ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ནི་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་སའོ་དང་ཞང་ཀང་མཉམ་འབྲེལ་ཉོ་ཚོང་སའོ་གཉིས་ནས་ཆོག་མཆན་བཀོད་དེ་ས་ཆ་དེ་གའི་མ་དངུལ་འཇོག་མཁན་གྱིས་དངུལ་འཛིན་ཀུང་སིའི་ཉོ་ཚོང་ཁྱབ་ཁོངས་ལྟར་ཉོ་ཚོང་ཁྲོམ་རར་ཐོན་པའི་མ་རྐང་འཛིན་ཤོག་དང་། ཧྲང་ཧའེ་དང་ཞང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་ར་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱེད་པའི་ཉོ་ཚོང་ལམ་སྲོལ་ཞིག་ཡིན།
ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ཚོགས་པ་དང་ཞང་ཀང་དངུལ་འཛིན་ལྟ་སྐུལ་དོ་དམ་ཚོགས་པས་ཚེས་པ10ཡི་སྔ་མོར་ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་སྔོན་འགྲོའི་འོག་གི་དངུལ་འཛིན་ཉོ་ཚོང་སྤྱི་ལོ2014ལོའི་ཟླ11པའི་ཚེས17ནས་འགོ་རྩོམ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ནི་ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཚོགས་པས་སྤྱི་ལོ2014ལོའི་ཟླ4པའི་ཚེས10ཉིན་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཛུགས་པར་བཀའ་ལན་དངོས་སུ་གནང་སྟེ་ཚོད་ལྟའི་གནས་བཙུགས་པ་རེད། དངུལ་འཛིན་ལྟ་སྐུལ་དང་དོ་དམ་ཚོགས་པས་ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་གྱི་སྤྱི་འབོར་སྒོར་དུང་ཕྱུར5500དང་། ཞང་ཀང་གི་མ་རྐང་འབྲེལ་མཐུད་མི་སྒེར་གྱི་མ་དངུལ་གཏོང་མཁན་གྱི་མ་དངུལ་སྒོར་གྲངས་མི་དམངས་ཤོག་སྒོར50ལས་མི་ཉུང་བ་དང་། དེ་དངོས་སུ་འགོ་རྩོམ་པར་ཟླ་བ6གི་རིང་གྲ་སྒྲིག་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་སྤྱི་ལོ2014ལོའི་ཟླ4པའི་ཚེས10ཉིན་གྱི་པའོ་ཨའོ་བགྲོ་གླེང་སྟེང་གཏམ་བཤད་སྤེལ་ཞིང་། ཁོང་གིས་རེབ་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྐུལ་སྤེལ་བྱ་རྒྱུ་གཙོ་བོ་དང་། དེ་ལས་ཞབས་ཞུ་ལས་རིགས་རྒྱ་སྐྱེད་པར་མ་རྩའི་ཁྲོམ་ར་ཕྱི་ཕྱོགས་ལ་སྒོ་འབྱེད་པ་ཕྱོགས་གལ་ཆེན་ཞིག་ཡིན་པ་བསྟན་པ་མ་ཟད། རྗེས་མར་ཧུར་བརྩོན་གྱིས་ཆ་རྐྱེན་བསྐྲུན་པ་དང་། ཧྲང་ཧའེ་དང་ཞང་ཀང་གི་མ་རྐང་འཛིན་ཤོག་ཉོ་ཚོང་ཁྲོམ་རའི་ཕན་ཚུན་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ནང་ལོགས་ས་ཁུལ་དང་ཞང་ཀང་གི་མ་རྩའི་ཁྲོམ་ར་ཕན་ཚུན་སྒོ་དབྱེ་དང་བདེ་ཐང་གིས་འཕེལ་བར་སྐུལ་འདེད་བྱ་དགོས་པ་ཡང་ནན་གྱིས་བསྟན།
སྤྱི་ལོ2014ལོའི་ཟླ11པའི་ཚེས17ནས་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་། ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ལམ་སྲོལ་གཏན་འཇགས་སྒོས་ལོ་ངོ་གསུམ་གྱི་རིང་ལ་འཁོར་སྐྱོད་བྱས་ཏེ། ཉོ་ཚོང་དང་། ཐོ་འགོད། རྩིས་རྒྱག དངུལ་བརྗེ་སོགས་ཀྱི་ལས་སྒོ་སྣ་ཚོགས་རྒྱུན་ལྡན་ལྟར་ཐག་གཅོད་བྱས་ཡོད།
ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ལ་ཧྲང་ཧའེ་མ་རྐང་འཛིན་ཤོག་དང་ཞང་ཀང་མ་རྐང་འཛིན་ཤོག་རིགས་གཉིས་ཡོད། དེ་ལས་ཧྲང་ཧའེ་མ་རྐང་འཛིན་ཤོག་ནི་མ་དངུལ་འཇོག་མཁན་གྱིས་ཞང་ཀང་ཉོ་ཚོང་ཕྱོགས་ཀྱི་མངག་བཅོལ་ལྟར། ཞང་ཀང་མཉམ་འབྲེལ་ཉོ་ཚོང་སའོ་ཡིས་བཙུགས་པའི་དངུལ་འཛིན་ཉོ་ཚོང་ཞབས་ཞུ་ཀུང་སིས་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་སའོ་ལ་རེ་ཞུ་བྱས་རྗེས། སྔར་གཏན་ཁེལ་བྱས་ཡོད་པའི་ཉོ་ཚོང་གི་ཁྱབ་ཁོངས་ཁྲོད་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་སའོ་ཡིས་ཁྲོམ་རར་བཀྲམས་པའི་མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་པ་ཞིག་ཡིན།
ཞང་ཀང་མ་རྐང་འཛིན་ཤོག་ནི་མ་དངུལ་འཇོག་མཁན་གྱིས་ནང་ལོགས་ས་ཁུལ་གྱི་དངུལ་འཛིན་ཀུང་སིའི་མངག་བཅོལ་ལྟར། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་སོའི་ཡིས་བཙུགས་པའི་དངུལ་འཛིན་ཉོ་ཚོང་ཞབས་ཞུ་ཀུང་སིས་ཞང་ཀང་མཉམ་འབྲེལ་ཉོ་ཚོང་སའོ་ལ་རེ་ཞུ་བྱས་པའི་རྗེས་སུ་ཉོ་ཚོང་གི་ཁྱབ་ཁོངས་ཁྲོད་ཞང་ཀང་དངུལ་འཛིན་ཉོ་ཚོང་སའི་ཡིས་ཁྲོམ་རར་བཀྲམས་པའི་མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་པ་ཞིག་ཡིན།
ཚོད་ལྟའི་ཁུལ་དུ་རྣམ་གྲངས་ལ་སྟ་གོན་བྱེད་པའི་སྐབས་ལ། ས་ཆ་གཉིས་ནས་ཉོ་ཚོང་སའོ་དང་ཐོ་འགོད་དང་རྩིས་ལེན་ལས་ཁུངས་ཀྱིས་ཁྲོམ་ར་སོ་སོའི་ཟབ་ཞུགས་པར་འབྲེལ་གཏུག་བྱས་ཏེ་ཟབ་ཞུགས་པས་ཧུའུ་ཀང་མཉམ་མཐུད་ཀྱི་ཉོ་ཚོང་འགོ་མ་བརྩམས་པའི་སྔོན་ལ་ཁོ་ཚོ་ཞུགས་པའི་རྣམ་གྲངས་དང་འབྲེལ་བའི་སྒྲིག་སྲོལ་དང་། མ་ལག ལག་རྩལ་བཅས་ཀྱི་བླང་བྱར་རྒྱུས་ལོན་བྱེད་པའི་ཁག་ཐེག་བསྐྲུན་ངེས། ས་ཆ་གཉིས་ཀྱི་ཉོ་ཚོང་སའོ་དང་ཐོ་འགོད་དང་རྩིས་ལེན་ལས་ཁུངས་ཀྱིས་ཚོད་ལྟའི་ཁུལ་གྱི་རྣམ་གྲངས་འཕེལ་རྒྱས་ཀྱི་གནས་ཚུལ་ལྟར་སྤྱི་བསྒྲགས་སྤེལ་བ་ཡིན། མཉམ་འབྲེལ་སྤྱི་བསྒྲགས་སྤེལ་བ་ནས་བཟུང་ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་དངོས་སུ་འགོ་བརྩམས་པ་དང་། ཟླ་བ6གི་དུས་ཡུན་སྤྱད་དེ་སྟ་གོན་བྱ་དགོས།
ཚོད་ལྟའི་དུས་རིམ་ཐོག་མར་ཞང་ཀང་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ཚོགས་པས་ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ལ་ཞུགས་པའི་རྒྱལ་ཁོངས་ནང་ཁུལ་གྱི་མ་དངུལ་འཇོག་མཁན་ཡིན་ན་ལས་ཁུངས་མ་དངུལ་འཇོག་མཁན་ཡིན་དགོས་པའི་བླང་བྱ་བཏོན་ཡོད། དེ་མིན་དངུལ་འཛིན་མཁན་གྱི་དངུལ་ཐོའི་དངུལ་གྲངས་འབུམ5ལས་ཉུང་མི་རུང་བའི་བླང་བྱ་ཡོད།
དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ཚོགས་པ་དང་ཞང་ཀང་ཉོ་ཚོང་སའོ་གཉིས་ཀྱིས་མཉམ་དུ་སྤྱི་བསྒྲགས་བཏང་སྟེ་ས་གནས་གཉིས་ཀྱི་ལྟ་སྐུལ་དོ་དམ་དང་སྒྲིག་ཁྲིམས་ལག་བསྟར་ཕྱོགས་ནས་ཧུར་བརྩོན་གྱིས་མཉམ་ལས་བྱེད་ངེས་པ་བསྟན། ས་གནས་གཉིས་ཀྱི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་གཉིས་ཀྱི་མ་དངུལ་འཇོག་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་ཁག་ཐེག་དང་། ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་སྔོན་འགྲོའི་འོག་ནུས་ལྡན་གྱི་ལམ་སྲོལ་བཙུགས་ཏེ། དུས་ཐོག་ཏུ་ཕྱོགས་གཉིས་དང་ཡང་ན་ཁྲོམ་ར་ཕྱོགས་གཉིས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ཐག་གཅོད་པ་ཡིན། ས་གནས་གཉིས་ཀྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀྱི་ལྟ་སྐུལ་དོ་དམ་གྱི་མཉམ་ལས་བྱ་བའི་ཕྱོགས་ནས་ལེགས་བཅོས་ཀྱི་སྒོ་ནས་གཤམ་གསལ་ཕྱོགས་ལ་ཤུགས་སྣོན་ངེས་ཏེ།
ཁྲིམས་འགལ་སྒྲིག་འགལ་གྱི་ཁོངས་སྣེ་རྙེད་རྗེས་སྤྱི་བརྡ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།
མཉམ་འབྲེལ་གྱིས་འཁྱོག་བཤད་དང་རྫུན་བཤད་སྐོར་དང་། ནག་ཚོང་། ཁྲོམ་ར་ཚོད་འཛིན་སོགས་ཡུལ་ཁོངས་ལས་བརྒལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ།
ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་དང་གསོ་སྦྱོང་ཐད་ནས་ཤུགས་སྣོན་པ།
ཡུལ་ཁོངས་བརྒལ་བའི་ཁྲིམས་འཛིན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།