ཀོ་རུ་མདོ་མཚམས་ཁང་དགའ་ལྡན་དབེན་གནས་ཆོས་འཛིན་གླིང་།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2020-10-28 15:50ལ་འགྲུབ།

ཀོ་རུ་མདོ་མཚམས་ཁང་དགའ་ལྡན་དབེན་གནས་ཆོས་འཛིན་གླིང་།

ཀོས་ནན་རྫོང་ཁོངས་བྱ་མདོ་ཞང་ཀོ་རུ་མདོ་སྡེ་བའི་ཉེ་འདེབས་ཀྱི་ནོར་བུ་སྒང་གི་མདུན་དུ་ཆགས་ཡོད། སྤྱི་ལོ1925ལོར་ཨ་ལགས་ཡར་ཁ་སྐུ་ཕྲེང་དྲུག་པ་ལུང་རྟོགས་ཉི་མ་མཆོག་གིས་ཕྱག་འདེབས་མཛད་ཅིང་། དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་བླ་སྤྲུལ་གང་མང་གི་འབད་བརྩོམ་འོག་རིམ་གྱིས་དར་རྒྱས་སུ་སོང་བ་ཞིག་ཡིན་ལ། གྲུབ་མཐའ་ནི་དགེ་ལུགས་ཡིན།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ1925ལོ།
བཞེངས་མཁན།
ཨ་ལགས་ཡར་ཁ་སྐུ་ཕྲེང་དྲུག་པ་ལུང་རྟོགས་ཉི་མ།
རིགས་དབྱེ།
དགོན་པ།
གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་།
1 ​ངོ་སྤྲོད།

ཀོས་ནན་རྫོང་ཁོངས་བྱ་མདོ་ཞང་ཀོ་རུ་མདོ་སྡེ་བའི་ཉེ་འདེབས་ཀྱི་ནོར་བུ་སྒང་གི་མདུན་དུ་ཆགས་ཡོད། སྤྱི་ལོ1925ལོར་ཨ་ལགས་ཡར་ཁ་སྐུ་ཕྲེང་དྲུག་པ་ལུང་རྟོགས་ཉི་མ་མཆོག་གིས་ཕྱག་འདེབས་མཛད་ཅིང་། དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་བླ་སྤྲུལ་གང་མང་གི་འབད་བརྩོམ་འོག་རིམ་གྱིས་དར་རྒྱས་སུ་སོང་བ་ཞིག་ཡིན་ལ། གྲུབ་མཐའ་ནི་དགེ་ལུགས་པ་ཡིན།  

དགོན་འདི་འདེབས་པ་པོ་ཨ་ལགས་ཡར་ཁ་སྐུ་ཕྲེང་དྲུག་པ་བློ་བཟང་ལུང་རྟོགས་ཉི་མ་མཆོག་ནི་དཔའ་ལུང་རྫོང་ཨ་འདར་ཆག་ག་ཞེས་པའི་སྡེ་བར་ཡབ་རྡོ་རྗེ་ཡི་སྲས་སུ་འཁྲུངས་ལ། མར་གྱུར་སྐྱེ་འགྲོ་ཀུན་གྱི་སྡུག་བསྔལ་ཐམས་ཅད་རང་གཅིག་པུས་མྱངས་ནས་བསམ་པའི་སྙིང་རྗེ་ཡིས་ཆུང་ངུའི་དུས་ནས་སངས་རྒྱས་ཀྱི་བསྟན་པར་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར་བརྩིས་ཏེ་ངྷི་ཚ་རི་ཁྲོད་བཀྲིས་ཆོས་སྡིངས་སུ་ཕེབས་ནས་ཤར་ཡོངས་འཛིན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་དགེ་བའི་བཤེས་གཉེན་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ་རྩིས་སྙན་ངག གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་ལ་སོགས་པའི་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་མཛད་ནས་མཁས་པ་ལ་གྲུབ་པའི་གོ་འཕང་མཐོན་པོ་བརྙེས། དེ་ལྟ་ན་ཡང་སེམས་དཔའ་ཆེན་པོ་རྣམས་ནི་གཞན་ཕན་གྱི་སླེད་དུ་རང་གི་སྲོག་ཡིན་ཡང་ཕངས་མེད་དུ་གཏོང་ཐུབ་པའི་སྙིང་རྗེ་དང་བྱམས་སེམས་ཡོད་ན་བདག་ཉིད་ཆེན་པོ་འདིས་ཀྱང་རང་གི་འདུལ་བར་བྱ་བའི་སྐྱེ་འགྲོ་རྣམས་ལ་སྨན་པའི་སླད་དུ་སྤྱི་ལོ1925ལོར་དད་ལྡན་ཕོ་མོ་མང་པོའི་དབུ་དྲངས་ནས་འབྱོར་བས་རོགས་རམ་གང་ཅི་གནང་བའི་ཐོག རྗེ་ཉིད་ཀྱི་ཐུགས་བཀོད་ལྟར་བྱ་གཞུང་ཡུལ་དུ་འདུ་ཁང་ཆེན་མོ་གྱན་ལྔའི་ནང་རྟེན་གཙོ་བོ་སྨན་སྐུ་དང་གྱན་ཐང་། འབག་སྐུ་དང་ལི་མ་སོགས་དང་། བཀའ་བསྟན་འགྱུར་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས་ཤིང་། ཆོས་ར་ལ་ཁང་བ་གྱན་བཅུ་དྲུག་ཙམ་ཡོད་པའི་སྒྲུབ་དགོན་འདི་ཕྱག་འདེབས་མཛད། ལྷག་པར་དུ་རྗེ་ཉིད་སྐུ་དངོས་ཀྱིས་རང་དགོན་གྱི་དགེ་འདུན་པ་རྣམས་ལ་རྒྱལ་བ་གཉིས་པའི་ལམ་རིམ་ཆེན་མོ་ལ་སོགས་པའི་གཞུང་ཁྲིད་གནང་བ་དང་ཞོར་དུ་དད་ལྡན་སྐྱེ་འགྲོ་མང་བོར་ཟབ་ལ་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་གང་ལ་གང་འཚམ་བསྐོར་ཏེ་གནས་འདི་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་སྤུན་དུ་བསྒྲུབས་ནས་སྐུ་ཉིད་ཀྱི་གདུལ་བྱ་རྣམས་རྟག་ཏུ་དམ་པའི་ཆོས་ལ་གཞོལ་བར་བསྐུལ་སླད་སྤྱི་ལོ1976ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ཉིད་ཀྱི་སྐུ་སྲིང་གི་ཁྱིམ་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱངས་སུ་ཐིམ།

དེ་ཡང་དགོན་གནས་འདིའི་ཆོས་ཐོག་དང་ཆོ་ག་ཕྱག་ལེན་བཙུགས་ཚུལ་ལ། རྒྱ་ལོའི་སྨན་ལམ་ཚེས་བཅུ་གཅིག་ནས་ཚེས་བཅུ་བདུན་བར་ཉིན་བདུན། ཚོགས་འདོན་ལ་གནས་བཅུ། བླ་མཆོད། སྨོན་ལམ་རྣམ་ལྔ། སྨན་བླ། ཕྱག་མཆོད། འཇིགས་བྱེད། མགོན་ཆོས་ལྷ་གསུམ་སོགས་ཡིན། འདིའི་ཕྱག་ལེན་ནི་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་བཙུགས།

གསུམ་པའི་སྒྲུབ་མཆོད་ཚེས་བརྒྱད་ནས་བཅུ་དྲུག་བར་ཡིན། དེའི་ནང་འདོན་པ་ལ་བླ་མཆོད། སྨོན་ལམ་སྣ་ལྔ། བཅོམ་ལྡན་འདས་དཔལ་ངན་སོང་སྦྱོང་བའི་ཀུན་རིག མཛད་བཅུ་སོགས་ཡོད། བཅོ་ལྔའི་ཉིན་སྦྱིན་སྲེག ཕྱག་ལེན་རྭ་རྒྱ་དགོན་གྱི་ཕྱག་སྲོལ་ཡིན།

བཞི་བའི་སྨོན་ལམ་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཡིན། ཆོ་ག་ཕྱག་ལེན་རྒྱ་ལོའི་སྨོན་ལམ་དང་མཚུངས། དྲུག་པའི་དབྱར་གནས་ནི་དྲུག་པའི་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་ཡིན། དེའི་ནང་བླ་མཆོད། སྨོན་ལམ་རྣམ་ལྔ། གནས་བཅུ་ཕྱག་མཆོད་སོགས་ཡོད། འདི་ནི་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་ཀླུ་ཚང་དགོན་གྱི་ཕྱག་སོལ་ལྟར་ཡིན།

དགུ་བའི་ཉེར་གཉིས་ཉིན་དྲུག དེའི་ནང་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་བཅས་ཡོད། ཉེར་དྲུག་ཉིན་སྦྱིན་སྲེག་འདོན་ཞིང་འདི་ནི་བླ་བྲང་དུ་དུས་འཁོར་གྲྭ་ཚང་གི་མཁན་པོ་ཨ་ཁུ་བཛྲ་ཚང་གིས་ཆོག་ཁྲིད་གནང་སྟེ་ཕྱག་ལེན་བཙུགས་པ་ཡིན། བཅུ་བའི་ལྔ་མཆོད་ཚེས་ཉེར་བཞི་ནས་བཅུ་གཅིག་པའི་ཚེས་གཅིག་བར་ཡིན། ཚོགས་འདོན་ལ་མགོན་ཆོས་རྣམ་ལྔ། བླ་མཆོད། སྨོན་ལམ་རྣམ་ལྔ། རྗེའི་གསང་རྣམ་སོགས་ཡོད། ཉེར་དགུ་ཉིན་དྲུག་ཅུ་བ་འཕེན། འདི་ནི་བླ་བྲང་གི་ཕྱག་ལེན་ཡིན།

བཅུ་གཅིག་པའི་སྒྲོལ་དཀར་ཚེས་སྒྲུབ་ནི་ངྷི་ཚའི་ཕྱག་ལེན་ཡིན་ལ་དེའི་ནང་བླ་མཆོད་དང་སྨོན་ལམ་རྣམ་ལྔ། འཇིགས་བྱེད་དཔའ་གཅིག མགོན་ཆོས་ལྷ་གསུམ་གྱི་བསྐང་བཤགས་གཏོར་འབུལ་དང་བཅས་གསུངས།

བོད་ལོའི་བཅུ་བདུན་ཉིན་ཨ་ལགས་ཡར་ཁའི་དུས་མཆོད་ཉིན་གསུམ་ཡིན། དེའི་ནང་བླ་མཆོད་དང་། སྨན་བླ་ཕྱག་མཆོད་སོགས་གསུངས། བོད་ལོའི་གཏོར་སྒྲུབ་ཚེས་ཉེར་བཞི་ནས་ཉེར་དགུ་བར་ཡིན། དེ་ལ་མགོན་ཆོས་ལྔ་བོའི་བསྐང་བཤགས་གཏོར་ཆོག་དང་ལྷ་མོའི་ཚེ་གཏོར་གསུང་བ་ཡིན། རྗེ་ཉིད་སྐུ་བཞུགས་དུས་དགོན་འདིར་གྲྭ་བཙུན་ང་ལྔ་ཙམ་བཞུགས། ཆོས་ལུགས་བཅོས་བསྒྱུར་སྐབས་ཐམས་ཅད་མེད་པར་བཟོས།

སྤྱི་ལོ1982ལོར་འབྲེལ་ཡོད་སྡེ་ཁག་གིས་དངོས་སུ་ཆོག་མཆན་གནང་་བ་དང་ལོ་དེར་ཆོས་སྒོ་ཕྱེས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བརྩོན་འགྲུས་དང་སྟོབས་ཤུགས་ལ་བརྟེན་ནས་ཕལ་ཆེར་སྔོན་ལྟར་ལེགས་གྲུབ་བྱུང་ཟིན་ལ། སྤྱི་ལོའི་2000སྔོན་ན་བླ་མ་གཉིས་དང་གྲྭ་བཙུན་ལྔ་བཅུ་ལྷག་བཞུགས་ཡོད།

ད་ལྟ་དགོན་པ་འདིའི་དགོན་བདག་ཨ་ལགས་ཡར་ཁ་བསོད་ནམས་རྒྱ་མཚོ་མཆོག་དང་། ཨ་ལགས་སྐྱང་བརྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་རྣམ་གཉིས་གཙོ་བྱས་པའི་གྲྭ་བཙུན་ཉེར་ལྔ་ལྷག་བཞུགས་ཡོད་པར་མ་ཟད་ད་དུང་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་ཀླུ་ཚང་དགོན་དུ་སློབ་གཉེར་བྱས་བའི་ཕར་ཕྱིན་རབ་འབྱམས་པའི་མང་བཏགས་ཐོབ་པའི་ (བྱ་གཞུང་བ) བློ་བཟང་རྒྱ་མཚོ་དང་། བསྐལ་བཟང་ཤེས་རབ། ཚུལ་ཁྲིམས་རྒྱ་མཚོ། ཐར་བའི་རྒྱལ་མཚན། འཇམ་དབྱངས་རྒྱ་མཚོ་སོགས་རིག་པ་སྨྲ་བ་དུ་མ་དང་བཅས་པས་གཞི་གསུམ་ཆོ་ཀ་དང་འདོན་ལྟ་དབྱངས་གསུམ་སོགས་དགོན་འདིའི་ཕྱག་ལེན་མ་ནོར་བར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་བཞུགས་པ་ལགས་སོ། །