ་ཏང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་།  གསར་བརྗེའི་མཛད་བཟང་རྒྱུན་འཛིན་སྒོས་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སྣང་སློང་དགོས།

དོན་ཚན་བཅུ་བཞི་བ།  དུས་བབས་སྲིད་ཇུས་ཀྱི་སློབ་གསོ་སྤེལ་ཏེ།  ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཐབས་ཇུས་ལག་ལེན་མཐར་ཕྱིན་ཡོང་ཆེད་དང་གལ་ཆེའི་འགན་འཁྲི་དོན་འཁྱོལ་ཡོང་ཕྱིར།  ཏང་གི་ལམ་ཕྱོགས་ཀྱི་བྱེད་ཕྱོགས་སྲིད་ཇུས་སྒྲོག་འདོན་བྱས་ནས།  འཛམ་གླིང་དང་རྒྱལ་ཁབ།  ཏང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།  ཏང་ཡོན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་།  ཏང་ཡོན་གྱིས་དུས་བབ་ལ་རྒྱུས་ལོན་ཡང་དག་ཅིག་བྱེད་པར་སྣེ་ཁྲིད་དེ།  བསམ་སྤྱོད་གཅིག་གྱུར་སྒོས་ཏང་ཀྲུང་དབྱང་གི་བླང་བྱ་དང་བསྟུན་དགོས།

དོན་ཚན་བཅོ་ལྔ་བ།  ཤེས་བྱའི་ནུས་རྩལ་སློབ་གསོ་ལ་དང་དོད་བྱས་ཐོག ཏང་ཡོན་གྱི་ལས་རྐང་འགན་འཁྲིའི་བླང་བྱ་དང་བྱ་བའི་དགོས་མཁོར་བསྟུན་ནས།  ཏང་ཡོན་གྱིས་ལས་རིགས་ཤེས་བྱ་དང་ཚན་རྩལ་ཤེས་བྱ། བཀོལ་སྤྱོད་ལག་རྩལ་སོགས་ལ་ནང་བྱན་ཆུད་པ་ཞིག་སྦྱང་ཕྱིར་རྩ་འཛུགས་དང་སྣེ་ཁྲིད་བྱེད་དགོས། ཏང་ཡོན་གྱི་ཕྱོགས་བསྡུས་བྱང་ཚད་དང་ལས་འགན་ལག་བསྟར་གྱི་འཇོན་ནུས་ཇེ་མཐོར་གཏོང་རོགས་བྱས་ཏེ། ཞབས་ཞུའི་འཇོན་ཐང་ཇེ་ཆེར་གཏོང་དགོས།

1_5 ས་བཅད་བཞི་བ།  ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་བྱེད་ཐབས་གཙོ་བོ།

དོན་ཚན་བཅུ་དྲུག་པ།  ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་”གི་ལམ་ལུགས་སྤྱད་དེ་ཏང་ཡོན་ལ་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་དོ་དམ་བྱ་དགོས། ཏང་ཡོན་རྣམས་དུས་ལྟར་ཏང་ཡོན་ཚོགས་ཆེན་དང་ཏང་ཚོགས་ཆུང་གི་ཚོགས་འདུ། ཏང་གི་སློབ་ཁྲིད་བཅས་ལ་ཞུགས་པ་དང་། སློབ་སྦྱོང་བརྗེ་རེས་བྱས་ནས་བསམ་བློ་དང་བྱ་བ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རྣམས་རྩ་འཛུགས་འཚོ་བའི་ཚོགས་འདུ་གཉིས་ལ་ཞུགས་དགོས།

ཏང་ཀྲི་པུའུ་ཡིས་ཟླ་རེར་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་ཐེངས་རེ་སྤེལ་ནས།  ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ལ་ཉེ་བར་བཅར་བ་དང་། ཏང་ཡོན་ལ་རྩ་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་བྱེད་པ་དང་རྩ་འཛུགས་ཀྱི་འཚོ་བར་རོལ་བ།  དམངས་གཙོའི་གྲོས་དོན་བྱེད་པ་དང་དང་བླང་ཞབས་ཞུ་སྤེལ་བ་སོགས་བྱེད་དགོས།   ཏང་ཡོན་ཀྱིས་དུས་ལྟར་ཏང་དངུལ་སྤྲོད་དགོས།  ཏང་རྩ་འཛུགས་ཀྱིས་ཏང་དངུལ་རྩིས་ལེན་བྱས་ནས་བཀོལ་སྤྱོད་དང་དོ་དམ་བཟང་བོ་བྱེད་དགོས།

དོན་ཚན་བཅུ་བདུན་པ།  ཏང་ཀྲི་པུའུ་ཡིས་ལོ་རེར་ཉུང་མཐའ་ཡང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་རེར་སྐོང་དགོས་ལ།  བྱ་བའི་དགོས་དབང་གིས་དུས་ངེས་མེད་དུ་བསྐངས་ཀྱང་ཆོག  སྤྱིར་བཏང་དུ་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའམ་ཏང་ཚོགས་ཆུང་གི་ཚོགས་འདུ་བཅས་ཀྱི་ལམ་ནས་བསྐང་ཆོག 

དོན་ཚན་བཅོ་བརྒྱད་པ།  ཏང་ཀྲི་པུའུ་ཡིས་ལོ་རེར་ཏང་ཡོན་རྣམས་ལ་དམངས་གཙོའི་དཔྱད་མོལ་ཐེངས་རེ་སྤེལ་དགོས།  ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་འདུ་བསྐངས་ནས་མི་སྒེར་གདེང་འཇོག་དང་ཏང་ཡོན་ཕན་ཚུན་བར་གདེང་འཇོག་བྱེད་པ། དམངས་གཙོའི་དཔྱད་སྡུར་གྱི་གོ་རིམ་ལྟར་རྩ་འཛུགས་བྱས་ནས་ཏང་ཡོན་ལ་དཔྱད་མོལ་བཅས་བྱ་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་།  ཡང་ན། ཏང་ཡོན་ཚོགས་ཆེན་བཅས་ཀྱི་སྟེང་དཔྱད་མོལ་གནས་ཚུལ་དང་ཏང་ཡོན་གྱི་ཉིན་རེའི་བྱ་བའི་གནས་ཚུལ་ལ་གཞིགས་ནས་བསམ་འཆར་ནན་མོ་འདོན་དགོས། དམངས་གཙོའི་སྒོ་ནས་ཏང་ཡོན་ལ་དཔྱད་མོལ་བྱེད་པ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ་གཉིས་མཉམ་དུ་སྤེལ་ཡང་ཆོག 

དོན་ཚན་བཅུ་དགུ་བ།  གཞི་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་ཡོན་གྱི་བསམ་བློའི་གནས་སྟངས་དང་སེམས་ཁམས་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་དུ་བརྩིས་ནས།  ཏང་རྩ་འཛུགས་ཀྱི་འགན་འཁུར་བས་དུས་རྒྱུན་ཏང་ཡོན་གྱི་ནང་སེམས་དང་འདྲེས་པར་བྱས་ཏེ་དམིགས་གཏད་ཡོད་པའི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་སྤེལ་དགོས། 

དོན་ཚན་ཉི་ཤུ་བ།  གྲོང་ཁྱེར་དང་རྫོང་ཏང་ཨུའམ་གཞི་རིམ་ཏང་ཨུས་ལོ་རེར་ཏང་ཡོན་ལ་རྩ་འཛུགས་བྱས་ནས་གཅིག་སྡུད་སྒོས་རེས་སྐོར་སྦྱོང་བརྡར་བྱེད་དགོས།  གཙོ་བོ་རྫོང་རིམ་པའི་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གྲྭ)དང་གཞི་རིམ་ཏང་གི་སློབ་གྲྭ་སོགས་ལ་བརྟེན་ནས་ལག་བསྟར་བྱེད་དགོས།  བྱ་གཞག་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་གཙོ་གནད་ཀྱི་འགན་འཁྲིར་གཞི་བཅོལ་ནས།  རང་ས་གནས་དང་རང་སྡེ་ཁག  རང་རེའི་ལས་ཁུངས་ཀྱི་དཀྱིལ་སྙིང་བྱ་གཞག་དང་ཏང་ཡོན་གྱི་གནས་ཚུལ་དངོས་གཉིས་ཟུང་འབྲེལ་སྒོས་གསོ་སྦྱོང་གི་ནང་དོན་དང་བྱེད་ཐབས་གཏན་འཁེལ་བྱེད་དགོས།  ཏང་ཡོན་གྱི་ལོ་རེའི་གཅིག་སྡུད་སློབ་སྦྱོང་གི་གསོ་སྦྱོང་དུས་ཚོད་ལ་ཆེས་ཉུང་ནའང་སློབ་ཐུན32ཡོད་དགོས།

དོན་ཚན་ཉེར་གཅིག་པ།  ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་ཡོན་ལ་རྩ་འཛུགས་བྱས་ནས་ནན་ཏན་སྒོས་ཏང་ནང་གི་གཅིག་སྡུད་སློབ་སྦྱོང་གི་སློབ་གསོར་ཞུགས་དགོས། ཏང་ཡོན་ལ་སྣེ་ཁྲིད་ཅིང་སློབ་སྦྱོང་སློབ་གསོའི་བརྗོད་དོན་ལ་དམིགས་ནས་ཏང་གིས་གསར་གཏོད་བྱས་པའི་རིགས་གཞུང་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཐོག  རང་སྟེང་གི་གནད་དོན་མངོན་གསལ་ཅན་བཙལ་ནས་ཐག་གཅོད་བྱེད་དགོས།  

ཞིང་ཆེན་རིམ་པའི་ཏང་ཨུ་དང་ལས་རིགས་མ་ལག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་བསམ་བློའི་གནས་སྟངས་དང་ཏང་འཛུགས་སྐྲུན་གྱི་དགོས་མཁོ་ལྟར།  འོས་འཚམས་ཀྱི་དུས་ཚོད་ནང་ཆེད་དོན་སློབ་སྦྱོང་སློབ་གསོ་སྤེལ་ཆོག

དོན་ཚན་ཉེར་གཉིས་པ།  ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཚོགས་སྡེ་མི་འདྲ་བའི་ཏང་ཡོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉེ་འཁོར་གྱི་དཔེ་བཟང་ལ་སློབ་སྦྱོང་དང་འཛུགས་སྐྱོང་བྱས་པ་བརྒྱུད་ནས། ཏང་ཡོན་གྱི་དཔེ་སྟོན་ལས་གནས་དང་ཏང་ཡོན་གྱི་འགན་འཁྲིའི་ཁྱབ་ཁོངས་བཙུགས་ནས། ལས་གནས་བཙུགས་ཤིང་འགན་འཁྲི་བགོས་ཏེ། ཁས་ལེན་དམ་བཅའ་བྱེད་པའི་ལས་སྒོ་སྤེལ་བ་དང་།  ཏང་ཡོན་ལ་སྣེ་ཁྲིད་ནས་རང་འཁྲིའི་ལས་དོན་ལེགས་པོར་བསྒྲུབས་ཏེ་དོན་འཁྱོལ་ཞིང་མདུན་གྲལ་སྙེག་པ།  སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་བཅས་བྱས་ཏེ།  དམངས་ལ་ཞབས་ཞུའི་འབྲེལ་བ་བཙུགས་ནས། ལས་འགན་གལ་ཆེན་སྒྲུབ་སྐབས་འགན་འཁྲི་འཁུར་ཕོད་པ།  དུས་རྒྱུན་པར་མཐོང་ཐུབ་པ།  གནད་འགག་གི་སྐབས་སུ་འགྲེང་ཐུབ་པ།  ཉེན་ཁའི་འགག་རྩའི་དུས་སུ་གང་ལའང་མི་འཛེམ་པའི་སྒོ་ནས་ཏང་ཡོན་དང་བླང་ཞབས་ཞུ་ལ་ཞུགས་པར་སྐུལ་མ་དང་སྣེ་ཁྲིད་བྱ་དགོས།

ཏང་ཡོན་དང་བླང་ཞབས་ཞུ་ལ་ཞུགས་པར་སྣེ་ཁྲིད་དང་རྟིང་སྐུལ་བྱས་ཏེ།  ཏང་ཡོན་གྱིས་ཏང་རྩ་འཛུགས་ཀྱིས་སྤེལ་བའི་དང་བླང་ཞབས་ཞུའི་བྱེད་སྒོར་ཧུར་ཐག་གིས་ཞུགས་དགོས་ལ། རང་ངོས་ནས་དང་བླང་ཞབས་ཞུའི་བྱེད་སྒོ་སྤེལ་ཡང་ཆོག

དོན་ཚན་ཉེར་གསུམ་པ།  ཏང་རྩ་འཛུགས་ཀྱིས་སློབ་གསོ་དོ་དམ་དང་སེམས་འཁུར་རྣམ་དག་གིས་གཅེས་སྐྱོང་བྱེད་པ་གཅིག་གྱུར་བྱེད་པར་ནན་ཏན་སྒོས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་དང་བསམ་བློ།  འཚོ་བ་སོགས་ཀྱི་ཐད་ནས་ཏང་ཡོན་ལ་གཟིགས་སྐྱོང་དང་སྐྱོར་མ་བྱེད་དགོས།

ཏང་ཡོན་རྒན་པའི་ལུས་ཕུང་དང་སྡོད་གནས།  ཁྱིམ་ཚང་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་སྐབས་བསྟུན་བྱེད་ཐབས་སྤྱད་དེ་སློབ་གསོ་དོ་དམ་གྱི་ཞབས་ཞུ་བྱ་རྒྱུ་དང་། ཁོང་ཚོ་ཏང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་རྒྱུ་རྩ་འཛུགས་བྱས་ཏེ་ནུས་པ་གང་ཡོད་འདོན་ཐུབ་པ་བྱ་དགོས། ན་རྒས་ལུས་ཞན་དང་འགྲོ་འདུག་སྟབས་མི་བདེ་བ།  ན་ཚ་ལྕི་མོ་ཅན། ལྷག་པར་དུ་ནུས་ཤོར་ཏང་ཡོན་ཅན་ལ་རྩ་འཛུགས་བྱེད་སྒོ་དང་སློབ་སྦྱོང་སྤེལ་བ་སོགས་ཀྱི་ཐད་ནས་བླང་བྱ་ནན་མོ་མི་འདོན་པ་དང་། ཏང་རྩ་འཛུགས་ཀྱིས་སློབ་གསོ་ཁྱིམ་དུ་བསྐྱལ་བ་དང་སྒོ་བཅར་ཁམས་འདྲིའི་བྱེད་ཐབས་སོགས་བརྒྱུད་དེ་ཐུགས་ཁུར་དང་གཟིགས་སྐྱོང་གང་ལེགས་བྱ་དགོས།

1_6   ས་བཅད་ལྔ་བ།  ཏང་གི་སྐྱིད་སྡུག་དང་ཏང་ཡོན་རྩ་འཛུགས་འབྲེལ་བའི་དོ་དམ།

དོན་ཚན་ཉེར་བཞི་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་བརྒྱུད་པ་དང་གཞི་རིམ་ཏང་ཨུས་ཞིབ་བཤེར་ཆོག་མཆན་བཀོད་དེ་དང་ལེན་བྱེད་པའི་གྲ་སྒྲིག་ཏང་ཡོན་དེ། གྲོས་འཆམ་བྱུང་ཉིན་ནས་བཟུང་ཏང་གི་སྐྱིད་སྡུག་ལ་ཞུགས་པ་ཡིན།

སྒེར་དོན་དུ་ཕྱི་རྒྱལ་ལ་བསྐྱོད་དེ་ཕྱི་རྒྱལ་ནས་ཡུན་རིང་གཞིས་སྡོད་བྱས་པའི་ཏང་ཡོན་དང་ཕྱི་རྒྱལ་དུ་སློབ་སྦྱོང་ཞིབ་འཇུག་བྱས་ནས་ལོ་༥བརྒལ་ཡང་ཕྱིར་མ་ལོག་པའི་ཏང་ཡོན་ཡིན་ན། སྤྱིར་བཏང་ཏང་གི་སྐྱིད་སྡུག་ལས་ཕྱིར་ཕུད་དགོས།

ཏང་གི་སྐྱིད་སྡུག་ལས་ཕུད་རྒྱུའི་ཆོད་དོན་ནི་རྩ་འཛུགས་འབྲེལ་བ་ཉར་སའི་ཏང་འཛུགས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་རྒྱུ།

ཏང་རྩ་འཛུགས་དང་འབྲེལ་བ་ཆད་ནས་ཟླ6ཡན་སོང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་སྔར་བཞིན་འབྲེལ་བ་བྱེད་མ་ཐུབ་པའི་ཏང་ཡོན་དེ་ཏང་གི་སྐྱིད་སྡུག་ལས་ཕུད་དགོས།  ཏང་གི་སྐྱིད་སྡུག་མཚམས་འཇོག་པའི་ཆོད་དོན་དེ་གནས་སའི་ཏང་ཀྲི་པུའུའམ་ཡང་ན་གོང་རིམ་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་དགོས།

ཏང་གི་སྐྱིད་སྡུག་ལ་བུད་ནས་ལོ2འགོར་རྗེས་རྗེས་འབྲེལ་གཏུག་བྱེད་ཐབས་མེད་པའི་ཏང་ཡོན་རང་འགུལ་གྱིས་ཏང་གི་སྐྱིད་སྡུག་ནས་བུད་དེ་མིང་ཐོ་ནས་བསུབ་དགོས། ཏང་གི་སྐྱིད་སྡུག་ལས་བུད་པའི་ཏང་ཡོན་ལ་ཆ་རྐྱེན་ལོངས་ཚེ་གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་གི་སྐྱིད་སྡུག་སླར་གསོ་བྱ་ཆོག ཏང་ནང་ནས་ཕྱིར་འབུད་པར་སྐུལ་བ་དང་། ཏང་ལས་འབུད་པར་སྐུལ་ཡང་མིང་ཐོ་མི་བསུབ་པ། རང་འགུལ་གྱིས་ཏང་གི་སྐྱིད་སྡུག་ལས་བུད་དེ་མིང་ཐོ་བསུབ་པ། ཏང་ལས་ཕུད་དེ་མིང་ཐོ་བསུབ་པ།  ཏང་གི་གི་སྐྱིད་སྡུག་ལས་ཕུད་པ་བཅས་ལ་རྩ་དོན་ལྟར་ན་ཏང་གི་སྐྱིད་སྡུག་སླར་གསོ་བྱེད་མི་ཆོག ཆ་རྐྱེན་དང་མཐུན་ན་ཡང་བསྐྱར་ཏང་ནང་དུ་ཞུགས་ཆོག

དོན་ཚན་ཉེར་ལྔ་བ། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཞེས་པ་ནི་ཏང་ཡོན་དང་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་ལ་ཟེར།   

ཏང་ཡོན་སོ་སོ་ངེས་པར་དུ་ཏང་གི་ཀྲི་པུའུ་ཞིག་གམ་ཚོགས་ཆུང་། ཡང་ན་རྩ་འཛུགས་ངེས་ཅན་ཞིག་ལ་ཞུགས་དགོས། ལས་ཁུངས་ངེས་གཏན་ཡོད་པ་མ་ཟད་ལས་ཁུངས་སུ་ཏང་རྩ་འཛུགས་བཙུགས་ཟིན་པའི་ཏང་ཡོན་ཡིན་ན། སྤྱིར་བཏང་དུ་དེ་གནས་སའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་སུ་འཇུག་དགོས། གཏན་འཇགས་ལས་ཁུངས་མེད་པའམ་ཡང་ན་ལས་ཁུངས་ཀྱིས་ཏང་རྩ་འཛུགས་བཙུགས་མེད་པའི་ཏང་ཡོན་ཡིན་ན། སྤྱིར་བཏང་དུ་དེའི་རྒྱུན་སྡོད་གནས་སའམ་ཡང་ན་སྤྱི་པའི་ལས་ཞུགས་དང་ཤེས་ལྡན་མི་སྣའི་ཞབས་ཞུའི་ལས་ཁུངས། གླིང་ཁུལ། ཐོག་ཁང་སོགས་ཀྱི་ཏང་རྩ་འཛུགས་ལ་འཇུག་དགོས།    ཏང་ཡོན་བྱ་བའི་ལས་ཁུངས་དང་རྒྱུན་སྡོད་ས་གནས་ལ་འགྱུར་བ་བྱུང་བའམ་ཡང་ན་ཕྱི་ལ་སོང་ནས་སློབ་སྦྱོང་དང་ལས་ཀ  འཚོ་བ་རོལ་བར་ཟླ་དྲུག་ཡན་འགོར་བར་མ་ཟད། ས་གནས་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་རིགས་ལ། རྩ་འཛུགས་ཀྱི་འབྲེལ་བ་སྤོ་སྒྱུར་བྱ་དགོས། གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་ལྡན་པའི་གཞི་རིམ་ཏང་ཨུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཐད་ཀར་སྤོ་སྒྱུར་དང་བསྡུ་ལེན་བྱས་ཆོག ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་དང་ལེན་བྱེད་སྐབས།  དགོས་པ་ཡོད་ན་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ་ཏང་ཡོན་གྱི་ཡིག་ཚགས་ལ་ཞིབ་བཤེར་བྱས་ཆོག ཏང་རྩ་འཛུགས་ཀྱི་འབྲེལ་བ་སྤོ་བསྒྱུར་བྱས་ཀྱང་བསྡུ་ལེན་བྱས་མེད་པའི་ཏང་ཡོན་ལ་སྔར་གནས་སའི་ཏང་རྩ་འཛུགས་ཀྱིས་སྔར་བཞིན་དོ་དམ་བྱེད་པའི་འགན་འཁུར་དགོས། ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་རྒྱུ་མཚན་མེད་པར་བརྒྱུད་སྤྲོད་མི་བྱེད་པ་དང་ལེན་མི་བྱེད་བཅས་བྱས་མི་ཆོག

དོན་ཚན་ཉེར་དྲུག་པ། མི་དོན་ཡིག་ཚགས་མེད་པའི་ཏང་ཡོན་ལ་གྲ་སྒྲིག་ཏང་ཡོན་གྱི་ཞིབ་བཤེར་ཆོག་མཆན་གྱི་དབང་ཚད་ལྡན་པའི་གཞི་རིམ་ཏང་ཨུ་ནས་ཏང་ཡོན་ཡིག་ཚགས་བཟོ་དགོས་པ་དང་། དེ་གནས་སའི་ཏང་ཨུའམ་ཡང་ན་རྫོང་རིམ་པ་ཡན་གྱི་ཏང་ཨུ་རྩ་འཛུགས་སྡེ་ཁག་གིས་ཉར་ཚགས་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་ཏང་ཡོན་གྱི་ཡིག་ཚགས་གློག་རྡུལ་ཅན་དོ་དམ་བྱ་དགོས།

1_7   ས་བཅད་དྲུག་པ། ཏང་ཡོན་ལྟ་སྐུལ་དང་རྩ་འཛུགས་ཐག་གཅོད།

དོན་ཚན་ཉེར་བདུན་པ། ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འཚོ་བ་ནན་དུ་གཏོང་བ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། ཏང་ཡོན་གྱི་ལས་ཀར་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཏང་ཡོན་གྱིས་ཏང་གི་ཁྲིམས་སྲོལ་ལུགས་གསུམ་སྲུང་ཚུལ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བཅས་བརྩི་སྲུང་བྱས་ཚུལ། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དང་ཀུན་སྤྱོད་ཚད་གཞིའི་གནས་ཚུལ་ལ་བརྩི་སྲུང་བྱས་ཚུལ། རྩ་འཛུགས་འཚོ་བའི་ནང་ཞུགས་ཚུལ། ཏང་ཡོན་གྱི་འོས་འགན་སྒྲུབ་ཚུལ། མང་ཚོགས་ལ་ཞབས་ཞུའི་ཕྱིར་དུ་འབྲེལ་གཏུག་བྱས་ཚུལ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཚུལ་སོགས་ལ་ལྟ་སྐུལ་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། ཏང་ཡོན་ལ་བསམ་བློ་དང་། ལས་ཀ འཚོ་བ། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་ཐད་ནས་གནད་དོན་མངོན་གསལ་ཅན་ཡོད་པ་དང་།  མང་ཚོགས་ཀྱིས་ཀྱང་དེར་བསམ་འཆར་མི་ལེགས་པ་འདོན་གྱི་ཡོད་པ་ཤེས་ཚེ། ཏང་རྩ་འཛུགས་ཀྱི་འགན་འཁུར་བས་དུས་ཐོག་ཏུ་དྲན་སྐུལ་གླེང་མོལ་དང་། གནད་དོན་ལ་སྔ་མོ་ནས་དམ་འཛིན་བྱས་ཏེ་ཆུང་སྐབས་ནས་སེལ་དགོས།      དོན་ཚན་ཉེར་དགུ་པ། ཏང་ཡོན་གཏན་འབེབས་ལྟར་ཏང་གི་རྩ་འཛུགས་ཀྱི་འཚོ་བར་མི་ཞུགས་པ་དང་། དུས་ཐོག་ཏུ་ཏང་དངུལ་མི་སྤྲོད་པ། ས་ཆ་གཞན་དུ་ལས་ཀ་དང་འཚོ་བ་སྐྱེལ་བར་སྐྱོད་སྐབས་ཏང་རྩ་འཛུགས་དང་རང་འགུལ་ངང་འབྲེལ་འདྲིས་མི་བྱེད་པ་བཅས་དང་། དེ་བཞིན་ཏང་གི་བླང་བྱ་དང་མི་བསྟུན་པའི་བྱ་སྤྱོད་གཞན་དག་ཡོད་པ་སྟེ་ཉེས་ཚབས་ཅུང་ཆུང་རིགས་ལ་ཏང་རྩ་འཛུགས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་དུས་ཐོག་ཏུ་སློབ་གསོ་བཏང་ནས་ལེགས་བཅོས་དང་མཐོར་འདེགས་ཡོང་བར་རོགས་རམ་བྱ་དགོས། 

དོན་ཚན་སུམ་ཅུ་པ། གསར་བརྗེའི་བློ་སྟོབས་མེད་པ་དང་། ཏང་ཡོན་གྱི་འོས་འགན་མི་སྒྲུབ་པ། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པ་བཅས་ནི་ཐག་གཅོད་ཀྱི་ཡུལ་ཡིན་མོད། རང་ཉིད་ཀྱིས་ནོར་འཁྲུལ་ངོས་འཛིན་ཡང་དག་བྱེད་ཐུབ་པ་དང་། སློབ་གསོ་དོ་དམ་དང་ལེན་བྱེད་འདོད་ཡོད་པ། ཡོ་བསྲང་བྱ་རྒྱུའི་ཆོད་སེམས་ཡོད་པ་བཅས་ཀྱི་ཏང་ཡོན་ཡིན་ན། ཏང་རྩ་འཛུགས་ཀྱིས་དུས་བཀག་ལྟར་ཡོ་བསྲང་དང་ཐག་གཅོད་བྱ་དགོས་པ་དང་། དུས་བཀག་ཡོ་བསྲང་བྱེད་ཡུན་ལོ་གཅིག་ལས་བརྒལ་མི་རུང་། དུས་བཀག་ནང་ལྟར་ཡོ་བསྲང་དང་ཐག་གཅོད་བྱེད་ཡུལ་གྱི་ཏང་ཡོན་ལ་སློབ་གསོའི་བྱེད་ཐབས་ཀྱི་རོགས་རམ་བྱེད་དགོས།

དོན་ཚན་སོ་གཅིག་པ། ཏང་ཡོན་ལ་གཤམ་གསལ་གྱི་གནས་ཚུལ་རིགས་ལས་གཅིག་ཡོད་ན། གཏན་འབེབས་ཀྱི་གོ་རིམ་ལྟར་མིང་ཐོ་བསུབ་ནས་ཐག་གཅོད་བྱ་དགོས།

(གཅིག) ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་ཐེབས་པ། ཏང་ཡོན་གྱི་ཆ་རྐྱེན་ཤོར་རིགས་མིང་ཐོ་ནས་བསུབ་རྒྱུ།

(གཉིས) ཆོས་ལུགས་ལ་དད་པ་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་སློབ་གསོར་རོགས་རམ་བྱས་ཀྱང་སྔར་བཞིན་འགྱུར་ལྡོག་བྱུང་མེད་ན། ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བྱས་ཏེ། ཏང་གི་སྐྱིད་སྡུག་ལས་འབུད་པར་སྐུལ་བ་དང་།  སྐུལ་ཡང་མི་འབུད་པ་རྣམས་ཀྱི་མིང་ཐོ་བསུབ་རྒྱུ།

(གསུམ) བསམ་བློ་ངན་པར་གྱུར་བའི་རྐྱེན་གྱིས་ཏང་ལས་འབུད་པའི་རེ་བ་བཏོན་པ་དང་། སློབ་གསོ་བཏང་ཡང་ཏང་ལས་འབུད་པར་མུ་མཐུད་དུ་བརྩོན་པ་བྱེད་མཁན་རྣམས་མིང་ཐོ་ལས་བསུབ་རྒྱུ།

(བཞི) རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཆེད་ཏང་ནས་ཕྱིར་འབུད་རྒྱུའི་འཇིགས་སྣང་བསྐུལ་ནས་སློབ་གསོ་བརྒྱབ་ཀྱང་ཡོ་བསྲང་མི་བྱེད་མཁན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བྱེད་པ་དང་། ཁ་ཏ་བྱས་ཀྱང་ཕྱིར་འཐེན་མི་བྱེད་མཁན་རྣམས་ཀྱི་མིང་ཐོ་བསུབ་རྒྱུ།

(ལྔ) དུས་བཀག་ཡོ་བསྲང་བྱེད་ཡུན་ལོང་ཡང་ད་དུང་འགྱུར་བ་མ་བྱུང་ན། ཏང་གི་སྐྱིད་སྡུག་ལས་འབུད་པར་སྐུལ་བ་དང་། སྐུལ་ཡང་མི་འབུད་པ་རྣམས་མིང་ཐོ་བསུབ་རྒྱུ།

(དྲུག) རྒྱུ་མཚན་ཁུངས་འཕེར་མེད་པར་བསྟུད་མར་ཟླ་བ་དྲུག་རིང་ཏང་གི་རྩ་འཛུགས་ཀྱི་འཚོ་བར་མ་ཞུགས་པའམ་ཡང་ན་ཏང་དངུལ་མ་སྤྲད་པ། ཏང་གིས་སྤྲད་པའི་ལས་ཀ་མི་བྱེད་པར་རང་ཤུགས་སུ་ཏང་ལས་བྲལ་ན་མིང་བསུབ་པ་བཅས་ཡིན།

ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་ཡོན་ལ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་དགོས།

1_8   ས་བཅད་བདུན་པ། སྐོར་སྐྱོད་ཏང་ཡོན་དོ་དམ།

དོན་ཚན་སོ་གཉིས་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྐོར་སྐྱོད་ཏང་ཡོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ལ་སོང་ནས་ཟླ་༦འགོར་བར་མ་ཟད་རྩ་འཛུགས་ཀྱི་འབྲེལ་བ་སྤོ་བསྒྱུར་བྱས་མེད་པའི་སྐོར་སྐྱོད་ཏང་ཡོན་གྱིས་རྒྱུན་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་གསོ་སྦྱོང་དང་དོ་དམ་ཞབས་ཞུ་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། བལྟོས་བཅས་ཀྱིས་སྐོར་སྐྱོད་ཏང་ཡོན་གཅིག་བསྡུས་ཡིན་པའི་ས་གནས་སུ། ཕྱིར་ཕེབས་ཏང་རྩ་འཛུགས་ཀྱིས་གླིང་ཁུལ་དང་། ཚོང་ཚོགས། ལས་རིགས་མཐུན་ཚོགས། ཕྱིར་སྡོད་ས་གནས་ཀྱི་ལས་སྒྲུབ་ལས་ཁུངས་སོགས་བརྟན་ནས་སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་བཙུགས་ཆོག      ཕྱིར་སྡོད་བྱེད་སའི་ཏང་རྩ་འཛུགས་ཀྱིས་སྐོར་སྐྱོད་ཏང་ཡོན་ལ་རྒྱུན་ལྡན་གྱི་དོ་དམ་ལེགས་པོ་བྱེད་པར་རོགས་འདེགས་བྱ་དགོས།  རྩ་འཛུགས་འབྲེལ་བའི་ཕྱོགས་གཅིག་གི་ཁོངས་གཏོགས་དང་རྩ་འཛུགས་འཚོ་བའི་རིགས་མང་པོར་ཞུགས་པའི་བྱེད་སྟངས་ལྟར་སྐོར་སྐྱོད་ཏང་ཡོན་ཐག་ཉེ་ས་ནས་རྩ་འཛུགས་ཀྱི་འཚོ་བར་ཞུགས་པར་རྩ་འཛུགས་བྱེད་དགོས། ཤང་གྲོང་དང་། སྲང་ལམ། སྡེ་བ། སྡེ་ཁུལ། གླིང་ཁུལ་སོགས་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱིས་སྐོར་སྐྱོད་ཏང་ཡོན་ལ་སྒོ་འབྱེད་དགོས། སྐོར་སྐྱོད་ཏང་ཡོན་ཕྱིར་སྡོད་བྱེད་སའི་ཏང་རྩ་འཛུགས་སམ་སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་ཀྱི་དམངས་གཙོའི་དཔྱད་མོལ་ལ་ཞུགས་ཆོག      རྩ་འཛུགས་ཀྱི་འབྲེལ་བ་སྤོ་བསྒྱུར་བྱེད་པའི་ཆ་རྐྱེན་འཛོམས་པའི་སྐོར་སྐྱོད་ཏང་ཡོན་ལ་སྐོར་སྐྱོད་ཁུལ་དང་ཕྱིར་སྡོད་ཁུལ་གྱི་ཏང་རྩ་འཛུགས་གཉིས་ནས་བརྒྱུད་མཐུད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་སོ་གསུམ་པ། གྲོང་གསེབ་ཏང་ཀྲི་པུའུ་ཡིས་འགན་འཁུར་མི་སྣ་གསལ་བོར་འཁེལ་ཏེ་སྐོར་སྐྱོད་ཏང་ཡོན་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཤང་གྲོང་ཏང་ཨུ་ཡིས་སྐོར་སྐྱོད་ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་ཏང་ཀྲི་པུའུ་ཡིས་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། སྐོར་སྐྱོད་ཏང་ཡོན་གཅིག་སྡུད་ངང་རང་ཡུལ་དུ་ལོག་པ་སོགས་ཀྱི་གོ་སྐབས་སྤྱད་དེ་རྩ་འཛུགས་ཀྱི་འཚོ་བར་ཞུགས་པའམ་ཡང་ན་སློབ་གསོ་གསོ་སྦྱོང་ནང་ཞུགས་རྒྱུ་རྩ་འཛུགས་བྱེད་དགོས། ཆབ་སྲིད་ཀྱི་བྱང་ཚད་ཅུང་ལེགས་པ་དང་། ཕྱུག་འགྱུར་གྱི་ནུས་པ་ལྡན་པའི་སྐོར་སྐྱོད་ཏང་ཡོན་དུས་ཐོག་ཏུ་སྡེ་བའི་ནང་བཅུག་ནས་གསོ་སྐྱོང་བྱ་དགོས།      གྲོང་ཁྱེར་གྱི་གཞིས་ཁུལ་ཏང་རྩ་འཛུགས་ཀྱིས་ཡུལ་གཞན་དུ་གནས་སྡོད་བྱེད་པའི་སྐོར་སྐྱོད་ཏང་ཡོན་ལ་གནས་སྡོད་བྱེད་སའི་ཏང་རྩ་འཛུགས་སུ་འབྱོར་ཐོ་འགོད་པར་ཁྲིད་སྟོན་བྱེད་པ་དང་། རང་འགུལ་ངང་གནས་སྡོད་བྱེད་སའི་ཏང་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་ཏེ་ཏང་རྩ་འཛུགས་ཀྱི་དོ་དམ་དང་ལེན་བྱེད་དགོས། ཡུལ་གཞན་དུ་གཞིས་ཆགས་པའི་ཏང་ཡོན་ལ་དུས་ལྟར་རྩ་འཛུགས་ཀྱི་འབྲེལ་བ་སྤོ་སྒྱུར་བྱ་བར་ཁྲིད་སྟོན་དང་རོགས་རམ་བྱེད་དགོས།      སྤྱི་བའི་ལས་ཞུགས་དང་ཤེས་ལྡན་མི་སྣའི་ཞབས་ཞུའི་ལས་ཁུངས་གྱི་ཏང་རྩ་འཛུགས་ཀྱིས་སྐོར་སྐྱོད་ཤེས་ལྡན་མི་སྣའི་ཏང་ཡོན་གྱི་ཏང་རྩ་འཛུགས་འཐུས་ཚང་དུ་གཏོང་བ་དང་། སྐོར་སྐྱོད་ཤེས་ལྡན་མི་སྣའི་ཏང་ཡོན་རྩ་འཛུགས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་པ། སྐོར་སྐྱོད་ཤེས་ལྡན་མི་སྣའི་ཏང་ཡོན་ལ་རྒྱུན་ལྡན་གྱི་སློབ་གསོ་དང་དོ་དམ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བཅས་བྱ་དགོས།

དོན་ཚན་སོ་བཞི་པ། མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་ཀྱི་འབྲེལ་བ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་སྐོར་སྐྱོད་ཏང་ཡོན་གྱི་ཐད་ཉར་ནས་ཏང་རྩ་འཛུགས་འབྲེལ་བའི་དོ་དམ་གྱི་འགན་མུ་མཐུད་དུ་འཁུར་དགོས། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སོར་འཇོག་བྱེད་པའི་དུས་ཚོད་སྤྱིར་བཏང་དུ་ལོ་གཉིས་ལས་བརྒལ་མི་རུང་བ་དང་། རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་གྱི་ཆ་རྐྱེན་ལ་ལོངས་ཚེ་དུས་ལྟར་སྤོ་བསྒྱུར་དགོས།      ཕྱི་རྒྱལ(རྒྱལ་མཚམས)དུ་བསྐྱོད་དེ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཏང་ཡོན་ལ། དེ་སྔའི་སློབ་སྦྱོང་བྱེད་སའི་མཐོ་རིམ་སློབ་གྲྭའམ་བྱ་བའི་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་དེའི་རྩ་འཛུགས་ཀྱི་འབྲེལ་བ་སོར་འཇོག་བྱེད་པ་དང་། ལོ་ཕྱེད་ནང་ཉུང་མཐར་ཡང་ཏང་རྩ་འཛུགས་ལ་འབྲེལ་བ་ཐེངས་གཅིག་རེ་བྱེད་དགོས། ཕྱི་རྒྱལ་(རྒྱལ་མཚམས)དུ་སློབ་སྦྱོང་དང་ཞིབ་འཇུག་ལ་བསྐྱོད་པའི་ཏང་ཡོན་ཕྱིར་ལོག་རྗེས་གཏན་འབེབས་ལྟར་རྩ་འཛུགས་ཀྱི་འཚོ་བ་སླར་གསོ་བྱེད་དགོས།

1_9 ས་བཅད་བརྒྱད་པ། ཏང་ཡོན་སློབ་གསོ་དོ་དམ་ཆ་འཕྲིན་ཅན།

དོན་ཚན་སོ་ལྔ་བ།  དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་འཚམ་པར་བྱས་ཏེ། དྲ་སྦྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་ཀ་ལེགས་པར་སྒྲུབ་དགོས། གཞི་རིམ་ཏང་འཛུགས་སྐྱོང་གོ་སྲོལ་རྒྱུན་དགེ་མཚན་དང་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བྱས་ནས། ཏང་ཡོན་སློབ་གསོ་དོ་དམ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།    

དོན་ཚན་སོ་དྲུག་པ། གཅིག་གྱུར་གྱིས་འཆར་འགོད་དང་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་དང་། ཏང་ཡོན་གྱི་ཆ་འཕྲིན་མཛོད་འཐུས་ཚང་དུ་གཏོང་བ། རྒྱལ་ཡོངས་ཀྱི་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཡོན་ལས་བྱེད་པའི་དེང་རབས་ཀྱི་རྒྱང་བརྟེན་སློབ་གསོ་དང་ཏང་ཡོན་གྱི་གློག་སྤྱད་སློབ་གསོ་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ། ཏང་ཡོན་གྱི་སློབ་གསོ་དོ་དམ་དྲ་ཚིགས་དང་སྤོ་སྒུལ་སྤྱོད་སྣེ་སོགས་སྟེགས་བུ་གཅིག་གྱུར་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། ཏང་གཤིས་སློབ་གསོའི་རྟེན་གཞིའི་དྲ་ལམ་འཕྲིན་སྟེགས་བཙུགས་ནས། ཏང་དོན་དང་། སྲིད་དོན། ཞབས་ཞུ་བཅས་ཟུང་འབྲེལ་ཚགས་དམ་ཡིན་པའི་དྲ་རྒྱའི་རྟེན་གཞི་གསར་བ་ཞིག་བཟོ་དགོས།

དོན་ཚན་སོ་བདུན་པ། དྲ་ལམ་དང་དྲ་ཕྱི་ཟུང་འབྲེལ་རྒྱུན་འཁྱོངས་དང་། ཏང་ཡོན་སློབ་གསོ་དོ་དམ་ཆ་འཕྲིན་ཅན་གྱི་འཕྲིན་སྟེགས་ལ་བརྟེན་ནས་ཏང་ཡོན་གྱི་ཆ་འཕྲིན་དོ་དམ་དང་། ཏང་རྩ་འཛུགས་ཀྱི་བྱེད་སྒོའི་མཛུབ་ཁྲིད་དོ་དམ། སྐོར་སྐྱོད་ཏང་ཡོན་དོ་དམ་ཞབས་ཞུ། ཏང་ཡོན་འཕེལ་རྒྱས་ཀྱི་དོ་དམ་དང་ཏང་དངུལ་དོ་དམ་སོགས་ཀྱི་ལས་སྒོའི་ཉེར་སྤྱོད་སྤེལ་ཏེ་ཏང་ཡོན་ལ་དྲ་ཐོག་སློབ་སྦྱོང་དང་གསོ་སྦྱོང་། རྩ་འཛུགས་ཀྱི་འབྲེལ་བ་སྤོ་ལེན། ཏང་ནང་ཁུལ་གྱི་ལས་དོན་ལ་ཞུགས་པ་དང་ཐུགས་ཁུར་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།    

ཆ་འཕྲིན་གྱི་གཞི་གྲངས་བེད་སྤྱོད་བྱ་རྒྱུར་དོ་སྣང་བྱས་ཏེ་ཏང་ཡོན་དཔུང་ཁག་གི་གནས་ཚུལ་དང་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་དུས་ལྟར་དུ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། གནད་དོན་དུས་ཐོག་ཏུ་ཤེས་པ། ལས་དོན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས།    

དོན་ཚན་སོ་བརྒྱད་པ། ཏང་ཡོན་གྱིས་རང་འགུལ་སྒོས་དྲ་རྒྱ་སྤྱད་ནས་དྲ་རྒྱ་ལ་སློབ་སྦྱོང་བྱེད་དགོས་ཤིང་། རིགས་སོ་སོའི་ཏང་ཡོན་སློབ་གསོའི་དོ་དམ་ཆ་འཕྲིན་སྟེགས་བུ་བརྒྱུད་དེ། ཧུར་ཐག་སྒོས་སྐུད་ལམ་སློབ་སྦྱོང་གསབ་སྦྱོང་ལ་ཞུགས་ནས། ཏང་རྩ་འཛུགས་ཀྱི་བྱེད་སྒོར་ནན་ཏན་སྒོས་ཞུགས་པ་དང་། རང་རྟོགས་ཡོད་པའི་སྒོ་ནས་ཏང་རྩ་འཛུགས་ཀྱི་སློབ་གསོའི་དོ་དམ་དང་ལེན་བྱེད་དགོས་ལ། དྲ་རྒྱ་བརྒྱུད་དེ་མི་དམངས་མང་ཚོགས་ལ་ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་མང་ཚོགས་ལ་འབྲེལ་གཏུག་བྱེད་དགོས།

ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ནས་དྲ་བའི་བྱ་སྤྱོད་ཚད་ལྡན་ཡོང་བར་བྱེད་དགོས་ཤིང་། དྲ་རྒྱའི་སྟེང་གི་གཏམ་སྤྱོད་ནོར་འཁྲུལ་ཅན་དང་འཐབ་རྩོད་བྱེད་ཕོད་པར་གཏོང་དགོས་ལ། ཏང་གི་སྒྲིག་སྲོལ་གཏན་འཁེལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགལ་བའི་ཆ་འཕྲིན་གྱི་ནང་དོན་བཟོ་བ་དང་སྤེལ་བ། དྲིལ་སྒྲོག་བཅས་བྱེད་མི་ཆོག

1_10 ས་བཅད་དགུ་བ། རྩ་འཛུགས་མགོ་ཁྲིད་དང་བྱ་བའི་འགན་སྲུང་།

དོན་ཚན་སོ་དགུ་བ། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཁུངས། ཀྲུང་དབྱང་དྲིལ་བསྒྲགས་པུའུ།  ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་ཡི་ཏང་ཚོགས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་སོགས་ཞུགས་ནས། རྒྱལ་ཡོངས་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་མཐུན་སྦྱོར་ཚོ་ཆུང་བཙུགས་ཏེ། རྒྱལ་ཡོངས་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་འཆར་འགོད་བཀོད་སྒྲིག་དང་། རྩ་འཛུགས་མཐུན་སྦྱོར། ཞིབ་བཤེར་མཛུབ་སྟོན་བཅས་བྱེད་པར་འགན་འཁུར་རྒྱུ་དང་། མཐུན་སྦྱོར་ཚོ་ཆུང་གི་གཞུང་ལས་ཁང་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ནས་འཛུགས་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་ཡིས་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་མཐུན་སྦྱོར་ལས་ཁུངས་འཛུགས་དགོས། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་མཐུན་སྦྱོར་སྒྲིག་གཞིའི་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།  

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གཙོ་བོ་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ་དང་། ཏང་ཡོན་གྱི་གཅིག་སྡུད་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་རྩ་འཛུགས་ཀྱི་བཀོད་སྒྲིག་དམ་འཛིན་ལེགས་པོ་བྱས་ཏེ། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་ཀར་སློབ་སྟོན་ཞིབ་མོ་བྱེད་པར་ཤུགས་སྣོན་རྒྱག་དགོས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་གཙོ་བོ་ཏང་ཡོན་གྱི་སྒྲིག་ཁྲིམས་སྲུང་ཚུལ་གྱི་སློབ་གསོའི་འགན་འཁུར་བ་དང་། ཏང་ཡོན་གྱི་ལྟ་སྐུལ་ལས་དོན་ལ་མཛུབ་ཁྲིད་བྱེད་པ།     

ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལ་འགལ་བ་དང་ལས་གནས་ལ་འགལ་ཏེ། ལས་འགན་ཉེས་གསོག་བཅས་བྱས་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཙོ་བོ་ཏང་ཡོན་གྱི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་དུས་བབ་སྲིད་ཇུས་ཀྱི་སློབ་གསོར་འགན་འཁུར་རྒྱུ་དང་། ཏང་ཡོན་གྱི་སློབ་གསོའི་སློབ་གཞི་རྩོམ་འབྲི་བྱ་རྒྱུར་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པ། ཏང་ཡོན་གྱི་སྔོན་ཐོན་དཔེ་མཚོན་སློབ་སྦྱོང་དྲིལ་བསྒྲགས་བྱ་རྒྱུར་རྩ་འཛུགས་བཅས་བྱེད་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡིས་གཙོ་བོ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གསོ་སྦྱོང་བྱེད་འགན་འཁུར་རྒྱུ་དང་། ས་གནས་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)ལ་སྣེ་ཁྲིད་བྱས་ནས་ཏང་ཡོན་སློབ་གསོའི་གསོ་སྦྱོང་དེ་སློབ་ཁྲིད་ཀྱི་འཆར་གཞིའི་ནང་བཅུག་སྟེ་སློབ་ཁྲིད་དུས་ཚོད་དང་སློབ་ཁྲིད་སྤུས་ཚད་ལ་འགན་ལེན་བྱ་དགོས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཙོ་བོ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ལ་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་སྟོན་བྱེད་རྒྱུ།      སློབ་གསོ་པུའུ་ཡི་ཏང་ཚོ་ཆུང་གིས་གཙོ་བོ་མཐོ་རིམ་སློབ་གྲྭའི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་ཀར་སྤྱི་ཁོག་ནས་ཁྲིད་སྟོན་བྱེད་འགན་འཁུར་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཞུང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་ཡིས་ཁེ་ལས་ཏང་ཡོན་སློབ་གསོ་དོ་དམ་ལས་དོན་ལ་འགན་འཁུར་རྒྱུ། ས་གནས་རིམ་པ་སོ་སོའི་ཏང་ཨུ་རྩ་འཛུགས་པུའུ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས། ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་། ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་གཞུང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་སོགས་ཀྱིས་སོ་སོའི་འགན་ནུས་དང་འགན་འཁྲི་ལྟར་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་ལས་འགན་འཁུར་དདོན་ཚན་བཞི་བཅུ་བ། ས་གནས་ཀྱི་ཏང་ཨུ་དང་སྡེ་ཁག སྡེ་ཚན་རིམ་པའི་ཏང་ཚོ་ཆུང(ཏང་ཨུ)གིས་རང་ས་གནས་དང་རང་སྡེ་ཁག རང་རེའི་སྡེ་ཚན་བཅས་ཀྱི་ཏང་ཡོན་ལ་སློབ་གསོ་དོ་དམ་བྱ་བར་སྣེ་ཁྲིད་པ་དང་། ཏང་ཀྲུང་དབྱང་གི་ཏང་ཡོན་སློབ་གསོའི་དོ་དམ་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་བཀོད་སྒྲིག་བླང་བྱ་དག་ལག་ལེན་མཐའ་འཁྱོལ་བྱས་ཏེ། དུས་ཡུན་ངེས་ཅན་ནང་དུ་ཏང་ཡོན་སློབ་གསོའི་དོ་དམ་ལས་དོན་ལ་ཞིབ་འཇུག་སྒོས། ཏང་ཡོན་རུ་ཁག་གི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། དམིགས་གཏད་རང་བཞིན་གྱི་སྒོ་ནས་བྱ་བའི་ཐབས་ལམ་འདོན་སྤེལ་བྱེད་དགོས། གཞི་རིམ་ཏང་ཨུ་ཡིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་དམ་འཛིན་བྱེད་པའི་གཞི་རྩའི་འགན་འཁྲི་ལག་བསྟར་བྱས་ཏེ་གོང་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་གཅིག་སྡུད་གསོ་སྦྱོང་དང་། རྩ་འཛུགས་ཀྱི་འབྲེལ་བ་དོ་དམ། གཟེངས་བསྟོད་སྐུལ་སློང་། ཐུགས་ཁུར་རོགས་སྐྱོར། རྩ་འཛུགས་ཐག་གཅོད། སྒྲིག་ཁྲིམས་ཆད་གཅོད་སོགས་ཀྱི་ལས་དོན་རྩ་འཛུགས་ཡག་པོ་བྱས་ནས། ཁོངས་གཏོགས་ཏང་ཀྲི་པུའུ་ལ་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་དོ་དམ་བྱ་བ་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བཅས་བྱེད་དགོས། ཏང་ཀྲི་པུའུ་ཡིས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་འབྲེལ་ཡོད་གཏན་འབེབས་ལྟར་འབྲེལ་ཡོད་བྱ་བའི་འགན་འཁྲི་ལག་བསྟར་བྱེད་དགོས། ཏང་ཚོ་ཆུང་གིས་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་སྐོར་གྱི་ཏང་ཀྲི་པུའུ་ཡི་བླང་བྱ་དང་ལས་འགན་དོན་འཁྱོལ་བྱ་དགོས།    

དོན་ཚན་ཞེ་གཅིག་པ། ཤང་དང་གྲོང་བརྡལ། སྲང་ལམ། རྒྱལ་ཁབ་ལ་དབང་བའི་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་གཞི་རིམ་ཏང་ཨུ་ཡིས་གཏན་འབེབས་ལྟར་ཆེད་ལས་དང་ལས་འགན་གཅིག་ལྕོགས་འཁུར་བའི་རྩ་འཛུགས་པ་ཞིག་བཀོད་སྒྲིག་བྱེད་དགོས་ལ། དེར་རྫོང་རིམ་པ་ཡན་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ལས་སྒོའི་མཛུབ་སྟོན་དང་དོ་དམ་བྱེད་པ་དང་། ཏང་ཡོན་དང་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་འཕེལ་རྒྱས་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས། ཏང་ཡོན་གྱི་སློབ་གསོའི་འཆད་ཁྲིད་དགེ་རྒན་གདན་ཞུས་ཏེ་ལས་བསྐོས་ལམ་ལུགས་ལག་ལེན་དུ་བསྟར་དགོས་པ་སྟེ། རྫོང་རིམ་པ་ཡན་གྱི་ཏང་ཨུ་ཡིས་ཕུལ་བྱུང་ཏང་གི་སློབ་གྲྭའི་དགེ་རྒན་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། སྔོན་ཐོན་དཔེ་ལེགས་མི་སྣ། ཏང་འགན་ལས་དོན་པ། རིགས་གཅིག་མཁས་པ་དང་མཁས་དབང་། དངོས་སྤྱོད་ལག་རྩལ་ཤེས་ལྡན་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་སོགས་ཀྱི་ཁྲོད་ནས་ཏང་ཡོན་གྱི་སློབ་གསོའི་འཆད་ཁྲིད་དགེ་རྒན་གདམ་གསེས་སྒོས་གདན་ཞུ་བྱ་དགོས། རྫོང་རིམ་པའི་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གྲྭ)དང་གཞི་རིམ་ཏང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་རིམ་པའི་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གྲྭ)ཡིས་ཏང་ཡོན་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འཆར་གཞི་ཡོད་པའི་སྒོ་ནས་ཏང་ཡོན་གྱི་སློབ་གསོའི་འཆད་ཁྲིད་དགེ་རྒན་གཞི་རིམ་དུ་བསྐྱོད་རྒྱུ་རྩ་འཛུགས་དང་བཀོད་སྒྲིག་བྱ་དགོས། ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས། ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་རྟེན་གཞི། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་བཅས་ཀྱི་ནུས་པ་འདོན་སྤེལ་ཐད་ལ་དོ་སྣང་བྱ་དགོས།

རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་སློབ་དེབ་འཛུགས་སྐྲུན་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གཞི་རྩའི་སློབ་དེབ་རྩོམ་སྒྲིག་བྱེད་པར་རྩ་འཛུགས་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཁག སྡེ་ཚན་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་ཆོས་བྱེ་བྲག་པ་ལྡན་ཞིང་དངོས་གཉེར་གོ་ཆོད་ཡིན་པའི་ཏང་ཡོན་སློབ་གསོའི་སློབ་དེབ་གསར་སྤེལ་བྱེད་དགོས།

དོན་ཚན་ཞེ་གཉིས་པ། ཏང་ཡོན་གྱི་སློབ་གསོ་དང་དོ་དམ་བྱ་བའི་གྲོན་དངུལ་དེ་ས་གནས་ཀྱི་རིམ་པ་ཁག་གི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་གྱི་གྲངས་འབོར་ལྟར་གཏོང་སྤྲོད་བྱས་ཏེ། གྲོང་གསེབ་དང་། སྡེ་ཁུལ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་བའི་ལས་ཞུགས། ཤེས་ལྡན་མི་སྣའི་ཞབས་ཞུའི་སྒྲིག་གཞི་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བ་གཙོ་གནད་དུ་བཟུང་ནས་བརྟན་འཇགས་ཀྱི་གྲོན་དངུལ་འགན་སྲུང་གི་ནང་རྐྱེན་ཆགས་དགོས་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་དངུལ་ལ་དོ་དམ་བྱས་ཏེ་གཙོ་བོ་ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་འཚོ་བ་སྤེལ་བར་ཕྱོགས་ལ་བཀོལ་ནས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་གྲོན་དངུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་ཞེ་གསུམ་པ། རིམ་པ་སོ་སོའི་ཏང་ཨུའི་ཏང་ཚོ་ཆུང་ཁག་གིས་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལས་ཀར་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གཞི་རིམ་ཏང་ཨུ་ཡིས་ལོ་ལྟར་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་གནས་ཚུལ་དེ་གོང་རིམ་ཏང་རྩ་འཛུགས་ལ་བྱ་བའི་སྙན་སེང་ཞུ་རྒྱུའི་ནང་དོན་གལ་ཆེན་དུ་བརྩིས་ནས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དཔྱད་མོལ་ཁྲོད་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བར་དམ་འཛིན་བྱས་ཚུལ་ལ་གདེང་འཇོག་བྱེད་དགོས་ཤིང་། གོང་རིམ་ཏང་རྩ་འཛུགས་ཀྱིས་ལོ་འཁོར་དཔྱད་ཞིབ་དང་འགན་འཛིན་ཡུན་ཚད་དཔྱད་ཞིབ་བྱེད་སྐབས་འོག་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་བྱ་བའི་གནས་ཚུལ་ལ་དཔྱད་ཞིབ་དང་ཞིབ་བཤེར་བྱ་དགོས།

ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་ནང་འགན་འཛོལ་དང་ལས་འཛོལ་བྱུང་བ་དག  འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས།    

1_11 ས་བཅད་བཅུ་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བཞི་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་པུའུ་ཡི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་གཏན་འཁེལ་ནི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ཐག་གཅོད་བྱས་པ་ཡིན།

དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདི་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གསལ་འགྲེལ་བྱེད་པའི་འགན་འཁུར་ཡོད།

དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདི་སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན།

དཔྱད་གཞིའི་ཡིག་ཆ།