ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིགསྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2019-08-26 14:39ལ་འགྲུབ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག
《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག》འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བཅས་བྱ་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་གཞིར་བཟུང་གཏན་འབེབས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ལོ2019ལོའི་ཟླ5པར་པར་འགྲེམས་བྱས་ནས2019ལོའི་ཟླ5པའི་ཚེས6ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党党员教育管理工作条例
ཁྱབ་བསྒྲགས་ལས་ཁུངས།
ཀྲུང་གུང་ཀྲུང་དབྱང་།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ2019ལོའི་ཟླ5པར།
ལག་བསྟར་དུས་ཚོད།
སྤྱི་ལོ2019ལོའི་ཟླ5པའི་ཚེས6ཉིན།
དཀར་ཆག
1   རྒྱབ་ལྗོངས།
2   གཞུང་དངོས། 
2.1 ལེའུ་དང་པོ། སྤྱིའི་རྩ་དོན།
2.2 ལེའུ་གཉིས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱེད་དགོས།
2.3 ལེའུ་གསུམ་པ། ཏང་ཡོན་སློབ་གསོའི་གཞི་རྩའི་ལས་འགན།
2.4 ལེའུ་བཞི་པ། ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་དོ་དམ་གྱི་བྱེད་སྟངས་གཙོ་བོ།
2.5 ལེའུ་ལྔ་པ། ཏང་ཁོངས་དང་ཏང་ཡོན་རྩ་འཛུགས་འབྲེལ་བའི་དོ་དམ།    
2.6 ལེའུ་དྲུག་པ། ཏང་ཡོན་གྱི་ལྟ་སྐུལ་དང་རྩ་འཛུགས་ཀྱི་ཐག་གཅོད།
2.7 ལེའུ་བདུན་པ། སྐོར་སྐྱོད་ཏང་ཡོན་དོ་དམ།
2.8 ལེའུ་བརྒྱད་པ། ཏང་ཡོན་སློབ་གསོའི་དོ་དམ་ཆ་འཕྲིན་ཅན།
2.9 ལེའུ་དགུ་པ། རྩ་འཛུགས་མགོ་ཁྲིད་དང་བྱ་བའི་འགན་སྲུང་།
2.10 ལེའུ་བཅུ་པ། ཞར་བྱུང་དོན་ཚན།
3   མཇུག་བྱང་།
1 རྒྱབ་ལྗོངས།

སྤྱི་ལོ2019ལོའི་ཟླ3པའི་ཚེས29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་ཐོག་ནས་ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་སྣོན་པ་ནི་ཏང་གི་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་གལ་ཆེན་རང་བཞིན།  རྒྱུན་གཏན་རང་བཞིན་བཅས་ཀྱི་འགན་འཁྲི་ཞིག་ཡིན་པ་དང་། ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་བསྣན་ཏེ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ལ་ངར་སློང་བར་ཤུགས་བརྒྱབས་ནས་དད་སེམས་བརྟན་པོ་དང་ཆབ་སྲིད་ཡིད་རྟོན།  བྱང་ཚད་ལེགས་པོ་དང་སྒྲིག་སྲོལ་གཟབ་ནན།  ཕན་ནུས་འབུར་ཐོན་བཅས་ལྡན་པའི་ཏང་ཡོན་དཔུང་སྡེ་ཞིག་འཛུགས་དགོས་ཞེས་བཏོན་པ་རེད།

ཚོགས་ཐོག་ནས་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བ་བྱང་ཚད་ལ་བརྟེན་ནས་མཐོར་འདེགས་སུ་བཏང་སྟེ་གྲུབ་འབྲས་མངོན་དུ་འཇུག་དགོས།  དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་བརྒྱབས་ནས་རྣམ་པ་རིང་ལུགས་རྩ་བ་ནས་འདོར་དགོས།  ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པའི་རྒྱུན་བསྐྱངས་ནས།   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དྲག་ཆས་དེ་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་དགོས་ཞེས་ནན་གྱིས་བསྟན་ཡོད། 

ཚོགས་ཐོག་ཏུ་ཏང་ཨུ(ཏང་རྩ་འཛུགས)སོ་སོས་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བར་ཚད་མཐོའི་ངང་ནས་གལ་ཆེན་དུ་འཛིན་དགོས་པ་དང་།  《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག》ལག་བསྟར་གྱི་རྩ་འཛུགས་སྣེ་སྟོན་ལ་ཤུགས་སྣོན་དགོས།  རྩ་འཛུགས་སྡེ་ཁག་སོ་སོས་སྤྱི་ཡོངས་དམ་འཛིན་གྱི་ནུས་པར་སྣེ་ཁྲིད་དགོས།  འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་མཐུན་སྦྱོར་དང་རོགས་འདེགས་བྱེད་པར་ཤུགས་བསྣན་ནས་བྱ་བའི་ཆིག་སྒྲིལ་གྱི་ནུས་པ་གྲུབ་པར་བྱ་དགོས།  ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱས་ནས།  ཏང་ཡོན་གྱི་ལས་འགན་ལ་ལྟ་སྐུལ་བྱ་ཐོག་ཏང་ཡོན་སློབ་གསོ་དོ་དམ་གྱི་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་པའི་བླ་བྱ་བཏོན་ཡོད།

2 གཞུང་དངོས། 

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག》ཧྲིལ་བོར་ལེའུ་བཅུ་དང་། དོན་ཚན་ཞེ་དྲུག་གིས་གྲུབ་ཡོད།

2_1 ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དུ། ཏང་ཡོན་སློབ་གསོ་དོ་དམ་བྱ་བར་ཤུགས་སྣོན་བྱས་ནས། ཏང་ཡོན་དཔུང་ཁག་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱས་ཏེ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དག་གཞིར་བཟུང་ནས། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་ཡོན་སློབ་གསོ་དོ་དམ་ནི་ཏང་གི་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བ་ཞིག་ཡིན། ཏང་རྩ་འཛུགས་ཀྱིས་ཅིས་ཀྱང་ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་དང་། ཏང་ཡོན་ལ་ཁྲིད་སྟོན་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གཏན་གྱི་འདུན་མ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཆེན་པོ་སྔར་ལས་ཇེ་བརྟན་དུ་བཏང་ནས།“འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གཤིས་ཇེ་དྲག་དང་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་ལ། འོས་འགན་ནན་ཏན་གྱིས་ལག་བསྟར་བྱེད་པ། དབང་ཆ་ཡང་དག་པར་བཀོལ་སྤྱོད་བྱེད་པ་བཅས་ཀྱི་སྒོ་ནས། གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས།

དོན་ཚན་གསུམ་པ། ཏང་ཡོན་སློབ་གསོ་དོ་དམ་བྱ་བས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་སྟེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། སློབ་གསོ་དང་དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས།“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་ཏང་ཡོན་སློབ་གསོ་དོ་དམ་གྱི་དམིགས་གཏད་རང་བཞིན་དང་གོ་ཆོད་རང་བཞིན་ཤུགས་ཆེར་གཏོང་དགོས་ལ། ཧུར་བརྩོན་གྱིས་ཆབ་སྲིད་ཚད་མཐུན་ཡིན་པ་དང་སྒྲིག་ཁྲིམས་ལག་བསྟར་ཚད་མཐུན་ཡིན་པ། གཤིས་སྤྱོད་ཚད་མཐུན་ཡིན་པ། ནུས་པ་འདོན་སྤེལ་ཚད་མཐུན་ཡིན་པ་བཅས་ཀྱི་ཏང་ཡོན་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས།

དོན་ཚན་བཞི་པ། ཏང་ཡོན་སློབ་གསོ་དོ་དམ་བྱ་བས་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་དགོས་ཏེ།

(གཅིག) ཏང་གིས་ཏང་ལ་དོ་དམ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། གཟབ་ནན་གྱི་བླང་བྱ་དེ་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱེད་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་གསོ་དོ་དམ་དང་ལེན་བྱེད་དགོས།

(གཉིས) ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་སྤྱི་ཁྱབ་བཀོད་འདོམས་པ་ལྟ་བུར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་གཤིས་སློབ་གསོ་དང་ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ལས་འགན་ཡིད་ལ་དམ་པོར་འཆང་དགོས།

(གསུམ) ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་སློབ་གསོ་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་དངོས་གཙིགས་འཛིན་བྱེད་དགོས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་དག་ལག་ལེན་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས།

(བཞི) དོན་དངོས་ལས་མགོ་རྩོམ་པ་རྒྱུན་འཁྱོངས་བྱས་ནས། རིགས་བགོས་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས་པ་དང་། ཏང་ཡོན་གྱི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཡིས་ཐད་ཀར་ཏང་ཡོན་ལ་སློབ་གསོ་དང་དོ་དམ་དང་ལྟ་སྐུལ་བྱེད་པའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས།

2_2 ལེའུ་གཉིས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱེད་དགོས།

དོན་ཚན་ལྔ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཀོལ་ནས་ཏང་ཡོངས་ལ་དྲག་ཆས་སྤྲ་རྒྱུ་དེ་ཏང་ཡོན་སློབ་གསོ་དོ་དམ་གྱི་ཆབ་སྲིད་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས། ཏང་ཡོན་རྣམས་ལ་ཁྲིད་སྟོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱེད་པའི་དོན་སྙིང་གལ་ཆེན་གང་ལེགས་ཀྱིས་ངོས་ཟིན་དགོས་པ་དང་། རང་རྟོགས་ཀྱིས་བསླབས་ནས་ཤེས་ཤིང་ཁོང་དུ་ཆུད་པ་རྣལ་མོར་བསྒྲུབ་དགོས།

དོན་ཚན་དྲུག་པ། ཏང་ཡོན་རྩ་འཛུགས་བྱས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། གནས་ལུགས་མཐར་ཐུག་རྟོགས་པར་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ཏེ།དེའི་བརྗོད་བྱའི་སྙིང་པོ་དང་རྩ་བའི་དགོངས་དོན། ལག་ལེན་གྱི་རེ་འདུན་བཅས་ལ་གོ་བ་རྙེད་དགོས་པ་དང་། དེའི་ཁྲོད་དུ་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་དགོས་ལ། ཆབ་སྲིད་ཀྱི་རང་རྟོགས་དང་གཞུང་ལུགས་ཀྱི་རང་རྟོན། བརྩེ་སེམས་འདྲེས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ནང་དོན་གཙོ་བོ་ཡིན་པའི་ཏང་ཡོན་སློབ་གསོའི་བསླབ་དེབ་མ་ལག་འཛུགས་དགོས། ཏང་ཡོན་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ་དེ་ཉིད་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་འདེགས་དགོས།

དོན་ཚན་བདུན་པ། གཅིག་བསྡུས་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ཕན་ཚུན་ཟུང་དུ་སྦྲེལ་བ་དང་། རྩ་འཛུགས་ཀྱིས་གསོ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཕན་ཚུན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ནས། གཅིག་བསྡུས་ཀྱི་རེས་སྐོར་སྦྱོང་བརྡར་དང་། ཏང་ཨུ(ཏང་ཙུའུ)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་། རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་།རྩ་འཛུགས་འཚོ་བ། དྲ་ཐོག་སློབ་སྦྱོང་དང་གསོ་སྦྱོང་སོགས་ཀྱི་བྱེད་སྟངས་སྤྱད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་སློབ་གསོའི་ཡུན་ཕན་ནང་རྐྱེན་ཆགས་པར་བྱེད་དགོས་ཤིང་། ཏང་ཡོན་གྱིས་བསླབས་པ་གཏིང་ཟབ་ཅིང་གོ་བ་མཐིལ་ཕྱིན་ལོན་པ་དང་། ཀླད་པའི་ནང་དང་སེམས་ཀྱི་གཏིང་ལ་གཤགས་ཐུབ་པར་སྐུལ་འདེད་བྱེད་དགོས།

དོན་ཚན་བརྒྱད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས། ཏང་ཡོན་གྱིས་རང་ཉིད་ནང་དུ་འཇོག་པ་དང་འགན་འཁྲི་ནང་དུ་འཇོག་པ།བྱ་བ་ནང་དུ་འཇོག་པར་ཁྲིད་སྟོན་བྱེད་དགོས་པ་དང་།སྦྱངས་པ་དེ་སྤྱོད་གོ་ཆོད་པ་དང་ཐོས་དོན་རྒྱུད་ལ་སྦྱར་ནས་ཤེས་པ་དང་ཉམས་ལེན་ཟུང་འབྲེལ་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ལྟ་བ་ལངས་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲི་ཁུར་ལེན་ཤུགས་ཆེར་གཏོང་བ།འཇོན་ནུས་བཀན་མོ་ཇེ་དྲག་ཏུ་གཏོང་དགོས་ལ། རང་བབ་ལས་འགན་ལེགས་པར་སྒྲུབ་ཅི་ཐུབ་ཀྱིས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་ཞིག་དང་བློ་དཀར་གཞུང་དྲང་གིས་ལག་ལེན་བྱེད་མཁན་ཞིག་བྱེད་དགོས།

ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དེ་ལས་མཐོ་བའི་ཚད་གཞི་དང་དེ་ལས་གཟབ་ནན་གྱི་བླང་བྱ་དང་རེ་འདུན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྦྱོང་བ་དང་མ་ལག་ཚང་བར་སྦྱོང་བ། བྱང་ཆུབ་པར་སྦྱོང་བ། གཏིང་ཟབ་མོར་སྦྱོང་བ།རྗེས་ཆོད་ཐུབ་པར་སྦྱོང་བ་བྱེད་དགོས་ཤིང་། རང་རྟོགས་སྒོས་ཀླད་པར་དྲག་ཆས་སྤྲ་བ་དང་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱེད་དགོས།

2_3 ལེའུ་གསུམ་པ། ཏང་ཡོན་སློབ་གསོའི་གཞི་རྩའི་ལས་འགན།

དོན་ཚན་དགུ་པ། ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་སློབ་སྦྱོང་འབུར་ཐོན་བྱེད་པ་དང་། ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་རྣམས་སློབ་སྦྱོང་བྱེད་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཏང་གི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱེད་པ། ཏང་ཡོན་ལ་ཁྲིད་སྟོན་བྱས་ནས་ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པ་དང་།ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བའི་བྱེད་ཐབས་ཧུར་བརྩོན་གྱིས་ཁོང་དུ་ཆུད་དགོས་པར་མ་ཟད་རང་རྟོགས་ཀྱིས་བཀོལ་སྤྱོད་བྱེད་དགོས།

དོན་ཚན་བཅུ་པ། ཆབ་སྲིད་སློབ་གསོ་དང་སློབ་གསོ་སྦྱོང་བརྡར་འབུར་དུ་ཐོན་པར་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་གཟབ་ནན་བྱེད་དགོས་པ་དང་། ཏང་ཡོན་ལ་སློབ་གསོ་བཏང་ནས་དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་ལ་དོ་སྣང་བྱེད་དགོས་ལ། ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་སྲོལ་ནན་སྲུང་བྱས་ཏེ།གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མི་ཉམས་པར་གཏན་སྲུང་བྱེད་དགོས་པ་དང་།“བསྟུན་པ་བཞི”སྒྲུབ་ཐུབ་པ་བྱས་ནས། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་རྒྱུན་སྲུང་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་ཤུགས་ཆེར་བཏང་སྟེ། ཏང་ཡོན་ལ་ཁྲིད་སྟོན་གྱིས་ཏང་ཞུགས་མནའ་ཚིག་ཡིད་ལ་དམ་པོར་འཛིན་དགོས་པ་དང་། ཚད་དང་མཐུན་པའི་ཏང་ཡོན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་རང་རྟོགས་ཀྱིས་བརྩི་སྲུང་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་ནས་ལག་ལེན་བྱེད་དགོས་ལ། བླ་ན་མེད་པའི་ཀུན་སྤྱོད་བསམ་ཚུལ་སྐྱེད་སྲིང་བྱས་ནས། བསམ་བློའི་སྤྱོད་ཚུལ་དང་སློབ་སྲོལ། བྱ་བའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་དང་ཁྱིམ་སྲོལ་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སློབ་གསོར་ཤུགས་སྣོན་བྱས་ཏེ། ཏང་ཡོན་ལ་ཁྲིད་སྟོན་གྱིས་ཁྲིམས་བརྩི་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་བཀོལ་ཚུལ་བཞིན་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཏང་གི་དགོངས་དོན་སློབ་གསོར་ཤུགས་སྣོན་བྱས་ཏེ། ཏང་ཡོན་ལ་ཁྲིད་སྟོན་གྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་ལག་ལེན་བྱེད་དགོས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ།མང་ཚོགས་ཀྱི་བྱ་བའི་འཇོན་ནུས་ཇེ་མཐོར་གཏོང་བ་དང་། འབྲེལ་བ་དམ་ཟབ་སྒོས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས།

དོན་ཚན་བཅུ་གསུམ་པགསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་སྤེལ་ཏེ། ཏང་ཡོན་ལ་ཁྲིད་སྟོན་གྱིས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཏང་གི་འབད་བརྩོན་ལོ་རྒྱུས་ཀྱི་ལམ་ཚད་ཡིད་ལ་དམ་པོར་བཟུང་ནས། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་དམར་པོ་རྒྱུན་འཛིན་བྱེད་པ། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སེམས་སྐུལ་སྤེལ་བྱེད་དགོས།

དོན་ཚན་བཅུ་བཞི་པ། གནས་བབ་སྲིད་ཇུས་ཀྱི་སློབ་གསོ་སྤེལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་འགན་ཆེན་པོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱེད་དགོས་པ་དང་། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།ཏང་གི་གནས་ཚུལ་བཅས་འགྲེལ་བཤད་བརྒྱབ་ནས། ཏང་ཡོན་གྱིས་དོ་སྣང་བྱེད་པའི་གནད་དོན་ལ་ཨ་ལན་སློག་པ་དང་། ཏང་ཡོན་ལ་ཁྲིད་སྟོན་གྱིས་གནས་བབ་ཡང་དག་པར་ངོས་ཟིན་དུ་འཇུག་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་རེ་འདུན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཤེས་བྱ་རྩལ་ནུས་ཀྱི་སློབ་གསོ་གཙིགས་སུ་བཟུང་ནས། ཏང་ཡོན་གྱི་ལས་གནས་འགན་འཁྲིའི་བླང་བྱ་དང་བྱ་བའི་དགོས་མཁོ་དག་གཞིར་བཟུང་ནས། ཏང་ཡོན་ལ་རྩ་འཛུགས་ཁྲིད་སྟོན་གྱིས་ལས་སྒོའི་ཤེས་བྱ་དང་ཚན་རྩལ་ཤེས་བྱ། དངོས་སྤྱོད་ལག་རྩལ་སོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། ཏང་ཡོན་ལ་རོགས་རམ་བྱས་ནས་ཕྱོགས་བསྡུས་བྱང་ཚད་དང་ལས་འགན་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས་ཤིང་། ཞབས་ཞུ་སྒྲུབ་པའི་འཇོན་ཐང་ནུས་པ་ཤུགས་ཆེར་གཏོང་དགོས༎

2_4 ལེའུ་བཞི་པ། ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོ་དོ་དམ་གྱི་བྱེད་སྟངས་གཙོ་བོ།

དོན་ཚན་བཅུ་དྲུག་པ། ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཐུན་གཅིག”གི་ལམ་ལུགས་ངེས་པར་བཀོལ་སྤྱོད་བྱེད་དགོས་པ་དང་། ཏང་ཡོན་ལ་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་དོ་དམ་བྱེད་དགོས། ཏང་ཡོན་དུས་ལྟར་ཏང་ཡོན་ཚོགས་ཆེན་དང་ཏང་ཚན་ཆུང་ཚོགས་འདུ། ཏང་གི་སློབ་ཁྲིད་བཅས་ལ་ཞུགས་ནས་སློབ་སྦྱོང་བརྗེ་རེས་བྱེད་དགོས་ལ། བསམ་བློ་དང་བྱ་བ་སོགས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་ཡར་ཞུ་བྱེད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ངེས་པར་རྩ་འཛུགས་འཚོ་བ་ཉིས་བརྩེགས་ལ་ཞུགས་དགོས།

ཏང་ཀྲི་པུའུ་ཡིས་ཟླ་བ་རེ་རེར་བརྗོད་གཞི་གཙོ་བོའི་ཏང་གི་ཉིན་མོ་ཐེངས་གཅིག་རེ་སྤེལ་ནས། ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ལ་ཉེ་བར་བཅར་དགོས་པ་དང་། ཏང་ཡོན་རྩ་འཛུགས་བྱས་ཏེ། གཅིག་བསྡུས་སློབ་སྦྱོང་དང་རྩ་འཛུགས་འཚོ་བ་རོལ་བ། གཞུང་དོན་ལ་དམངས་གཙོ་གྲོས་བསྡུར་བྱེད་པ། རང་འདོད་ཀྱིས་དང་བླངས་ཞབས་ཞུ་སྤེལ་བ་སོགས་བྱེད་དགོས།

ཏང་ཡོན་གྱིས་ཏང་རྩ་འཛུགས་ལ་དུས་ལྟར་ཏང་དངུལ་སྤྲོད་དགོས། ཏང་རྩ་འཛུགས་ཀྱིས་ཏང་དངུལ་རྩིས་ལེན་དང་བཀོལ་སྤྱོད། དོ་དམ་བཅས་ཀྱི་བྱ་བ་ལེགས་སྒྲུབ་བྱེད་དགོས།

དོན་ཚན་བཅུ་བདུན་པ། ཏང་ཀྲི་པུའུ་ཡིས་ལོ་རེར་ཉུང་མཐའ་ཡང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་གཅིག་རེ་འཚོགས་དགོས་ལ། བྱ་བའི་དགོས་མཁོ་གཞིར་བཟུང་ནས་དུས་གང་རུང་དུ་འཚོགས་ཀྱང་ཆོག སྤྱིར་བཏང་དུ་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ཡང་ན་ཏང་ཚན་ཆུང་གི་ཚོགས་འདུའི་རྣམ་པས་འཚོགས་དགོས།

དོན་ཚན་བཅོ་བརྒྱད་པ། ཏང་ཀྲི་པུའུ་ཡིས་སྤྱིར་བཏང་དུ་ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་ལོ་རེར་ཐེངས1རེ་སྤེལ་དགོས། ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་བསྡུས་ནས། རང་གིས་རང་ལ་གདེང་འཇོག་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་ལ་དཔྱད་བསྡུར། དམངས་གཙོ་ཚད་ལེན་དཔྱད་བསྡུར་བཅས་ཀྱི་བརྒྱུད་རིམ་ལྟར། ཏང་ཡོན་རྩ་འཛུགས་བྱས་ཏེ་དཔྱད་མོལ་གྲོས་བསྡུར་བྱེད་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ཡང་ན་ཏང་ཡོན་ཚོགས་ཆེན་གྱིས་དཔྱད་བསྡུར་གདེང་འཇོག་བྱས་པའི་གནས་ཚུལ་དང་ཏང་ཡོན་གྱི་དུས་རྒྱུན་གྱི་རྣམ་འགྱུར་མཚོན་ཚུལ་དག་གཞིར་བཟུང་ནས། དཔྱད་བསྡུར་གཏན་འཁེལ་བྱེད་པའི་བསམ་འཆར་འདོན་དགོས།  

ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་དུས། རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་མཉམ་གཅིག་ཏུ་འཚོགས་ཆོག

དོན་ཚན་བཅུ་དགུ་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་རྣམ་པར་དབྱེ་ཞིབ་བྱེད་པ་གཙིགས་སུ་བཟུང་ནས། ཏང་རྩ་འཛུགས་ཀྱི་འགན་འཁུར་མཁན་གྱིས་རྒྱུན་དུ་ཏང་ཡོན་ལ་སེམས་གཏམ་གླེང་མོལ་བྱེད་དགོས་པ་དང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་བསམ་བློའི་ཆབ་སྲིད་བྱ་བ་ལེགས་སྒྲུབ་བྱེད་དགོས།

དོན་ཚན་ཉི་ཤུ་པ། གྲོང་ཁྱེར་དང་རྫོང་ཏང་ཨུ། ཡང་ན་གཞི་རིམ་ཏང་ཨུ་ཡིས་ངེས་པར་ལོ་རེ་རེ་ལ་ཏང་ཡོན་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ཀྱིས་རེས་སྐོར་སྦྱོང་བརྡར་བྱེད་དགོས་ཤིང་། གཙོ་བོ་རྫོང་རིམ་པའི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གྲྭ)དང་གཞི་རིམ་ཏང་གི་སློབ་གྲྭ་སོགས་ཀྱི་མིང་ཐོག་ནས་བསྒྲུབ་དགོས། ལས་དོན་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་གྱི་གནད་སའི་ལས་འགན་གཞིར་བཟུང་ཐོག རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་དཀྱིལ་སྙིང་བྱ་བ་དང་ཏང་ཡོན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། གསོ་སྦྱོང་གི་ནང་དོན་དང་བྱེད་སྟངས་གཏན་འཁེལ་བྱེད་དགོས། ཏང་ཡོན་གྱིས་ལོ་རེར་གཅིག་བསྡུས་སློབ་སྦྱོང་བྱེད་པའི་གསོ་སྦྱོང་དུས་ཚོད་ནི་སྤྱིར་བཏང་དུ་སློབ་ཁྲིད་དུས་ཡུན32ལས་མི་ཉུང་བ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ཏང་ཡོན་རྩ་འཛུགས་བྱས་ཏེ། ཏང་ནང་ཁུལ་གྱི་གཅིག་བསྡུས་སློབ་སྦྱོང་སློབ་གསོ་ལ་ནན་ཏན་གྱིས་ཞུགས་དགོས་པ་དང་། ཏང་ཡོན་ལ་ཁྲིད་སྟོན་གྱིས་སློབ་སྦྱོང་སློབ་གསོའི་བརྗོད་གཞི་གཙོ་བོར་དམིགས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད་དགོས་ཤིང་། རང་སྟེང་ན་གནས་པའི་འབུར་ཐོན་གནད་དོན་མ་ལུས་འཚོལ་ཞིང་ཐག་གཅོད་བྱེད་དགོས།

ཞིང་ཆེན་རིམ་པའི་ཏང་ཨུ་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་ཏང་གི་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་ནས། དུས་དང་མཐུན་པར་ཆེད་དམིགས་སློབ་སྦྱོང་སློབ་གསོ་སྤེལ་དགོས།

དོན་ཚན་ཉེར་གཉིས་པ། ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོགས་པ་མི་འདྲ་བའི་ཏང་ཡོན་གྱི་དོན་དངོས་གནས་ཚུལ་དང་ཟུང་དུ་སྦྲེལ་ནས། ཉེ་འགྲམ་གྱི་མིག་དཔེ་བཟང་པོ་གསར་འཛུགས་དང་དེར་ཁ་མིག་ཡར་བལྟས་ཀྱིས་སློབ་སྦྱོང་བྱས་ཏེ། ཏང་ཡོན་དཔེ་སྟོན་ལས་གནས་དང་ཏང་ཡོན་འགན་འཁྲི་ས་ཁུལ་འཛུགས་དགོས་པ་དང་། ལས་རྐང་བཙུགས་ནས་འགན་འཁྲི་གཏན་འཁེལ་བྱེད་པ། ཁས་ལེན་དམ་བཅའ་ལག་ཏུ་བསྟར་བ་སོགས་ལེགས་པར་སྤེལ་ཏེ། ཏང་ཡོན་ལ་ཁྲིད་སྟོན་གྱིས་རང་འགན་བྱ་བ་ལེགས་སྒྲུབ་བྱེད་དགོས་ཤིང་། དེས་མི་ཚད་ཡུལ་དངོས་སུ་སྒྲུབ་པ། མདུན་གྲལ་དུ་སྐྱོད་པ། སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། མང་ཚོགས་ལ་འབྲེལ་གཏུག་ཞབས་ཞུ་དང་ལས་འགན་གལ་ཆེན་འགྲུབ་པར་བྱེད་པའི་ཁྲོད་དུ་རང་མོས་ཀྱིས་ཁུར་དུ་ལེན་ཕོད་པ་ཞིག་བྱེད་དགོས་ལ། རྒྱུན་ལྡན་གྱི་དུས་སུ་མཐོང་ཐུབ་པ་དང་། ཉེན་ཚབས་ཆེ་བའི་གནད་འགག་གི་སྐབས་སུ་གློ་བུར་ཐོན་ཡོང་བ་ཞིག་བྱེད་དགོས།

ཏང་ཡོན་རྣམས་དང་བླངས་ཞབས་ཞུ་ལ་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། ཏང་ཡོན་རྣམས་ཧུར་ཐག་གིས་ཏང་རྩ་འཛུགས་ཀྱིས་སྤེལ་བའི་དང་བླངས་ཞབས་ཞུ་བྱ་འགུལ་ལ་ཞུགས་དགོས་ཤིང་། དང་བླངས་ཞབས་ཞུ་བྱ་འགུལ་རང་ཉིད་ཀྱིས་སྤེལ་ཀྱང་ཆོག

དོན་ཚན་ཉེར་གསུམ་པ། ཏང་རྩ་འཛུགས་ཀྱིས་གཟབ་ནན་སྒོས་སློབ་གསོ་དོ་དམ་བྱེད་པ་དང་སྤྲོ་སེམས་འཁོལ་བའི་ངང་ཐུགས་ཁུར་གཅེས་སྐྱོང་བྱེད་པ་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ཆབ་སྲིད་དང་བསམ་བློ་དང་བྱ་བ་དང་འཚོ་བ་བཅས་ཀྱི་སྟེང་ནས་ཏང་ཡོན་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་བར་སྐུལ་མ་གཏོང་དགོས།

ཏང་ཡོན་རྒན་པའི་ལུས་ཕུང་དང་འདུག་སྡོད་དང་ཁྱིམ་ཚང་ལ་སོགས་པའི་དོན་དངོས་གནས་ཚུལ་ལ་གཞིགས་ནས། གང་ལ་གང་འཚམ་གྱི་བྱེད་སྟངས་སྤྱོད་དགོས་པ་དང་། སློབ་གསོ་དོ་དམ་ཞབས་ཞུ་བསྒྲུབ་དགོས་ལ། ཁོ་ཚོ་རྩ་འཛུགས་བྱས་ནས་ཏང་གི་རྩ་འཛུགས་འཚོ་བའི་ནང་དུ་ཞུགས་དགོས་ཤིང་། རང་ནུས་ཀྱི་ནུས་པ་གང་ཡོད་ལེགས་པར་འདོན་སྤེལ་བྱེད་དགོས། ལོ་ན་རྒས་ཤིང་ལུས་ཕུང་ཞན་པ། འགྲོ་འདུག་སྟབས་བདེ་མིན་པ། ལུས་ལ་ནད་གཞི་ལྗིད་མོ་ཕོག་ཅིང་ཐ་ན་འགུལ་སྐྱོད་ནུས་པ་ཡང་ཤོར་བའི་ཏང་ཡོན་དག་ལ། རྩ་འཛུགས་བྱ་འགུལ་དང་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཨུ་ཚུགས་ནན་མོ་མི་བྱེད་པར། ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་སློབ་གསོ་སྒོ་ཁར་སྐྱེལ་བ་དང་ཉེ་སར་བཅར་ནས་སེམས་གསོ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། ཁོ་ཚོར་དེ་ལས་མང་བའི་ཐུགས་ཁུར་དང་གཟིགས་སྐྱོང་གནང་དགོས༎

2_5 ལེའུ་ལྔ་པ། ཏང་ཁོངས་དང་ཏང་ཡོན་རྩ་འཛུགས་འབྲེལ་བའི་དོ་དམ།    

དོན་ཚན་ཉེར་བཞི་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་གྱིས་གྲོས་འཆམ་བྱུང་བ་དང་གཞི་རིམ་ཏང་ཨུ་ཡིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད་ནས་སྡུད་ལེན་བྱས་པའི་གྲ་སྒྲིག་ཏང་ཡོན་རྣམས། གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་སྟེ།ཏང་གི་སྐྱིད་སྡུག་གི་ཁོངས་སུ་བླངས་པ་ཡིན།

སྒེར་གྱི་མིང་ཐོག་ནས་ཕྱི་རྒྱལ་དུ་འགྲོ་བར་མ་ཟད། ཕྱི་རྒྱལ་དུ་ཡུན་རིང་གཏན་སྡོད་བྱས་པའི་ཏང་ཡོན་ལ། ཕྱི་རྒྱལ་དུ་སོང་ནས་སློབ་སྦྱོང་ཞིབ་འཇུག་བྱེད་པའི་དུས་ཡུན་ལོ5ལས་བརྒལ་ན་ཡང་སྔར་བཞིན་ཕྱིར་མ་ལོག་པའི་ཏང་ཡོན་ཡིན་ན། སྤྱིར་བཏང་དུ་ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་རྒྱུ། ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་པའི་ཐག་གཅོད་ནི་དེའི་རྩ་འཛུགས་འབྲེལ་བ་རང་སོར་འཇོག་པའི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་ཀྱི་གཏན་འབེབས་ནང་ལྟར་ཐག་གཅོད་བྱེད་པ་ཡིན།

ཏང་རྩ་འཛུགས་དང་འབྲེལ་ཐག་ཤོར་ནས་ཟླ་ངོ6ཡན་ཆད་ལོན་པ་དང་བྱེད་སྟངས་སྣ་ཚོགས་ཀྱིས་བཙལ་ཀྱང་སྔར་བཞིན་འབྲེལ་བ་བྱེད་རྒྱུ་མ་བྱུང་བའི་ཏང་ཡོན་ལ། ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་རྒྱུ། ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་པའི་ཐག་གཅོད་ནི་རང་གནས་སའི་ཏང་ཀྲི་པུའུ་འམ་ཡང་ན་གོང་རིམ་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་ཀྱི་གཏན་འབེབས་ནང་ལྟར་ཐག་གཅོད་བྱེད་པ་ཡིན། ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་གནང་ནས་ལོ་ངོ2འགོར་རྗེས་དངོས་གནས་འབྲེལ་གཏུག་བྱེད་ཐབས་མ་བྱུང་ན། རང་ཤུགས་ཀྱིས་ཏང་གི་སྐྱིད་སྡུག་གི་ཁོངས་ནས་ཁ་བྲལ་སོང་བ་ལྟར་མིང་ཐོ་བསུབ་རྒྱུ།

ཏང་གི་སྐྱིད་སྡུག་གི་ཁོངས་ནས་མཚམས་འཇོག་བྱས་པའི་ཏང་ཡོན་ལ། ཆ་རྐྱེན་མཐུན་པོ་ཡིན་ན། གཏན་འབེབས་ཀྱི་བརྒྱུད་རིམ་ནང་ལྟར་ཏང་ཁོངས་སླར་གསོ་བྱེད་ཆོག་པ་ཡིན། དེ་ལ་ཏང་ཁོངས་ནས་ཕྱིར་འབུད་པར་ཁ་ཏ་བྱེད་པ་དང་།ཁ་ཏ་བྱས་ཀྱང་ཕྱིར་མ་བུད་པར་མིང་ཐོ་བསུབ་པ།རང་ཤུགས་སུ་ཏང་གི་སྐྱིད་སྡུག་གི་ཁོངས་ནས་ཁ་བྲལ་སོང་བས་མིང་ཐོ་བསུབ་པ།ཏང་ཁོངས་ནས་ཕྱིར་བུད་དེ་མིང་ཐོ་བསུབ་པ།ཏང་གི་སྐྱིད་སྡུག་གི་ཁོངས་ནས་ཕྱིར་འབུད་བཏང་བ་བཅས་ལ། རྩ་དོན་གྱི་ཐོག་ནས་ཏང་ཁོངས་སླར་གསོ་བྱེད་མི་ཆོག ཆ་རྐྱེན་མཐུན་པོ་ཡིན་ན་ཡང་བསྐྱར་ཏང་ལ་ཞུགས་ཆོག

དོན་ཚན་ཉེར་ལྔ་པ། ཏང་ཡོན་རྩ་འཛུགས་འབྲེལ་བ་ནི་ཏང་ཡོན་གྱིས་ཏང་གི་གཞི་རིམ་རྩ་འཛུགས་ལ་བཟུང་བའི་ཁོངས་གཏོགས་ཀྱི་འབྲེལ་བ་ཡིན།

ཏང་ཡོན་རེ་རེ་ཚང་མ་ངེས་པར་དུ་ཏང་ཀྲི་པུའུ་དང་ཚན་ཆུང་ངམ་ཡང་ན་གཞན་པའི་དམིགས་བཙུགས་རྩ་འཛུགས་ཤིག་གི་སྒྲིག་ཁོངས་ནང་ལ་འཇོག་དགོས། བརྟན་འཇགས་ཀྱི་བྱ་བའི་ལས་ཁུངས་ཡོད་པར་མ་ཟད།ལས་ཁུངས་ཀྱིས་ཏང་རྩ་འཛུགས་བཙུགས་ཟིན་པའི་ཏང་ཡོན་རྣམས། སྤྱིར་བཏང་དུ་དེ་ཡོད་སའི་ལས་ཁུངས་གང་གི་ཏང་རྩ་འཛུགས་ཀྱི་སྒྲིག་ཁོངས་ནང་ལ་འཇོག་དགོས། བརྟན་འཇགས་ཀྱི་བྱ་བའི་ལས་ཁུངས་མེད་པ་དང་། ཡང་ན་ལས་ཁུངས་ཀྱིས་ཏང་རྩ་འཛུགས་བཙུགས་མེད་པའི་ཏང་ཡོན་རྣམས། སྤྱིར་བཏང་དུ་དེ་རྒྱུན་པར་སྡོད་སའི་འདུག་གནས་དེའམ་ཡང་ན། ཐུན་མོང་ལས་ཞུགས་དང་འཇོན་མི་ཞབས་ཞུ་ལས་ཁུངས་དང་ར་སྐོར་འདུས་ཁུལ། ཐོག་ཁང་ག་གེ་མོ་སོགས་ཏང་རྩ་འཛུགས་ཀྱི་སྒྲིག་ཁོངས་ནང་ལ་འཇོག་དགོས།

ཏང་ཡོན་གྱི་བྱ་བའི་ལས་ཁུངས་དང་རྒྱུན་པར་སྡོད་སའི་འདུག་གནས་དེར་འགྱུར་ལྡོག་བྱུང་ཡོད་པ་དང་། ཡང་ན། ཕྱི་རོལ་དུ་སོང་ནས་སློབ་སྦྱོང་དང་བྱ་བ། འཚོ་བ་རོལ་ནས་ཟླ་ངོ6ཡན་ཆད་འགོར་བར་མ་ཟད། ས་གནས་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པ་ལ། ངེས་པར་དུ་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱེད་དགོས། གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་འགོད་དབང་ཡོད་པའི་གཞི་རིམ་ཏང་ཨུ་ཡིས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐད་ཀར་ཏང་ཡོན་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་དང་སྡུད་ལེན་བྱེད་ཆོག ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྩ་འཛུགས་འབྲེལ་བ་སྡུད་ལེན་བྱེད་པའི་སྐབས་སུ། གལ་ཏེ་དགོས་ངེས་ཡོད་ན། འོས་འཚམ་གྱི་བྱེད་སྟངས་སྤྱད་ནས་ཏང་ཡོན་གྱི་ཡིག་ཚགས་ལ་ཞིབ་བཤེར་དཔྱད་བསྡུར་བྱེད་ཆོག རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱས་ཀྱང་ད་རུང་སྡུད་ལེན་མ་བྱས་པའི་ཏང་ཡོན་ལ། དེ་སྔ་གནས་སའི་ཏང་རྩ་འཛུགས་ཀྱིས་སྔར་བཞིན་དོ་དམ་འགན་འཁྲི་ཁུར་ཡོད། ཏང་རྩ་འཛུགས་ཀྱིས་རྒྱུ་མཚན་ཅི་ཡང་མེད་པར་ཏང་ཡོན་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་དང་སྡུད་ལེན་བྱེད་མི་ཆོག

དོན་ཚན་ཉེར་དྲུག་པ། མི་དོན་ཡིག་ཚགས་མེད་པའི་ཏང་ཡོན་ལ། ངེས་པར་དུ་གྲ་སྒྲིག་ཏང་ཡོན་ལ་ཞིབ་བཤེར་ཆོག་མཆན་འགོད་དབང་ཡོད་པའི་གཞི་རིམ་ཏང་ཨུ་ཡིས་ཏང་ཡོན་གྱི་ཚགས་ཡིག་འཛུགས་དགོས་པ་དང་། རང་ཡོད་སའི་ཏང་ཨུ་དང་ཡང་ན་རྫོང་རིམ་པ་ཡན་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཉར་ཚགས་བྱེད་དགོས།

ཆ་རྐྱེན་ཡོད་པའི་ས་གནས་ཀྱིས། ཏང་ཡོན་གྱི་ཚགས་ཡིག་གློག་རྡུལ་ཅན་གྱི་དོ་དམ་ལག་བསྟར་བྱེད་དགོས།

2_6 ལེའུ་དྲུག་པ། ཏང་ཡོན་གྱི་ལྟ་སྐུལ་དང་རྩ་འཛུགས་ཀྱི་ཐག་གཅོད།

དོན་ཚན་ཉེར་བདུན་པ། ཏང་རྩ་འཛུགས་ཀྱིས་ངེས་པར་རྩ་འཛུགས་འཚོ་བ་གཟབ་ནན་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། ཏང་ཡོན་གྱི་བྱ་བར་ཞིབ་བཤེར་བྱེད་པ་བཅས་ཀྱི་བྱེད་སྟངས་སྣ་མང་ལ་བརྟེན་ནས། ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་སྲོལ།ཏང་གི་སྒྲིག་ཁྲིམས། ནང་སྒོས་སུ་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་བྱེད་མིན་གྱི་གནས་ཚུལ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་དང་ཀུན་སྤྱོད་ཚད་ལྡན་བརྩི་སྲུང་བྱེད་མིན་གྱི་གནས་ཚུལ། རྩ་འཛུགས་འཚོ་བར་ཞུགས་པའི་གནས་ཚུལ། གཞན་ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད་མིན་དང་མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་ཞབས་འདེགས་ཞུ་མིན། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་མིན་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། ཏང་ཡོན་ལ་བསམ་བློ་དང་བྱ་བ། འཚོ་བ། སྤྱོད་ཚུལ། སྒྲིག་ལམ་བཅས་ཀྱི་ཕྱོགས་སུ་མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཡོད་པ་ཤེས་པའམ། ཡང་ན་མང་ཚོགས་རྣམས་དེའི་ཐད་ལ་མི་ལེགས་པའི་བསམ་འཆར་ཡོད་ཚེ། ཏང་རྩ་འཛུགས་ཀྱི་འགན་འཁུར་པས་ངེས་པར་དུས་ལྟར་གསལ་འདེབས་ཁ་ཏ་བྱེད་དགོས་པ་དང་། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་བཟུང་སྟེ། རྐྱེན་རྩ་ཆུང་ཟློག་དང་སྐྱོན་ཆུང་དུས་སེལ་བྱེད་དགོས།

དོན་ཚན་ཉེར་དགུ་པ། ཏང་ཡོན་རྣམས་གཏན་འཁེལ་ལྟར་ཏང་གི་རྩ་འཛུགས་འཚོ་བར་མི་ཞུགས་པའམ་དུས་ལྟར་ཏང་དངུལ་མི་སྤྲོད་པ། ས་གནས་གཞན་པར་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་དུ་སོང་ཡང་ཏང་རྩ་འཛུགས་ལ་རང་འགུལ་གྱིས་འབྲེལ་གཏུག་རྒྱུན་འཁྱོངས་མི་བྱེད་པའི་ཏང་ཡོན་དང་། ཡང་ན་ཏང་གི་བླང་བྱ་དང་མི་མཐུན་པའི་བྱ་སྤྱོད་གཞན་པ་གནས་ཤིང་། གནས་ཚུལ་ཛ་དྲག་མིན་པར་ཅུང་ཟད་ཡང་མོ་ཡིན་པ་ལ། ཏང་རྩ་འཛུགས་ཀྱིས་ངེས་པར་འོས་ཤིང་འཚམ་པའི་བྱེད་སྟངས་ལ་བརྟེན་ནས་དུས་ཐོག་ཏུ་སྐྱོན་བརྗོད་སློབ་གསོ་གཏོང་དགོས་པ་དང་། དེ་ལ་རོགས་རམ་བྱས་ནས་ལེགས་ཕྱོགས་སུ་མཐོར་འདེགས་གཏོང་དགོས།

དོན་ཚན་སུམ་ཅུ་པ། གསར་བརྗེའི་སྙིང་སྟོབས་ཞན་ཞིང་། ཏང་ཡོན་གྱི་འོས་འགན་ལག་བསྟར་མི་བྱེད་ལ། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་མོད། འོན་ཀྱང་རང་ངོས་ནས་ཡང་དག་པར་ནོར་འཁྲུལ་རྟོགས་ཤིང་། སློབ་གསོའི་དོ་དམ་དང་ལེན་བྱེད་པར་འཐད་པར་མ་ཟད་དེ་ཡོ་བསྲང་བྱེད་པའི་ཆོད་སེམས་ཡོད་པའི་ཏང་ཡོན་དག་ལ། ཏང་རྩ་འཛུགས་ཀྱིས་ངེས་པར་དུས་བཀག་ལྟར་ཡོ་བསྲང་ཐག་གཅོད་བྱེད་དགོས་ལ། དུས་བཀག་ཡོ་བསྲང་གི་དུས་ཡུན་ལོ་གཅིག་ལས་བརྒལ་མི་རུང་། དུས་བཀག་ཡོ་བསྲང་ལྟར་ཐག་གཅོད་བྱས་པའི་ཏང་ཡོན་ལ་ངེས་པར་རོགས་རམ་དང་སློབ་གསོའི་བྱེད་ཐབས་སྤྱོད་དགོས་པ་ཡིན།

དོན་ཚན་སོ་གཅིག་པ། གཤམ་གྱི་གནས་ཚུལ་འདི་དག་ལས་གང་རུང་ཞིག་ལྡན་པའི་ཏང་ཡོན་ལ། གཏན་འཁེལ་གྱི་བརྒྱུད་རིམ་ལྟར་མིང་ཐོ་ནས་བསུབ་པའི་ཐག་གཅོད་བྱེད་དགོས།

(གཅིག) ཕུགས་བསམ་གྱི་ཡིད་ཆེས་ཤོར་ཞིང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་བརྟན་པ།ཏང་ཡོན་གྱི་ཆ་རྐྱེན་ཤོར་ཟིན་པ་ཡིན་ན་མིང་ཐོ་ནས་ཕུད་དགོས།

(གཉིས།) ཆོས་ལུགས་ལ་དད་མོས་བྱེད་པར། ཏང་རྩ་འཛུགས་ཀྱིས་རོགས་རམ་བྱས་ནས་སློབ་གསོ་བཏང་ཡང་སྔར་བཞིན་འགྱུར་བ་མེད་ཚེ། དེ་ཉིད་ཏང་ལས་ཕྱིར་འབུད་པར་ཁ་ཏ་སྐུལ་མ་བྱེད་དགོས། ཁ་ཏ་བྱས་ཀྱང་ཕྱིར་མི་འབུད་པ་ཡིན་ན་མིང་ཐོ་ནས་ཕུད་དགོས།

(གསུམ།) བསམ་བློར་ངན་འགྱུར་བྱུང་སྟེ་ཏང་ནས་ཕྱིར་འབུད་བྱེད་པའི་རེ་བ་འདོན་པར། སློབ་གསོ་བཏང་རྗེས་སྔར་བཞིན་ཏང་ནང་ནས་ཕྱིར་འབུད་པ་རྒྱུན་འཁྱོངས་བྱེད་ན་མིང་ཐོ་ནས་ཕུད་དགོས།

(བཞི།)མི་སྒེར་གྱི་དམིགས་ཡུལ་འགྲུབ་ཆེད་ཏང་ནང་ནས་ཕྱིར་འབུད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་པར། སློབ་གསོ་བཏང་ཡང་མི་བསྒྱུར་ན། དེ་རང་ཏང་ནང་ནས་ཕྱིར་འབུད་པར་ཁ་ཏ་བྱེད་དགོས། ཁ་ཏ་བྱས་ཀྱང་ཕྱིར་འབུད་མི་བྱེད་ན་མིང་ཐོ་ནས་ཕུད་དགོས།

(ལྔ།) དུས་བཀག་ཡོ་བསྲང་གི་དུས་ཡུན་ལོངས་པའི་རྗེས་སུ་སྔར་བཞིན་འགྱུར་བ་མེད་ན། དེ་རང་ཏང་ནང་ནས་ཕྱིར་འབུད་པར་ཁ་ཏ་སྐུལ་མ་བྱེད་དགོས། ཁ་ཏ་བྱས་ཀྱང་ཕྱིར་མི་འབུད་ན་མིང་ཐོ་ནས་ཕུད་དགོས།

(དྲུག) ལུགས་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པར། བསྟུད་མར་ཟླ་ངོ6གི་རིང་ལ་ཏང་གི་རྩ་འཛུགས་འཚོ་བར་མི་ཞུགས་པའམ་ཡང་ན་ཏང་དངུལ་མི་སྤྲོད་པ། ཡང་ན་ཏང་གིས་བགོས་པའི་བྱ་བ་མི་བསྒྲུབས་ན། རང་ཤུགས་སྒོས་ཏང་དང་ཁ་བྲལ་བ་ལྟར་མིང་ཐོ་བསུབས་ནས་ཕུད་དགོས།

ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་ཡོན་ལ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཏན་འཁེལ་ལྟར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།

2_7 ལེའུ་བདུན་པ། སྐོར་སྐྱོད་ཏང་ཡོན་དོ་དམ།

དོན་ཚན་སོ་གཉིས་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། ཕྱིར་སོང་སྟེ་ཟླ་ངོ6གི་ཡན་འགོར་བར་མ་ཟད་རྩ་འཛུགས་ཀྱི་འབྲེལ་བ་སྤོ་བསྒྱུར་མ་བྱས་པའི་སྐོར་སྐྱོད་ཏང་ཡོན་ལ། རྒྱུན་དུ་འབྲེལ་གཏུག་བྱེད་པ་སྔར་མུས་སུ་རྒྱུན་སྲུང་བྱེད་དགོས་པ་དང་། རྗེས་སུ་དེད་ནས་སློབ་གསོའི་གསོ་སྦྱོང་དང་དོ་དམ་ཞབས་ཞུ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། སྐོར་སྐྱོད་ཏང་ཡོན་ལྟོས་བཅོས་ཀྱིས་གཅིག་འདུས་ཡིན་པའི་ས་གནས་སུ། ཕྱིར་འགྲོ་སའི་ཏང་རྩ་འཛུགས་ཀྱིས་གླིང་ཁུལ་དང་ཚོང་ཚོགས། ལས་རིགས་མཐུན་ཚོགས། གཞན་ཡུལ་བཅའ་སྡོད་བྱེད་སའི་དོན་སྒྲུབ་ལས་ཁུངས་བཅས་ལ་བརྟེན་ནས་སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་བཙུགས་ཆོག

ནང་དུ་འོང་སའི་ཏང་རྩ་འཛུགས་ཀྱིས་ངེས་པར་སྐོར་སྐྱོད་ཏང་ཡོན་གྱི་ཉིན་རྒྱུན་བྱ་བར་རམ་འདེགས་ཀྱིས་ལེགས་པོར་སྒྲུབ་དགོས། རྩ་འཛུགས་འབྲེལ་བ་ཕྱོགས་གཅིག་གཏོགས་ཤིང་། རྩ་འཛུགས་འཚོ་བ་སྣ་མང་ལ་ཞུགས་པའི་བྱེད་སྟངས་ནང་བཞིན། སྐོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ནས་ཐག་ཉེ་ས་དང་སྟབས་གང་བདེ་བྱས་ཏེ་རྩ་འཛུགས་འཚོ་བར་ཞུགས་སུ་འཇུག་དགོས། ཞང་གྲོང་དང་སྲང་ལམ། སྡེ་བ། སྡེ་ཁུལ། གླིང་ཁུལ་བཅས་ཀྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱིས་ངེས་པར་སྐོར་སྐྱོད་ཏང་ཡོན་ལ་སྒོ་རྒྱ་ཆེ་རུ་འབྱེད་དགོས། སྐོར་སྐྱོད་ཏང་ཡོན་རྣམས་ནང་དུ་འོང་སའི་ཏང་རྩ་འཛུགས་དང་ཡང་ན་སྐོར་སྐྱོད་ཏང་ཡོན་གྱི་ཏང་རྩ་འཛུགས་སུ་རང་དགར་དམངས་གཙོ་དཔྱད་མོལ་ལ་ཞུགས་ཆོག

རྩ་འཛུགས་འབྲེལ་བ་སྤོ་སྒྱུར་བྱེད་པའི་ཆ་རྐྱེན་འཛོམས་པའི་སྐོར་སྐྱོད་ཏང་ཡོན་ལ། ཕྱིར་འགྲོ་ས་དང་ནང་དུ་འོང་སའི་ཏང་རྩ་འཛུགས་ཀྱིས་ངེས་པར་སྤོ་བསྒྱུར་དང་ལེན་གྱི་འབྲེལ་མཐུད་བྱ་བ་ལེགས་པོར་སྒྲུབ་དགོས།

དོན་ཚན་སོ་གསུམ་པ། ཞིང་སྡེའི་ཏང་ཀྲི་པུའུ་ཡིས་ངེས་པར་ཆེད་བསྐོས་འགན་འཁུར་མི་སྣ་གསལ་པོར་གཏན་འཁེལ་བྱས་ཏེ།སྐོར་སྐྱོད་ཏང་ཡོན་དང་འབྲེལ་གཏུག་བྱེད་པ་རྒྱུན་སྲུང་བྱེད་དུ་འཇུག་དགོས། ཞང་གྲོང་ཏང་ཨུས་ངེས་པར་སྐོར་སྐྱོད་ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་དགོས་པ་དང་། ཏང་ཀྲི་པུའུ་ལ་མཛུབ་སྟོན་དང་སྐུལ་འདེད་བྱས་ནས་ཉིན་རྒྱུན་སློབ་གསོའི་དོ་དམ་ལ་ཤུགས་སྣོན་བྱེད་དགོས། སྐོར་སྐྱོད་ཏང་ཡོན་གཅིག་བསྡུས་སྒོས་ཕ་ཡུལ་དུ་ལོག་པ་སོགས་ཀྱི་གོ་སྐབས་བེད་སྤྱད་ནས། དེ་རང་རྩ་འཛུགས་འཚོ་བ་དང་ཡང་ན་སློབ་གསོའི་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱེད་དགོས། ཆབ་སྲིད་ཀྱི་བྱང་ཚད་ཅུང་བཟང་ཞིང་ཕྱུག་བསྒྱུར་ཕྱུག་ཁྲིད་ཀྱི་ནུས་པ་ལྡན་པའི་སྐོར་སྐྱོད་ཏང་ཡོན་ལ། དུས་འཕྲལ་དུ་སྡེ་བའི་རྗེས་གྲབས་ནུས་ཤུགས་ཀྱི་ཁོངས་སུ་བཞག་ནས་གསོ་སྐྱོང་བྱེད་དགོས།

གྲོང་ཁྱེར་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་གཞན་ཡུལ་དུ་སྡོད་པའི་སྐོར་སྐྱོད་ཏང་ཡོན་ལ། དེ་སྡོད་སའི་གནས་ཀྱི་ཏང་རྩ་འཛུགས་སུ་འབྱོར་ཐོ་འགོད་པར་ཁྲིད་སྟོན་བྱེད་པ་དང་། རང་རྟོགས་སྒོས་སྡོད་སའི་གནས་ཀྱི་ཏང་རྩ་འཛུགས་ཀྱི་བྱ་འགུལ་ལ་ཞུགས་པ། ཏང་རྩ་འཛུགས་ཀྱི་དོ་དམ་དང་ལེན་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། གཞན་ཡུལ་དུ་གཏན་སྡོད་བྱས་པའི་ཏང་ཡོན་ལ། དུས་འཕྲལ་དུ་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་དང་རོགས་རམ་བྱེད་དགོས།

སྤྱི་པའི་ལས་ཞུགས་དང་ཤེས་ལྡན་མི་སྣའི་ཞབས་ཞུ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ངེས་པར་སྐོར་སྐྱོད་ཤེས་ལྡན་ཏང་ཡོན་གྱི་ཏང་རྩ་འཛུགས་གསར་དུ་འཛུགས་པ་དང་འཐུས་སྒོ་ཚང་བར་འཛུགས་དགོས་ཤིང་། སྐོར་སྐྱོད་ཤེས་ལྡན་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་མཐུན་སྦྱོར་བྱས་ཏེ། སྐོར་སྐྱོད་ཤེས་ལྡན་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་སུ་གཏོང་དགོས།

དོན་ཚན་སོ་བཞི་པ། མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་འབྲེལ་བ་སློབ་གྲྭར་སོར་འཇོག་བྱས་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྐོར་སྐྱོད་ཏང་ཡོན་ལ། ངེས་པར་མུ་མཐུད་དུ་དོ་དམ་ལས་འགན་ལག་བསྟར་བྱེད་དགོས། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སོར་འཇོག་བྱེད་པའི་དུས་ཡུན་སྤྱིར་བཏང་དུ་ལོ2ལས་བརྒལ་མི་རུང་ལ། རྩ་འཛུགས་འབྲེལ་བ་ཕྱིར་སྤོ་བསྒྱུར་བྱེད་པའི་ཆ་རྐྱེན་དང་མཐུན་པོ་ཡིན་ཚེ་དུས་འཕྲལ་དུ་ཕྱིར་སྤོ་བསྒྱུར་བྱེད་དགོས།

ཕྱི་རྒྱལ(ཁོངས)དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་པའི་ཏང་ཡོན་ལ། དེ་སྔ་སློབ་སྦྱོང་བྱེད་སའི་མཐོ་རིམ་སློབ་གྲྭ་དང་བྱ་བའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་དེའི་རྩ་འཛུགས་འབྲེལ་བ་སོར་འཇོག་བྱེད་དགོས་ལ། ལོ་ཕྱེད་རེའི་ནང་དུ་ཉུང་མཐའ་ཡང་ཐེངས་གཅིག་རེ་ལ་དེར་འབྲེལ་གཏུག་བྱེད་དགོས། ཕྱི་རྒྱལ(ཁོངས)དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཏང་ཡོན་ཕྱིར་རྒྱལ་ནང་དུ་ལོག་པའི་རྗེས་སུ་གཏན་འཁེལ་ལྟར་རྩ་འཛུགས་འཚོ་བ་སླར་གསོ་བྱེད་དགོས།

2_8 ལེའུ་བརྒྱད་པ། ཏང་ཡོན་སློབ་གསོའི་དོ་དམ་ཆ་འཕྲིན་ཅན།

དོན་ཚན་སོ་ལྔ་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཏེ། སྦྲེལ་དྲའི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་ཀྱིས་བེད་སྤྱོད་བྱེད་དགོས་པ་དང་། ཏང་ཡོན་གྱི་སློབ་གསོའི་དོ་དམ་བྱ་བ་ཇེ་ལེགས་སུ་བཏང་ནས། གཞི་རིམ་ཏང་འཛུགས་སྐྲུན་གྱི་སྲོལ་རྒྱུན་ཁྱད་སྟོབས་ལེགས་བབ་དང་ཆ་འཕྲིན་ལག་རྩལ་གཏིང་ཟབ་མཉམ་འདྲེས་བྱེད་པར་སྐུལ་འདེད་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་ཏང་ཡོན་སློབ་གསོའི་དོ་དམ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

དོན་ཚན་སོ་དྲུག་པ། གཅིག་གྱུར་འཆར་འགོད་དང་ཐོན་ཁུངས་ཧྲག་སྡེབ་བྱེད་པ། ཏང་ཡོན་གྱི་ཆ་འཕྲིན་མཛོད་ཉར་སྔར་ལས་འཐུས་ཚང་དུ་བཏང་ནས། རྒྱལ་ཡོངས་ཀྱི་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་བསྟེན་སློབ་གསོ་དང་ཏང་ཡོན་གློག་འཕྲུལ་ཅན་གྱི་སློབ་གསོའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ཤིང་། ཏང་ཡོན་སློབ་གསོའི་དོ་དམ་དྲ་ཚིགས་དང་སྤོ་སྒུལ་འཕྲིན་སྤྱོད་མགྲོན་སྣེ་སོགས་ཀྱི་འཕྲིན་སྟེགས་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས། དྲ་ཐོག་གི་ཏང་གཤིས་སློབ་གསོ་རྟེན་གཞིའི་འཕྲིན་སྟེགས་འཛུགས་པ་དང་། ཏང་དོན་དང་སྲིད་དོན། ཞབས་ཞུ་བཅས་ཁ་འབྲལ་ཐབས་མེད་པར་ནུས་ལྡན་མཉམ་འདྲེས་དམ་ཚགས་བྱེད་པའི་དྲ་རྒྱའི་གཡུལ་ས་སྐྲུན་བཟོ་བྱེད་དགོས།

དོན་ཚན་སོ་བདུན་པ། དྲ་ཐོག་དང་དྲ་མིན་གཉིས་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། ཏང་ཡོན་སློབ་གསོའི་དོ་དམ་ཆ་འཕྲིན་ཅན་གྱི་འཕྲིན་སྟེགས་ལ་བརྟེན་དགོས་པ་དང་། ཏང་ཡོན་གྱི་ཆ་འཕྲིན་དོ་དམ་དང་། ཏང་རྩ་འཛུགས་ཀྱི་བྱ་འགུལ་མཛུབ་སྟོན་དོ་དམ། སྐོར་སྐྱོད་ཏང་ཡོན་དོ་དམ་གྱི་ཞབས་ཞུ། ཏང་ཡོན་འཕེལ་རྒྱས་སུ་གཏོང་བའི་དོ་དམ། ཏང་དངུལ་དོ་དམ་ལ་སོགས་པའི་ལས་སྒོ་དངོས་སུ་བཀོལ་སྤྱོད་བྱས་ནས། ཏང་ཡོན་རྣམས་ལ་དྲ་ཐོག་གི་སློབ་སྦྱོང་གསོ་སྦྱོང་དང་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་སྡུད་ལེན་བྱེད་པ། ཏང་ནང་ཁུལ་གྱི་ལས་དོན་དུ་ཞུགས་པ་དང་ཐུགས་ཁུར་རོགས་སྐྱོར་བྱེད་པ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

ཆ་འཕྲིན་གྱི་གྲངས་གཞི་བེད་སྤྱོད་པ་གཙིགས་སུ་བཟུང་ནས། ཏང་ཡོན་དཔུང་སྡེའི་གནས་ཚུལ་དང་ཏང་ཡོན་སློབ་གསོའི་དོ་དམ་བྱ་བ་དངོས་སུ་སྒྲུབ་པའི་སྐབས་དབྱེ་ཞིབ་དང་བརྡར་ཤ་ཁྲུན་ཐག་གཅོད་པ་ལ། དུས་ཐོག་ཏུ་གནད་དོན་ཡོད་པ་ཤེས་ན། རྒྱུན་ཆད་མེད་པར་བྱ་བ་ལེགས་བཅོས་གཏོང་དགོས༎

དོན་ཚན་སོ་བརྒྱད་པ། ཏང་ཡོན་གྱིས་ངེས་པར་རང་འགུལ་སྒོས་དྲ་བར་སློབ་སྦྱོང་དང་དྲ་བ་བཀོལ་སྤྱོད་བཏང་ནས། རིགས་མི་འདྲ་བའི་ཏང་ཡོན་སློབ་གསོའི་དོ་དམ་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་རྒྱབ་རྟེན་བཅོལ་དགོས་པ་དང་། དྲ་ཐོག་གི་སློབ་སྦྱོང་གསོ་སྦྱོང་ལ་ཧུར་ཐག་གིས་ཞུགས་དགོས་ཤིང་། ནན་ཏན་གྱིས་ཏང་རྩ་འཛུགས་ཀྱི་བྱ་འགུལ་ལ་ཞུགས་དགོས་པ་དང་། རང་རྟོགས་སྒོས་ཏང་རྩ་འཛུགས་ཀྱི་སློབ་གསོའི་དོ་དམ་དང་ལེན་བྱེད་དགོས། དྲ་ལམ་བརྒྱུད་དེ་མང་ཚོགས་ལ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་སྒྲོག་ལེགས་པར་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་ཞབས་འདེགས་བཟང་པོ་ཞུ་དགོས།

ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཡོན་གྱི་དྲ་ཐོག་གི་བྱ་སྤྱོད་གཟབ་ནན་དང་ཚད་ལྡན་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ལ། དྲ་ཐོག་གི་གཏམ་བརྗོད་ནོར་འཁྲུལ་ཅན་ལ་འཐབ་རྩོད་བྱེད་ཕོད་པ་དང་། ཏང་གི་སྒྲིག་ཁྲིམས་གཏན་འཁེལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགལ་བའི་ཆ་འཕྲིན་ནང་དོན་བཟོ་བ་དང་བསྒྲགས་པ། སྤེལ་བ་སོགས་གང་ཡང་བྱེད་མི་རུང་༎

2_9 ལེའུ་དགུ་པ། རྩ་འཛུགས་མགོ་ཁྲིད་དང་བྱ་བའི་འགན་སྲུང་།

དོན་ཚན་སོ་དགུ་པ། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང) ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་ཡི་ཏང་ཙུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཨུ་བཅས་ནང་དུ་ཞུགས་ཏེ། རྒྱལ་ཡོངས་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་མཐུན་སྦྱོར་ཚན་ཆུང་བཙུགས་པ་དེས། རྒྱལ་ཡོངས་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་འཆར་གཞི་བཀོད་སྒྲིག་དང་རྩ་འཛུགས་མཐུན་སྦྱོར། ཞིབ་བཤེར་མཛུབ་སྟོན་བཅས་ཀྱི་འགན་ཁུར་བ་དང་། མཐུན་སྦྱོར་ཚན་ཆུང་གི་གཞུང་ལས་ཁང་ནི་ཀྲུང་དབྱང་རྩ་འཛུགས་པུའུ་རུ་བཙུགས་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུས་ངེས་པར་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་མཐུན་སྦྱོར་ལས་ཁུངས་འཛུགས་དགོས། ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་མཐུན་སྦྱོར་ལས་ཁུངས་ཀྱི་འཁོར་སྐྱོད་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། འགན་ནུས་སྒྲུབ་པའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གཙོ་བོ་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པར་འགན་ཁུར་ནས། ཏང་ཡོན་གྱི་གཅིག་བསྡུས་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་རྩ་འཛུགས་དང་བཀོད་སྒྲིག་ལེགས་པོར་འཛིན་དགོས་པ་དང་། ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་བྱེ་བྲག་གི་མཛུབ་སྟོན་ཞིབ་ཕྲར་ཤུགས་སྣོན་དགོས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་གཙོ་བོ་ཏང་ཡོན་གྱི་སྒྲིག་ཁྲིམས་སྤྱོད་ཚུལ་སློབ་གསོར་འགན་ཁུར་ནས། ཏང་ཡོན་གྱི་ལྟ་སྐུལ་སྤེལ་བར་མཛུབ་སྟོན་བྱེད་པ་དང་། ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལ་འགལ་བ་དང་ལས་འགན་ཁྲིམས་འགལ། ལས་འགན་ཉེས་བསགས་བཅས་ཀྱི་བྱ་སྤྱོད་གང་ཡོད་རྩད་ཞིབ་ཐག་གཅོད་བྱེད་དགོས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་གཙོ་བོ་ཏང་ཡོན་གྱི་ཆབ་སྲིད་གཞུང་ལུགས་སློབ་གསོ་དང་གནས་བབ་ཀྱི་སྲིད་ཇུས་སློབ་གསོར་འགན་ཁུར་ནས། ཏང་ཡོན་སློབ་གསོའི་སློབ་དེབ་སྒྲིག་རྩོམ་བྱེད་པར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་དགོས་པ་དང་། ཏང་ཡོན་རྩ་འཛུགས་བྱས་ནས་སྔོན་ཐོན་མིག་དཔེར་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་བཅས་ཀྱི་འགན་འཁུར་དགོས།

ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཙོ་བོ་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་ལ་འགན་ཁུར་ནས། ས་གནས་ཀྱི་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡིས་ཏང་ཡོན་སློབ་གསོའི་གསོ་སྦྱོང་དེ་སློབ་ཁྲིད་ཀྱི་འཆར་གཞི་གྲས་སུ་འཇོག་རྒྱུར་མཛུབ་སྟོན་བྱེད་དགོས་པ་དང་། སློབ་ཁྲིད་ཀྱི་ཚོགས་ཐུན་དང་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་ནན་མོ་བྱེད་དགོས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་བོ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་མཛུབ་སྟོན་བྱས་ཏེ་ཏང་ཡོན་སློབ་གསོ་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པར་འགན་འཁུར་དགོས།

སློབ་གསོ་པུའུ་ཡི་ཏང་ཙུའུ་ཡིས་གཙོ་བོ་སྤྱི་ཁྱབ་ནས་མཐོ་རིམ་སློབ་གྲྭའི་ཏང་ཡོན་སློབ་གསོ་དོ་དམ་བྱ་བར་ཆེ་མཐོང་མཛུབ་སྟོན་བྱེད་པར་འགན་འཁུར་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཨུས་གཙོ་བོ་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ཁེ་ལས་དག་གི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བར་འགན་འཁུར་དགོས།

ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས། ཏང་ཨུའི་དྲིལ་སྒྲོག་པུའུ། ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)། ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཨུ་བཅས་ཀྱིས། སོ་སོར་འགན་ནུས་དང་འགན་འཁྲི་ལྟར། ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་ལས་འགན་ཁུར་དུ་ལེན་དགོས།

དོན་ཚན་བཞི་བཅུ་པ། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྡེ་ཁག སྡེ་ཚན་གྱི་ཏང་ཙུའུ(ཏང་ཨུ)ཡིས་རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱི་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བར་མགོ་ཁྲིད་པ་དང་། ཏང་ཀྲུང་དབྱང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། དུས་བཅད་ལྟར་ཏང་ཡོན་སློབ་གསོ་དོ་དམ་བྱ་བར་ཞིབ་འཇུག་དང་། ཏང་ཡོན་གྱི་དཔུང་སྡེའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་བྱ་བའི་བྱེད་ཐབས་འདོན་དགོས།

གཞི་རིམ་ཏང་ཨུ་ཡིས་ཏང་ཡོན་སློབ་གསོའི་དོ་དམ་འཛིན་པའི་གཞི་རྩའི་འགན་འཁྲི་ལག་བསྟར་བྱས་ཏེ། གོང་རིམ་ཏང་རྩ་འཛུགས་ཀྱི་བྱ་བའི་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་དང་། ཏང་ཡོན་གཅིག་བསྡུས་གསོ་སྦྱོང་དང་རྩ་འཛུགས་འབྲེལ་བའི་དོ་དམ། གཟེངས་བསྟོད་སྐུལ་སློང་། ཐུགས་ཁུར་རོགས་རམ། རྩ་འཛུགས་ཐག་གཅོད། སྒྲིག་ཁྲིམས་ཆད་གཅོད་སོགས་ཀྱི་བྱ་བ་རྩ་འཛུགས་བྱས་ནས་ལེགས་པོར་བསྒྲུབ་དགོས་ཤིང་། ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་བྱེད་དགོས། ཏང་ཀྲི་པུའུ་ཡིས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར། དེ་དང་འབྲེལ་ཡོད་ཀྱི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་དགོས། ཏང་གི་ཚན་ཚུང་གིས་ངེས་པར་ཏང་ཀྲི་པུའུ་ཡི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྐོར་གྱི་བླང་བྱ་དང་ལས་འགན་དངོས་འབེབས་དོན་འཁྱོལ་བྱེད་དགོས།

དོན་ཚན་ཞེ་གཅིག་པ། གྲོང་རྡལ་དང་སྲང་ལམ། རྒྱལ་དབང་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ཀྱི་གཞི་རིམ་ཏང་ཨུ་ཡིས་གཏན་འཁེལ་ལྟར་གྲངས་ཚད་ངེས་ཅན་གྱི་ཆེད་འགན་དང་ཞོར་འགན་འཁུར་བའི་རྩ་འཛུགས་མི་སྣ་བཀོད་སྒྲིག་བསྐོ་འཇོག་བྱེད་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་དེ་དག་ལ་ལས་སྒོའི་མཛུབ་སྟོན་དང་དོ་དམ་བྱས་ཏེ། ཏང་ཡོན་འཕེལ་རྒྱས་དང་ཏང་ཡོན་གྱི་སློབ་གསོ་དོ་དམ་སོགས་ཀྱི་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱེད་པའི་འགན་དང་དུ་ལེན་དགོས།

ཏང་ཡོན་སློབ་གསོའི་འཆད་ཁྲིད་དགེ་རྒན་གདན་ཞུ་ལས་བསྐོ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། རྫོང་རིམ་པ་ཡན་གྱི་ཏང་ཨུ་ཡིས་ཏང་གི་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཅན་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། སྔོན་ཐོན་དཔེ་ལེགས་མི་སྣ། ཏང་དོན་བྱ་བ་སྒྲུབ་མཁན། ཆེད་མཁས་པ་དང་མཁས་པ། དངོས་སྤྱོད་ལག་རྩལ་འཇོན་མི། གཞན་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་ཀྱི་ཁྲོད་ནས་ཏང་ཡོན་སློབ་གསོའི་འཆད་ཁྲིད་དགེ་རྒན་བདམས་ནས་གདན་ཞུ་ལས་བསྐོས་བྱེད་དགོས།

རྫོང་རིམ་པའི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གྲྭ)དང་གཞི་རིམ་ཏང་གི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། རྫོང་རིམ་པའི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གྲྭ)ཡིས་ངེས་པར་ཏང་ཡོན་གྱི་གཅིག་བསྡུས་གསོ་སྦྱོང་ནི་ལས་འགན་གལ་ཆེན་དུ་བརྩི་དགོས་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་ཏང་ཡོན་སློབ་གསོའི་འཆད་ཁྲིད་དགེ་རྒན་གཞི་རིམ་དུ་སློབ་ཁྲིད་བྱེད་པར་རྩ་འཛུགས་དང་བཀོད་སྒྲིག་བྱེད་དགོས།

ཏང་དམངས་ཞབས་ཞུ་ལྟེ་གནས་དང་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་རྟེན་གཞི། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཙིགས་མཐོང་ཆེན་པོ་བྱེད་དགོས།

རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་སློབ་དེབ་འཛུགས་སྐྲུན་དང་འཆར་འགོད་ལ་ཤུགས་བསྣན་ཏེ། རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གཞི་རྩའི་བསླབ་དེབ་བསྒྲིགས་པར་རྩ་འཛུགས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སྡེ་ཚན་སོ་སོས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རང་སོ་སོའི་ཁྱད་ཆོས་ལྡན་ཞིང་། དངོས་གཉེར་གོ་ཆོད་ཡིན་པའི་ཏང་ཡོན་སློབ་གསོའི་བསླབ་དེབ་གསར་སྤེལ་བྱེད་ཆོག

དོན་ཚན་ཞེ་གཉིས་པ། ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གྲོན་དངུལ་དེ་ངེས་པར་ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ཀྱི་ཁོངས་སུ་འཇོག་དགོས་པ་དང་། དོན་དངོས་གནས་ཚུལ་དང་ཟུང་དུ་འབྲེལ་ཏེ། ཏང་ཡོན་གྱི་གྲངས་ཀ་ལྟར་བགོ་གཏོང་བྱེད་དགོས་ལ། གཙོ་བོ་ཞིང་སྡེ་དང་སྡེ་ཁུལ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་པའི་ལས་ཞུགས་དང་ཤེས་ལྡན་མི་སྣའི་ཞབས་ཞུ་ལས་ཁུངས་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སློབ་གསོའི་དོ་དམ་སྤེལ་བར་འགན་སྲུང་བྱས་ནས། བརྟན་འཇགས་ཀྱི་གྲོན་དངུལ་འགན་སྲུང་ནང་རྐྱེན་ཆགས་སུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སོར་འཇོག་ཉར་ཚགས་བྱས་པའི་ཏང་དངུལ་དེ་དག་གཙོ་བོ་ཏང་ཡོན་སློབ་གསོའི་གསོ་སྦྱོང་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་འཚོ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། གསར་བརྗེ་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གྲོན་དངུལ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རིམ་པ་སོ་སོའི་ཏང་ཨུའི་ཏང་ཙུའུ་སོ་སོ་ཡིས་ངེས་པར་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་ཞིབ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་ཨུ་ཡིས་ལོ་རེ་རེར་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གནས་ཚུལ་དེ་གོང་རིམ་གྱི་ཏང་རྩ་འཛུགས་ལ་སྙན་ཞུ་བྱེད་པའི་བྱ་བའི་ནང་དོན་གལ་ཆེན་དུ་བརྩི་དགོས། གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བའི་ལས་སྒྲུབ་སྙན་ཞུ་བསྡུར་མོལ་དཔྱད་ཞིབ་བྱེད་པའི་ཁྲོད། ཏང་རྩ་འཛུགས་ཀྱི་འགན་འཁུར་མི་སྣས་ཏང་ཡོན་སློབ་གསོ་དོ་དམ་བྱ་བ་བཟུང་བའི་གནས་ཚུལ་ལ་དཔྱད་མོལ་གདེང་འཇོག་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་ལོ་འཁོར་དཔྱད་ཞིབ་དང་འགན་འཛིན་ཡུན་ཚད་དཔྱད་ཞིབ་སྤེལ་བའི་སྐབས་སུ། ངེས་པར་རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གནས་ཚུལ་ལ་དཔྱད་ཞིབ་དང་ཞིབ་བཤེར་བྱེད་དགོས།

ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་ཁྲོད་དུ་འགན་ཤོར་འགན་འཛོལ་བྱུང་བ་ལ། འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་འགན་འདྲི་འགན་འཁྲི་རྩད་གཅོད་བྱེད་དགོས།

2_10 ལེའུ་བཅུ་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བཞི་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གཏན་འཁེལ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་ཉིད་གཞིར་བཟུང་ནས་གཏན་འབེབས་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདི་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་འཁུར་ནས་འགྲེལ་བཤད་བྱ་རྒྱུ།

དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདི2019ལོའི་ཟླ5པའི་ཚེས6ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ༎

3 མཇུག་བྱང་།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག》པར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་གིས་དེར་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཏང་ཡོན། སློབ་གསོ་དོ་དམ། སྲོལ་ཡིག