ཀྲུང་གོའི་ཚན་རིག་སློབ་གླིང་ནི་སྤྱི་ལོ1949ལོའི་ཟླ11པར་པེ་ཅིང་དུ་བཙུགས་ཤིང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཐད་ཀྱི་རིག་གཞུང་སྒྲིག་གཞི་ཆེ་ཤོས་དང་། རྒྱལ་ཡོངས་ཀྱི་རང་བྱུང་ཚན་རིག་དང་ལག་རྩལ་མཐོ་བའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཤིག་ཡིན།
ཀྲུང་གོ་ཚན་རིག་སློབ་གླིང་གི་ཁོངས་སུ་རིག་གཞུང་པུའུ་ལྔ་ཡོད་དེ (གྲངས་རིག་པུའུ་དང་། རྫས་འགྱུར་པུའུ། སྐྱེ་དངོས་རིག་པ་པུའུ། ས་གཤིས་རིག་པ་པུའུ། ལག་རྩལ་ཚན་རིག་པུའུ)བཅས་དང་། དེ་བཞིན་ཡན་ལག་ཁང11དང་། (ཧྲེན་དབྱང་དང་། ཁྲང་ཁྲུན། ཧྲང་ཧའེ། ནན་ཅིན། ཝུའུ་ཧན། ཀོང་ཀྲོའུ། ཁྲེང་ཏུའུ། ཁུན་མིང་། ཤིས་ཨན། ལན་ཀྲོའུ། ཤིན་ཅང) ཞིབ་འཇུག་ཁང84 སློབ་ཆེན1 སློབ་གླིང2 ཚད་ལྡན་ཡིག་ཆ་གསང་འཕྲིན་ལྟེ་གནས4 ལག་རྩལ་འདེགས་སྐྱོར་སྒྲིག་གཞི3 གསར་འགྱུར་དཔེ་སྐྲུན་ཚན་པ2བཅས་ཡོད་ལ། དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)20ལྷག་ཙམ་ལ་རྒྱ་ཁྱབ་ཏུ་སྤེལ་ཡོད། གཞན་ཡང་ད་དུང་མ་འཇོག་བྱས་ནས་ཚན་རྩལ་རྣམ་པའི་ཁེ་ལས(ལམ་ལུགས་སྒྱུར་བའི་ཚན་པ་ཚུད་པ)430ལྷག་ཙམ་བཙུགས་ཡོད་ལ། དེ་ལས་རིགས11དང་འབྲེལ་བ་ཡོད་པའི་ནང་ཁྲོམ་འགྲེམས་ཀུང་སི8ཚུད་ཡོད།
ཀྲུང་གོའི་ཚན་རིག་སློབ་གླིང་གི་རིག་གཞུང་པུའུ(གཤམ་དུ“རིག་གཞུང་པུའུ”ཞེས་བསྡུ་རྒྱུ)སྤྱི་ལོ1955ལོར་བཙུགས་པ་དང་། དེ་ནི་ཚན་རིག་ལག་རྩལ་ཐད་ཀྱི་རྒྱལ་ཁབ་ཀྱི་བློ་འདྲི་སའི་ལས་ཁུངས་མཐོ་ཤོས་ཡིན་ཞིང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་། འཆར་གཞི། ཚན་རིག་ལག་རྩལ་གྱི་ཐབས་ཇུས་གལ་ཆེན་བཅས་ལ་བློ་འདྲི་འདོན་སྤྲོད་ཀྱི་འགན་འཁུར་ཞིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གོང་དུ་སྤེལ་བའི་ཚན་རིག་ལག་རྩལ་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་སྙན་ཞུ་འདོན་རྒྱུ། རིག་གཞུང་ཚན་ཁག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དུས་ཡུན་གང་རུང་གི་དམིགས་འབེན་ལ་གྲོས་འགོ་འདོན་རྒྱུ། ཞིབ་འཇུག་ཁྱབ་ཁོངས་གལ་ཆེན་དང་ཞིབ་འཇུག་སྒྲིག་གཞིའི་རིག་གཞུང་གི་གནད་དོན་ལ་དཔྱད་བསྡུར་དང་ཁྲིད་སྟོན་བྱ་རྒྱུ་བཅས་ཡིན།
རིག་གནས་པུའུ་ནི་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་ལས་གྲུབ་པ་ཞིག་ཡིན་ལ། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིས་རྒྱལ་ཁབ་ཕྱི་ནང་གི་ཆེས་ཕུལ་དུ་བྱུང་བའི་ཚན་རིག་པའི་ཁྲོད་ནས་བདམས་ཤིང་། ལོ་གཉིས་རེར་གསབ་འདེམས་ཐེངས་རེ་བྱེད་ཀྱི་ཡོད། མིག་སྔར་ཡོན་ཧྲི687ཡོད་པའི་ནང་ཡོན་ཧྲེ41ཡོད། རིག་གཞུང་པུའི་ཆེས་མཐོའི་དབང་ཆའི་སྒྲིག་གཞི་ནི་ཡོན་ཧྲི་ཡོངས་ཀྱི་ཚོགས་ཆེན་ཡིན་པ་དང་། དེའི་རྒྱུན་བཙུགས་འགོ་ཁྲིད་སྒྲིག་གཞི་ནི་རིག་གཞུང་པུའུ་ཡི་ཀྲུའུ་ཞི་ཚོགས་པ་ཞིག་ཡིན་པ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གིས་འགན་འཁུར་གྱི་ཡོད། རྫས་འགྱུར་པུའུ། སྐྱེ་དངོས་རིག་པ། ས་གཤིས་རིག་པ། ལག་རྩལ་ཚན་རིག་བཅས་ཀྱི་ཚན་ཁག་ལྔ་ཡོད།
རིག་གཞུང་པུའུ་བཙུགས་མ་ཐག་པའི་དུས་སུ། ཡོན་ཧྲི་སྒྲིག་འཛུགས་བྱས་ཏེ་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི《ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་ཕུགས་ཀྱི་འཆར་འགོད》བཟོས་པ་རེད། སྤྱི་ལོ1986ལོར་ཡོའན་ཧྲི89ཡི་གྲོས་འགོའི་འོག་ཀྲུང་གོའི་ཚན་རིག་ཁང་གིས་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་རང་བྱུང་ཚན་རིག་ཐེབས་རྩ་བཙུགས་པ་དང་། ལོ་དེའི་ཟླ3པར། ཝང་ཏ་ཧེང་དང་། ཝང་ཀྲེང་ཁྲང་། ཁྲེན་ཧྥང་ཡུན། དབྱང་ཅ་སུང་བཅས་ཡོན་ཧྲི་4ཡིས་མིང་བྱང་མཉམ་འགོད་ཀྱིས་ཀྲུང་གོའི་ཚན་རྩལ་མཐོ་བའི་ཞིབ་འཇུག་དང་། འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་པས། རྒྱལ་ཁབ་ཀྱི་ལག་རྩལ་མཐོ་བའི་ཞིབ་འཇུག་དང་འཕེལ་རྒྱས་འཆར་གཞི་གྲུབ་པ་རེད། སྤྱི་ལོ1993ལོར་ཡོན་ཧྲི་ཝང་ཏ་ཧེང་དང་། ཧྲི་ཁྲང་ཞུས། ཀྲང་ཀོང་ཏུའུ། ཀྲང་ཝེ། ལུའོ་ཕེ་ལིན། ཧོའུ་ཞང་ལིན་སོགས་ཀྱིས་གྲོས་འགོ་བཏོན།
ཉེ་བའི་ལོ་ཁ་ཤས་རིང་རིག་གཞུང་པུས་ནུབ་རྒྱུད་གསར་སྤེལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། མི་འབོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས། ལག་རྩལ་མཐོ་བའི་ཐོན་ལས་འཕེལ་རྒྱས། ཚན་རིག་སློབ་གསོ། རིག་གཞུང་ཚན་ཁག་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་ཀྱི་གནད་དོན་ལ་དམིགས་ནས་བློ་འདྲིའི་སྙན་ཞུ་རབ་དང་རིམ་པ་བཏོན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་ཕུལ་ཏེ་རྒྱལ་ཁབ་ཀྱིས་འབྲེལ་ཡོད་སྲིད་ཇུས་བཟོ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
རྨང་གཞིའི་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཀྲུང་གོའི་ཚན་རིག་ཁང་གིས་རིམ་བཞིན་རྩིས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། ཤུགས་རིག་པ། གནམ་གཤིས་རིག་པ། ཚེ་སྲོག་ཚན་རིགས་ཁམས་རིག་པ། ཁོར་ཡུག་སོགས་རང་བྱུང་ཚན་རིག་གི་རྨང་གཞིའི་རིག་གཞུང་ཚན་ཁག་བཙུགས་པ་དང་འཕེལ་རྒྱས་བཏང་ཡོད། གྲངས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། ཤུགས་རིག་པ། གནམ་དཔྱད་རིག་པ་བཅས་ཀྱི་ཁྱབ་ཁོངས་སུ་ད་ལྟ་ཞིབ་འཇུག་ལས་ཁུངས16ཡོད་པ་དང་། དེའི་ནང་ཞིབ་འཇུག་ཁང10དང་། ཞིབ་འཇུག་ཁང2 གནམ་དཔྱད་ལས་ཁུངས3 ལས་མི9000ཙམ་གྱི་ཚན་རིག་ཞིབ་འཇུག་དང་དོ་དམ་རུ་ཁག་ཅིག་ཡིན། ཀྲུང་གོ་ཚན་རྩལ་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་སློབ་གླིང་ཡང་རྨང་གཞིའི་ཚན་རིག་ཐད་ཀྱི་ཞིབ་འཇུག་སྟོབས་ཤུགས་གལ་ཆེན་ཞིག་ཡིན། མིག་སྔར་ཞིབ་འཇུག་སྒྲིག་གཞི་དེ་དག་གི་ནང་དུ་རྨང་གཞིའི་ཚན་རིག་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང4དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང11 སློབ་གླིང་གི་གཙོ་གནད་ཚོད་ལྟ་ཁང19བཅས་བསྐྲུན་ཡོད། ཤེས་བྱ་གསར་གཏོད་ལས་གྲྭའི་ཚོད་ལྟའི་ལས་དོན་ཁྲོད་རྒྱལ་སྤྱིའི་གྲུབ་ཆ་དང་། ལྟེ་བའི་རྩིས་རིག འདུས་འདྲེས་རྫས་བཅས་ཀྱི་ཚན་རིག་དང་རྒྱུ་ཆ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དངོས་ཁམས་དང་རྙོག་འཛིང་ཆེ་བའི་མ་ལག་ཞིབ་འཇུག་ཚོགས་པ་སྔ་རྗེས་སུ་འགོ་ཚུགས་ཡོད། ཞིབ་འཇུག་ཚོགས་པས་གཙོ་བོ་ཚན་རིག་མདུན་ཕྱོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་གདོད་མའི་གསར་གཏོད་རང་བཞིན་ལྡན་པའི་ཞིབ་འཇུག་ལས་དོན་སྤེལ་བ་དང་། ཚོགས་པའི་སྣེ་ཁྲིད་ནུས་པ་བརྒྱུད་ཀྲུང་གོར་འཚར་ལོངས་བྱུང་བའི་ཚན་རིག་མཁས་ཅན་རྩེ་གྲ་གསོ་སྐྱོང་བྱས་ཡོད། རྒྱལ་ནང་གི་ཚན་རྩལ་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཚན་རིག་ཁང་ཚན་རྩལ་ལྟེ་གནས་ཀྱི་རྨང་གཞིའི་ཐོག་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་དང་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཚན་རྩལ་ལྟེ་གནས་འཛུགས་ཀྱི་ཡོད།
ཀྲུང་གོ་ཚན་རིག་སློབ་གླིང་གིས་པེ་ཅིང་གི་གློག་རྡུལ་ཕོ་མོ་གདོང་གཏུག་འཕྲུལ་ཆས(BEPC)དང་། ལན་ཀྲོའུ་ཡི་གྱེས་རྡུལ་ལྕི་བའི་འགྲོས་སྣོན་ཆས(HIRFL)། ཧོ་ཧྥེའི་དུས་མཉམ་རྩིབས་འཕྲོའི་འགྲོས་སྣོན་ཆས་དང་། ཐུའོ་ཁཱ་མ་ཁེ། སྐུལ་འོད་འདུས་འགྱུར་སྒྲིག་ཆས། རླབས་རིང་དུས་སྤྲོད་སྟེགས་བུ་སོགས་ཚན་རིག་ལས་གྲྭའི་སྒྲིག་ཆས་གལ་ཆེན་དང་། དེ་བཞིན་སྨི2.16ཅན་གྱི་རྒྱང་ཤེལ་དང་། བགྲོད་ལམ་མང་བའི་ཉི་མའི་ཁབ་ལེན་ར་བའི་རྒྱང་ཤེལ། ཕྱོགས་བསྡུས་གློག་གི་རྒྱང་ཤེལ་སོགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཆེ་གྲས་བསྐྲུན་ཡོད་པ་རེད། མིག་སྔར་སྐྲུན་བཞིན་པའི་ཚན་རིག་སྒྲིག་ཆས་ཆེ་གྲས་ལ་ལན་ཀྲོའུ་ཡི་གྱེས་རྡུལ་ལྕི་བའི་འགྲོས་སྣོན་ཆས་ཀྱི་གསོག་ཉར་ཨ་ལོང་དང་། སྒོར་དབྱིབས་མིན་པའི་བཅད་ངོས་ཀྱི་གློག་འགོག་མེད་པའི་ཐུའོ་ཁཱ་མ་ཁེའི་སྒྲིག་ཆས། གནམ་ཁུལ་ཆེན་པོའི་རྒྱ་ཁྱོན་གྱི་དམིགས་ཚད་མང་བའི་འོད་སྐུད་འོད་ཐིག་གི་རྒྱང་ཤེལ་དང་པེ་ཅིང་གི་གློག་རྡུལ་ཕོ་མོ་གདོང་གཏུག་འཕྲུལ་ཆས(ཤལ་དཔྱད་ཆས་ཚུད་པ)སྒྱུར་བཀོད་ལས་གྲྭ་གལ་ཆེན་སོགས་ཡོད།
རྨང་གཞིའི་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ། ཀྲུང་གོའི་ཚན་རིག་ཁང་ལ་སྔ་གཞུག་ཏུ་གལ་ཆེ་བའི་ཆ་ཡིག་མང་པོ་ཞིག་ཐོབ་ཡོད་པ་སྟེ། དཔེར་ན། རྩིས་རིག་ངེས་སྲོལ་གྱི་འཕྲུལ་ཆས་བདེན་དཔང་དང་། ཧེར་ཏུན་མ་ལག་གི་ཞིན་དབྱིབས་རྩིས་ཐབས། ཆིན་ཡང་རྡུལ་གྱི་སྤུས་ཚད་ཞིབ་ཚད་འཇལ་ཚད། ཉིང་རྒྱུ་གསར་པའི་འདྲེས་གྲུབ་དང་། ཚད་བརྒལ་སྐར་གསར་གྱི་ལྟ་དཔྱད་ཚད་ལེན། དྲོད་ཚད་མཐོ་བའི་གློག་འདྲེན་བརྒལ་བ། ཐཱན་ནཱ་སྨི་སྦུ་གུ་བཅས་ཀྱི་བཟོ་སྐྲུན་དང་བཀོལ་སྤྱོད། སྐུད་པ་མིན་པའི་བདར་གཟུགས་རིགས། བར་བརྒལ་ལྕགས་རིགས་མ་རྡུལ་ཕུང་པོའི་གྲུབ་ཚུལ་དང་ངོ་བོ། དེ་བཞིན་ལྕགས་རིགས་སྐྱེ་ལྡན་རྫས་འགྱུར་སོགས་ལྟ་བུའོ། ། དུས་མཚུངས་སུ་རང་རྒྱལ་གྱི་ཆ་འཕྲིན་དང་། ནུས་ཁུངས། རྒྱུ་ཆ། ཐོན་ཁུངས། ཞིང་ལས། སྨན་དང་སྨན་བཅོས། བར་སྟོང་། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་ཞིབ་འཇུག་དང་། འཕེལ་རྒྱས། དེ་བཞིན་ཚན་རྩལ་འཐབ་ཇུས་གསོག་འཇོག་ཆགས་པར་བྱས་རྗེས་གལ་ཆེན་བཞག་ཡོད། རྩིས་རིག་དང་མ་ལག་ཚན་རིག་ཞིབ་འཇུག་ཁང་གི་སྐུ་ཞབས་ཝུའུ་ཝུན་ཅུན་དང་ཕྱེད་འདྲེན་གཟུགས་ཞིབ་འཇུག་ཁང་གི་སྐུ་ཞབས་ཧོང་ཁུན་གྱིས་སྐབས་དང་པོའི(སྤྱི་ལོ2000ལོ)དང་། སྐབས་གཉིས་པའི(སྤྱི་ལོ2001ལོ)རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་གྱི་བྱ་དགའ་གནང་བ་རེད།
ཚེ་སྲོག་ཚན་རིག་དང་སྐྱེ་དངོས་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ཏེ། ཀྲུང་གོ་ཚན་རིག་ཁང་ལ་ད་ལྟ་ཞིབ་འཇུག་ཁང་དང་ཞིབ་འཇུག་ལྟེ་གནས23ཡོད་ཅིང་། རྒྱལ་ཁབ་དང་སློབ་གླིང་གི་གཙོ་གནད་ཚོད་ལྟ་ཁང26དང་། རྩི་ཤིང་གླིང12 དངོས་དཔེ་ཁང22 དཔེ་མཚོན་གསོ་སྐྱོང་དངོས་རྫས་ཉར་མཛོད་ཁང9 རི་ཐང་སྣོད་བཅུད་རིག་པའི་ཞིབ་འཇུག་ས་ཚིགས11བཅས་ཡོད་པ་དང་། ལས་མི6800ལྷག་ཙམ་གྱི་ཚན་རིག་ཞིབ་འཇུག་དང་དོ་དམ་བྱེད་པའི་དཔུང་ཁག་ཅིག་གྲུབ་ཡོད།
པེ་ཅིང་དུ་ཞིབ་འཇུག་བྱས་པའི་དབང་གིས་ཞིང་ལས་ལག་རྩལ་མཐོ་གྲས་དང་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་བྱ་རྒྱུ་ཁ་ཕྱོགས་གཙོ་བོར་འཛིན་པ་དང་། ཞིབ་འཇུག་ཁང(ལྟེ་གནས)7ལས་གྲུབ་པའི་ཧྲང་ཧའེ་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་གིས་མི་འབོར་དང་བདེ་ཐང་གཙོ་རྒོལ་ཁ་ཕྱོགས་སུ་གཞོལ་ཞིང་། ལྷོ་ནུབ་ཀྱི་ཞིབ་འཇུག་ཁང4རུ་སྐྱེ་དངོས་ཐོན་ཁུངས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཞིབ་འཇུག་འཕེལ་རྒྱས་རྟེན་གཞི་བཙུགས་ནས་གཙོ་བོ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་གཏོང་རྒྱུར་ཞིབ་འཇུག་བྱས་པ་མ་ཟད། ཧུའུ་པེ་ཡི་ཞིབ་འཇུག་ཁང་3དུ་ཆུ་སྐྱེས་སྐྱེ་དངོས་རིག་པ་དང་། ནད་དུག་རིག་པ་དང་དེའི་སྐྱེ་དངོས་ལག་རྩལ་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས། གཞན་ཡང་མཚོ་སྔོན་དང་ཀོང་ཀྲོའུ་སོ་སོར་ཞིབ་འཇུག་ཁང་རེ་ཡོད་པ་དང་མཚོ་བོད་ས་མཐོའི་སྐྱེ་དངོས་རིག་པ་དང་། རྩི་ཤིང་རིག་པ། དེ་བཞིན་ཉམས་ཞན་སྣོད་བཅུད་རིག་པའི་འབྲེལ་ཡོད་ཞིབ་འཇུག་བྱེད་བཞིན་ཡོད་དོ། །