སྡེར་ནང་ས་བྲིས།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2019-08-15 08:43ལ་འགྲུབ།

སྡེར་ནང་ས་བྲིས།

སྡེར་ནང་ས་བྲིས།
སྡེར་ནང་ས་བྲིས་ནི་མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ་ནས་བྱུང་ཞིང་། རིམ་བཞིན་མགོ་ལོག་ཡོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་དར་བའི་ཡིག་གཟུགས་ཀྱི་ཁྲིད་རྒྱུན་ཞིག་ཡིན། སྡེར་ནང་ཞེས་པའི་ཐ་སྙད་འདི་ནི། རྨ་ཡུལ་སྡེར་ནང་དགོན་གྱི་གདན་རབས་དང་སྡེར་ནང་ས་བྲིས་ཀྱི་ལོ་རྒྱུས་རུས་མཛོད་ལས་ད་ལྟའི་རྨ་ཡུལ་སྡེར་ནང་དགོན་ནི་སྔོན་སྡེར་རྒྱབ་ད་ལྟའི་པདྨ་རྫོང་ཁོངས་དབང་རོལ་གྱི་ས་ཆ་ཞིག་ཏུ་ཡོད་ལ། དེ་ནི་སྤྱི་ལོ1785ལོར་སྡེར་རྒྱབ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས་གསར་དུ་ཕྱག་བཏབ་བྱས་པ་ཡིན་ལ། རྗེས་སུ་ཡུལ་སྡེའི་ས་ཆའི་གནས་སྤོར་གྱི་སྟབས་དང་བསྟུན་ནས་རྨ་ཡུལ་སྡེར་ནང་དུ་གནས་སྤོས་ཏེ་དར་ཞིང་རྒྱས་པའི་སྐབས་སོ། །ཞེས་པ་ལྟར་ན་སྡེར་ནང་ཟེར་བ་ནི་ཐོག་མར་ས་མིང་དགོན་ལ་ཤན་ཞུགས་ཤིང་། རིམ་བཞིན་དགོན་མིང་སྡེ་ལ་ཐོགས་པར་སྣང་ངོ་།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
果洛德昂洒智
རིགས་དབྱེ།
ཡིག་གཟུགས་སྒྱུ་རྩལ།
ཁོངས་གཏོགས་ཡུལ།
བོད་ཁུལ།
དར་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ།
བྲིས་རབས་ཐོག་མ།
ས་ངན་བསྟན་འཛིན།
1 སྡེར་ནང་ས་བྲིས་ཀྱི་བྲིས་ཁུངས་དང་མིང་ཐོགས་དོན།

སྡེར་ནང་ས་བྲིས་ནི་མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ་ནས་བྱུང་ཞིང་། རིམ་བཞིན་མགོ་ལོག་ཡོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་དར་བའི་ཡིག་གཟུགས་ཀྱི་ཁྲིད་རྒྱུན་ཞིག་ཡིན། ཐོག་མར་ང་ཚོས་སྡེར་ནང་ཞེས་པའི་ཐ་སྙད་འདི་ལ་ངོས་འཛིན་ཞིག་བྱ་སྟེ་རྨ་ཡུལ་སྡེར་ནང་དགོན་གྱི་གདན་རབས་དང་སྡེར་ནང་ས་བྲིས་ཀྱི་ལོ་རྒྱུས་རུས་མཛོད་ལས་ད་ལྟའི་རྨ་ཡུལ་སྡེར་ནང་དགོན་ནི་སྔོན་སྡེར་རྒྱབ་ད་ལྟའི་པདྨ་རྫོང་ཁོངས་དབང་རོལ་གྱི་ས་ཆ་ཡིན་ཏུ་ཡོད་ལ། དེ་ནི་སྤྱི་ལོ1785ལོར་སྡེར་རྒྱབ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས་གསར་དུ་ཕྱག་བཏབ་བྱས་པ་ཡིན་ལ། རྗེས་སུ་ཡུལ་སྡེའི་ས་ཆའི་གནས་སྤོར་གྱི་སྟབས་དང་བསྟུན་ནས་རྨ་ཡུལ་སྡེར་ནང་དུ་གནས་སྤོས་ཏེ་དར་ཞིང་རྒྱས་པའི་སྐབས་སོ། ཞེས་པ་ལྟར་ན་སྡེར་ནང་ཟེར་བ་ནི་ཐོག་མར་ས་མིང་དགོན་ལ་ཤན་ཞུགས་ཤིང་། རིམ་བཞིན་དགོན་མིང་སྡེ་ལ་ཐོགས་པར་སྣང་ངོ་། ད་ལྟ་རྨ་ཡུལ་སྡེར་ནང་ཡུལ་ཚོ་ཞེས་སྲིད་འཛིན་ཡུལ་ཚོ་གཅིག་ལ་འབྲོག་བསྐོས་ཁང་གཉིས་དང་ཁྱིམ་ཚང་བཞི་བརྒྱར་ཉེ་བ་ཡོད་ཅིང་། སྡེར་ནང་དགོན་པ་ལ་ཡང་རྒྱུན་བཞུགས་བླ་གྲྭ300ལྷག་ཡོད་པ་དང་། ལོ་རེ་བཞིན་དབྱར་གནས་དང་། སྤྱི་སྲུང་། གསང་རྙིང་། སྒྲུབ་ཆེན། སྨྱུང་གནས། ཐོས་གྲོལ་སྒྲུབ་མཆོད། དགུ་གཏོར་སོགས་ཆོས་ཀྱི་བྱེད་སྒོ་མང་དུ་ཡོད་ལ། དེ་མིན་གཞུང་མཚན་ཉིད་དང་། སྡེར་ནང་ས་བྲིས་སོགས་ཀྱི་ཁྲིད་འཆད་ཉན་ཡང་ཡོད། 

སྡེར་ནང་ས་བྲིས་ཟེར་བ་ནི། ངག་རྒྱུན་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས། ཁམས་ཕྱོགས་སུ་གདུལ་བྱ་རྫོགས་ཏེ་ཕྱིར་དབུས་གཙང་སུ་བྱོན་སྐབས། རང་གི་སྨྱུ་གུ་ནམ་མཁའ་ལ་མཆོད་དེ་མགོན་པོ་ཚོགས་བདག་ལ་གཉེར་བཅོལ་བྱས་ཤིང་། མ་འོངས་བར་སྐལ་ལྡན་སུ་ཡི་ལག་ཏུ་རྙེད་ཚེ་དེས་རང་གི་བྲིས་རྒྱུན་སྤེལ་བའི་སྨོན་ལམ་བཏབ། ཕྱིས་སུ་ས་ངན་བླ་མ་བསྟན་འཛིན་གྱི་ལག་ཏུ་རྙེད་ནས་བྲིས་རྒྱུན་འདི་དར་སྤེལ་བྱས་པ་ཡིན་ཟེར་བ་དང་། དེ་བཞིན་དུ་སྡེར་ནང་གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར་གྱི་ས་བྲིས་ལོ་རྒྱུས་སུ་ཡང་ས་བྲིས་འདི་ནི་བོད་ཀྱི་མིག་འབྱེད་དམ། ལོ་ཙཱ་བ་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བའི་སངས་རྒྱས་དངོས་བྱོན་སྒྲ་སྒྱུར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་གདུལ་བྱ་རྫོགས་ཕྲལ་དབུས་སུ་ཕེབས་སྐབས། སྨྱུ་གུ་གསུམ་ནམ་མཁའ་ལ་དོར་ཏེ་སྨོན་ལམ་བཏབ་ཅིང་ཚོགས་བདག་ལ་ཉེ་བར་བཅོལ་ནས། ནམ་ཞིག་འདི་དང་འཕྲད་པའི་ལས་ལྡན་མ་བྱུང་བར་དུ་གཉེར་དམ་གྱིས་གསུངས་ནས་རྒྱས་བཏབས་པ། ཕྱིས་སུ་ལས་དང་སྐལ་བ་སྨོན་ལམ་གསུམ་འཛོམས་པའི་ས་ངན་བསྟན་འཛིན་གྱིས་རྙེད་ནས་དེས་རྐྱེན་གྱིས་ཡི་གེ་འདི་ཡིག་རྐྱེན་གཞན་ལ་མ་ལྟོས་པར་ཁོ་རང་བྱིན་རླབས་དང་སྨོན་ལམ་གྱི་མཐུ་ཟབ་མོ་བརྡོལ་ནས་རྣམ་རིག་ཡིག་གཟུགས་སུ་འཕོས་པའི་ནུས་མཐུ་ཅན་དུ་སད་པ་ཡིན་སྐད་ཅེས་དང༌། མགོ་ལོག་སྨན་རྩིས་རིག་གནས་ལོ་རྒྱུས་སུ་ཡང་ལོ་ཆེན་བཻ་རོ་རྒྱལ་མོ་རོང་ནས་ཡར་ཕེབས་སྐབས་བྲིས་སྨྱུག་ནམ་མཁར་འཕངས་ཏེ། མགོན་པོ་ཚོགས་བདག་ལ་གཉེར་དམ་བཅོལ།མ་འོངས་པར་སྨྱུ་གུ་འདི་སུ་དང་འཕྲད་ན། དེའི་བདག་གི་བྲིས་རྒྱུན་རྩོལ་མེད་དུ་ཤེས་པར་ཤོག་ཅེས་ཐུགས་སྨོན་མཛད་པ། སླར་ས་ངན་བླ་མ་བསྟན་འཛིན་ཞེས་པའི་ཕྱག་ཏུ་ལྟས་མཚན་བཟང་པོ་དང་བཅས་འབྱོར་ནས། འཕྲིན་ལས་ཁྱད་པར་ཅན་གྱི་དབུ་མེད་གཟབ་མའི་བྲིས་ཚུགས་བྱུང་བའི་མིང་ཡང་ས་བྲིས་སུ་ཐོགས་ཞེས་གསུངས། དེ་ནས་སྡེར་ནང་འཇང་བླ་དང་ཀ་ཐོག་ལྕམ་བླ་སོགས་ཀྱིས་སྦྱང་སྟེ་དར་ཁྱབ་ཏུ་སོང་ནས་ད་ལྟའི་བྲིས་རབས་བརྒྱད་པ་ལ་ཐོན་པར་བཞེད་དོ། །

སྡེར་ནང་ས་བྲིས་ཞེས་ཐོགས་དོན་ཡང་གོང་གསལ་ལྟར་བྲིས་འདི་ཐོག་མར་ཡུལ་མགོ་ལོག་གི་སྡེར་ནང་ཚོ་བར་དར་བས་སྡེར་ནང་དང་། བྲིས་རབས་ཐོག་མའམ་བྲིས་ཁུངས་གཙོ་བོ་ནི་ས་ངན་བསྟན་འཛིན་ཡིན་པས་ས་བྲིས་སུ་བཏགས་པ་ཡིན།

གཞན་ཡང་སྔོན་གྱི་ཚེ་ས་བྲིས་འདི་འབྲི་སྐབས་ས་མགོ་ཅུང་ཆེ་བར་འབྲི་དགོས་པས་ས་བྲིས་ཟེར་སྲོལ་ཡང་ཡོད་ལ། རྗེས་སུ་ཡི་གེའི་ཆ་ཚད་དང་སྤྱི་ཁོག་སོགས་ལ་དམིགས་ནས་ས་མགོ་ཆུང་བར་བྱས་མོད་ཀྱང་མིང་དེ་ལྟར་ལུས་པའི་བཤད་སྲོལ་ཞིག་ཡོད་པ་དགེ་རྒན་སེང་དར་ལ་བྲིས་རྒན་པད་གྲགས་ཀྱིས་གསུང་བར་རྒན་དམ་པ་ཁོང་གིས་གསུངས་སོ། །

སྤྱི་ལོ2008ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བདམས། 

2 སྡེར་ནང་ས་བྲིས་ཀྱི་བྲིས་རབས་ངོ་སྤྲོད།

ཡུལ་མགོ་ལོག་ཏུ་སྡེར་ནང་ས་བྲིས་ནི་དམངས་ཡོངས་རང་བཞིན་གྱིས་སྦྱང་བའི་ཤེས་བྱ་ཞིག་ཡིན་ཟེར་ཆོག་སྟེ། སྔོན་གྱི་དུས་སུ་ཡུལ་མགོ་ལོག་ཏུ་སྡེར་ནང་གཙོར་བྱས་པའི་ས་ཕྱོགས་སོ་སོར་ཡི་གེ་ཤེས་མཁན་ཞིག་ཡིན་ཕྱིན་ཕལ་ཆེར་བྲིས་མི་སྦྱང་མཁན་ཉུང་ཉུང་ཡིན་པ་དང་། བྲིས་ལ་ལྟ་མི་ཤེས་མཁན་དང་རོལ་མྱང་མཁན་དེ་བས་ཉུང་ཤས་ཡིན། དེར་བརྟེན་མགོ་ལོག་ནས་བྲིས་པ་ཆེན་པོར་ཆགས་དགོས་ན་ཡིག་གཟུགས་ཀྱི་བྱང་ཚད་ངེས་ཅན་ཞིག་ཏུ་ཐོན་མེད་ཚེ། ཀུན་གྱིས་ཁས་ལེན་ཅུང་དཀའ་མོ་ཡིན། དེ་ལྟ་མོད་ཀྱང་ཡུལ་འདིར་ཕུལ་དུ་བྱུང་བའི་བྲིས་པ་གང་མང་མང་ཞིག་བྱུང་ཡོད་པས་འདིར་འགའ་ཞིག་ཞུ་བར་བྱའོ།

བྲིས་རབས་དང་པོ།

ས་བྲིས་ཐོག་མ་ས་ངན་བླ་མ་བསྟན་འཛིན། 《རྨ་ཡུལ་སྡེར་ནང་དགོན་གྱི་གདན་རབས་དང་སྡེར་ནང་ས་བྲིས་ཀྱི་ལོ་རྒྱུས་རུས་མཛོད》དུ་ཁོང་གི་མཚན་ལ་འཇང་བླ་མ་བསྟན་འཛིན་ཡང་ཟེར་ཞེས་བཀོད་ཡོད། རབ་བྱུང་བཅུ་གཉིས་པའི་སྨད་ཙམ་ལ་བྱོན་ཡོད་པར་སྣང་། སྔོན་བཻ་རོའི་སྨོན་ལམ་དུས་སུ་སྨིན་ཏེ་ཁོང་གིས་སྨྱུ་གུ་དང་ས་ཤོག་སོགས་གཏེར་ནས་བཞེས་ཤིང་། བཻ་རོའི་བྲིས་རྒྱུན་དེ་ཉིད་རང་ཤུགས་ཀྱིས་མཁྱེན་ཞིང་། བྲིས་དེ་ཡང་ཁོང་གིས་གསར་སྤེལ་བགྱིས་ཏེ་བོད་མི་རིགས་ལ་ཆེས་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འདི་བཞག་པར་མ་ཟད། ཁོང་གིས་བྲིས་སློབ་ཡང་ཀཿཐོག་ལྕམ་བླ་རིན་པོ་ཆེ་སོགས་བསྐྱངས་པར་བཤད།

བྲིས་རབས་གཉིས་པ།

བྲིས་རབས་གཉིས་པ་ཀཿཐོག་ལྕམ་བླ། 《ཀཿཐོག་ཆོས་འབྱུང》ལས། ལྕམ་སྤྲུལ་རྡོ་རྗེ་འཆང་ཀུན་གཟིགས་འཇིགས་མེད་རྡོ་རྗེ་ནི། སི་ཏུ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སློབ་གཙོ་བོ་ཡིན། སྐུ་ཚེའི་སྨད་ལ་སྒྲུབ་པ་ཁོ་ནས་བཅད་རྒྱར་བཞུགས། དགེ་རྩེ་ཚེ་དབང་རིག་འཛིན་རྒྱ་མཚོ། ཛ་སྤྲུལ་ཀུན་བཟང་རྣམ་རྒྱལ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། ཁ་སར་གཏེར་སྟོན། མཁན་རྒན་རིག་འཛིན་རྒྱ་མཚོ་སོགས་ཀྱང་རྗེ་འདིའི་ཞབས་ལ་གཏུགས་པ་ཡིན་ནོ་ཞེས་གསུངས་པའི་ལྕམ་སྤྲུལ་དང་། ང་ཚོས་བཤད་པའི་ས་བསྟན་གྱི་སློབ་མ་ཀཿཐོག་ལྕམ་བླ་གཉིས་དོན་དུ་གཅིག་ཡིན་པར་ཀཿཐོག་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་གསུངས་སོ།། ས་བྲིས་དེ་ཉིད་སྡེར་ནང་མ་ཡིན་པའི་ས་ཆ་སོ་སོར་དར་སྤེལ་བྱས་ཡོད་པ་འདྲ་བོ་འདུག རྒྱུ་མཚན་ནི་བྲིས་རྒྱུད་ལ་སྐད་གྲགས་ཡོད་པའི་ད་ལྟའི་ལྡ་ཐ་མའི་ནང་དེར་བྱོན་པའི་རོང་ཐའི་བསོད་ནམས་དབང་ཕྱུག་ཞུ་བ་དང་། ཁོང་གི་དགེ་རྒན་ཡིན་པར་བཤད་པའི་ཁུ་བྱུག་ཞུ་བ་སོགས་ས་གནས་སོ་སོར་བྲིས་པ་མང་པོ་བྱུང་ཡོད་པར་མ་ཟད། ས་ཆ་མང་པོ་ལ་ས་བྲིས་ཀྱི་ཚུགས་དང་གཅིག་མཚུངས་ཡིན་པའི་བྲིས་ཡང་མཇལ་རྒྱུ་འདུག་པའི་ཤེས་ཐུབ་བོ།།

བྲིས་རབས་གསུམ་པ།

འཇང་བླ་མ་བསྟན་འཛིན། ཁོང་ནི་ཀཿཐོག་ལྕམ་བླའི་སྐུའི་རིང་དུ་ཀཿཐོག་ཏུ་གྲྭ་སར་བྱོན་ནས་རྗེ་དེའི་ཞབས་ལ་གཏུགས་ཏེ་ས་བྲིས་ཡིག་ཆེན་དང་། ཡིག་འབྲིང་། ཡིག་ཆུང་སོགས་ལེགས་པར་སྦྱང་བ་དང་། གཞན་ཡང་ལྕམ་སྤྲུལ་གྱི་མདུན་ནས་ཆོས་ཀྱི་གདམས་ངག་མང་པོ་གསན་བཞེས་མཛད་ཅེས་གྲགས།

བྲིས་རབས་བཞི་པ།

ཁྲ་སྙན་གྲགས། ཡབ་ཁྲ་ཚེ་འབུམ་རྒྱས་དང་། ཡུམ་མཁར་བཟའ་བདེ་སྒྲོན་གཉིས་ལ་སྲས་བཞི་ཡོད་པའི་ནང་གི་ཐ་ཆུང་ཡིན་ཞིང་སྤྱི་ལོ1836ལ་སྐུ་བལྟམས། ཁོང་གི་མཚན་ལ་ཆུང་དུས་ནས་ཕ་མས་སྙན་གྲགས་ཅེས་འབོད། དགུང་ལོ་ཆུང་ངུའི་དུས་ནས་ཕ་མས་བཀའ་གནང་ལྟར་རབ་བྱུང་བྱེད་འདོད་བྱུང་སྟེ་འདོན་ཆ་རྣམས་ལ་སྦྱང་བ་ལེགས་པར་བྱས། རྒྱུན་དུ་དགོན་པར་བཞུགས་པ་ལས་གྲོང་ཆོག་སོགས་ལ་མི་བྱོན་པར་བྲིས་ཀྱི་སློབ་དཔོན་ཆེན་མོ་འཇང་བླ་མ་བསྟན་འཛིན་གྱི་ཞབས་ལ་གཏུགས་ཏེ། ཁོང་གི་ཚེ་གང་གི་བྱ་རིམ་ཡོངས་ཀྱི་ནང་ནས་ཕྱག་བྲིས་གནང་བ་གཙོ་བོར་བཟུང་ཞིང་ཕྱག་བྲིས་ཁོ་ན་འབྲི། བྲིས་འབྲི་སྐབས་སུ་ཉིན་རེ་ལ་ཡིག་ཆེན་ཤོག་གྲངས་བཅུ་རེ་ཆད་མེད་དུ་འབྲི། དེ་ལྟར་ཁོང་གི་སྐུ་ཚེའི་སྟོད་ལ་བྲིས་ཀྱི་ཕྱོགས་ཁོ་ན་ལ་བརྩོན་པར་མ་ཟད། དགུང་ལོ་ཧ་ཅང་མཐོ་བའི་སྐབས་སུ་ཡང་སྤྱན་གྱིས་མི་མཐོང་བ་དང་། ཕྱག་གིས་སྨྱུ་གུ་མི་དོམ་སྐབས་སུ་ཡང་དཀའ་སྤྱད་དང་སྙིང་རུས་ཀྱིས་མཛུབ་མོ་བལ་གྱིས་དཀྲིས་ཏེ་ཕྱག་བྲིས་གནང་བའི་ཚེ་མདོ་ཞིག་ཁྲ་བླ་བློ་རྒྱམ་གྱིས་མཇལ་མྱོང་གསུངས། ཁོང་གིས་ཕྱག་བྲིས་ཀར་གླིང་ཞི་ཁྲོ་དེབ་གྲངས་བཅོ་ལྔ་རེ་བྲིས་པ་དང་། གཞན་པའི་ཡིག་ཆ་ཅི་མང་བྲིས་ཀྱང་ད་ལྟ་ང་ཚོའི་མཇལ་རྟེན་དུ་མ་གྱུར་བས་ཕངས་བའི་གནས་སུ་གྱུར། འོན་ཀྱང་དེང་སང་ད་དུང་བཞུགས་ཡོད་པ་ནི། མགོན་པོ་གཅིག་དང་། ཀར་གླིང་ཞི་ཁྲོ་གཅིག ཀློང་གསལ་ཆོ་ག་གཅིག ཡང་གསང་བླ་མེད་སྒྲུབ་ཁོག་དང་བཅས་པ། པདྨ་བཀའ་ཐང་གཅིག་བཅས་དགོན་པ་དང་ཚོ་བའི་ནང་དུ་བཞུགས། ཁོང་གི་སྐུ་ཚེ་གང་ལ་ཕྱག་བྲིས་གནང་བ་ཐམས་ཅད་ཀྱི་ནང་ནས་ཆེས་ཡག་ཤོས་ནི། སྐུ་གསུམ་ཆོ་ག་དང་། ཞལ་འདོན་དུམ་པ་གཉིས་ཡོད། ཁོང་གི་བྲིས་ཀྱི་སློབ་མའི་གཙོ་བོ་ནི་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེ་དང་། ཁྲ་མཁན་པོ་སངས་ཕུན། ཁྲ་མཁྱེན་བརྩེ། ཨ་པང་འཇམ་དབྱངས། ཁྲ་བདེ་ཆེན། ཁྲ་ཚུལ་བཟང་། ཁྲ་བཟའ་སངས་སྒྲོན། མགོ་ལོག་ཚེ་བཟང་། ཁྲ་བསམ་གཏན་སོགས་ཡོད། དེ་དག་གི་ནང་ནས་ཁོང་གི་ཐུགས་བརྩེ་ལྷག་པར་ཏུ་ཆེ་བ་དང་། བྲིས་ཀྱི་རྒྱུད་འཛིན་མཁན་པོ་ནི་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེ་ཡིན་ནོ། དེ་ལྟར་སྐུ་ཚེ་ཧྲིལ་བོར་གསུང་རབ་མང་པོ་ཕྱག་བྲིས་གནང་སྟེ་རླབས་ཆེན་གྱི་བྱས་རྗེས་རྒྱ་ཆེན་པོ་བཞག་མཐར་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་དེ་སྤྱི་ལོ1924ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ།།

བྲིས་རབས་ལྔ་པ།

བྲིས་རབས་ལྔ་བ་བྱ་མཁན་སྤྲུལ་འོད་གསལ་རིག་པའི་རྡོ་རྗེ། ཡབ་བྱ་གཟུངས་ཆེན་རྒྱལ་དང་། ཡུམ་མཚོ་ཏེ་གཉིས་ཀྱི་སྲས་སུ་སྤྱི་ལོ1847བོད་རབ་བྱུང་བཅུ་བཞི་པའི་མེ་ལུག་ལོར་སྐུ་བལྟམས། དགུང་ལོ་ཆུང་ངུའི་དུས་ནས་ཁུ་བོ་ཡོན་ཏན་གྱིས་བོད་ཡིག་གི་སློབ་དཔོན་བྱས་ཏེ་ཆོས་སྤྱོད་སོགས་འདོན་ཆའི་སྐོར་རྣམས་དཀའ་སྤྱད་མཛད་དེ་ལེགས་པར་སྦྱངས། སྐུ་ན་ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིགས་སད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མིན་ཐུགས་རྒྱུད་ལ་འཁྲུངས་ནས། འགྲོ་བ་ཡོངས་ལ་འཚེ་བ་སྤངས་ཏེ་ཞི་བདེ་གནས་ཐབས་ཁོ་ན་མཛད་པ་ལས། སྐུ་ཚེ་གང་ལ་ཐུགས་ཁྲོ་བཞེས་པ་མཐོང་མྱོང་མེད་ཅེས་རྒན་རབས་ཡོངས་ཀྱིས་བསྔགས་བརྗོད་ཚད་མེད་གནང་གི་འདུག

ཁོང་གི་ཞལ་གསུང་ཡང་སྤྱོད་འཇུག་གི་འགྲེལ་བ་ཞིག་དང་། ཞལ་འདོན་སོགས་ཡོད་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་གཏོར་བརླགས་སུ་ཤོར། ཁོང་གི་བྲིས་སློབ་གཙོ་བོ་ནི་གློ་སྤྲུལ་ཀ་དག་ཡེ་ཤེས་རིན་པོ་ཆེ་དང་། གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར། ཨ་ཉ་བླ་མ་འོད་བསྟན། ཞིང་ལ་བླ་མ་ལེགས་གྲུབ། མགར་བ་བླ་མ་ཆོས་བློ། རི་སེར་འོད་ལོ་སོགས་ཡོད། རིན་པོ་ཆེ་མཆོག་གི་ཕྱག་བྲིས་ནི། རྫོགས་ཆེན་གྱི་སྐོར་དང་། ཞལ་འདོན་སོགས་མང་པོ་ཡོད་ཟེར་ཡང་ད་ལྟ་མི་བཞུགས། ཕལ་ཆེར་གོང་དུ་བཀོད་པ་བཞིན་རིག་གནས་གསར་བརྗེ་ཆེན་མོའི་སྐབས་བརླགས་སོང་བར་སྙམ། དེང་སང་མཇལ་རྒྱུ་ཡོད་པ་ནི་སྤྱོད་འཇུག་གི་རྩ་བ་ཞིག་དང་། བསྐྱེད་རྫོགས་ཟིན་བྲིས། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ། ཀ་དཔེ། སྙིང་ཐིག་ཡུམ་ཀ་བདེ་ཆེན་རྒྱལ་མོ། ཀར་གླིང་ཞི་ཁྲོ། དཔལ་ཡུལ་པའི་ཞལ་འདོན་དུམ་པ་གཅིག་བཅས་ཡོད། སྤྱིར་བྲིས་དེ་ཡང་བརྒྱུད་པ་དང་བརྒྱུད་པའི་བར་ཅུང་མི་འདྲ་བ་རེ་ཡོད་པ་ཕྱག་བྲིས་རྣམས་ལ་བལྟས་ན་ཤེས་ཐུབ། འོན་ཀྱང་དེ་ནི་བྲིས་པ་སོ་སོའི་ལག་རྩལ་ལ་ཁྱད་པར་ཡོད་པས་སོ།། བྱ་བླ་མ་ཁོང་གི་སྐབས་སུ་ཡང་ས་བྲིས་ཀྱི་གཟུགས་ལ་འགྱུར་བ་ཅུང་ཙམ་སོང་ཟེར་བ་དེའི་རྒྱུ་མཚན་ཡང་། ཁོང་གིས་ལྷ་བྲིས་ན་ཧ་ཅང་གི་ཕྱག་བདེ་མོ་ཅན་ཞིག་ཡིན་ཁར། ཁོང་ལ་གསར་གཏོད་ཀྱི་སྤོབས་པ་ལྡན་པས་ས་ངན་བསྟན་འཛིན་གྱི་ཕྱག་བྲིས་ལ་གཞི་བཅོལ་ནས་ས་བྲིས་ཀྱི་དཀར་ནག་གི་ཆ་དང་། ཟག་ཕབས་ལུགས་སོགས་ལ་འགྱུར་བ་ཆེ་ཙམ་གསར་བཏོད་མཛད་པས། སྡེར་ནང་ས་བྲིས་བྲིས་རབས་རིམ་བྱོན་གྱི་ཡིག་གཟུགས་ལ་དཔྱད་བསྡུར་ཞིག་བྱས་ན། ཁོ་བོའི་རྨོངས་ཚོད་དུ་བྱ་བླ་མའི་སྐུ་རིང་ནས་སྡེར་ནང་ས་བྲིས་འདི་ལ་ད་གཟོད་དོན་དངོས་ཀྱི་རང་རྐང་དོད་པའི་བྲིས་རྒྱུན་ཞིག་ཆགས་པར་སྙམ་མོ། མཐར་དགུང་གྲངས་དོན་བརྒྱད་སྟེ་བོད་ཤིང་ཕོ་བྱི་བའི་ལོའམ་སྤྱི་ལོ1924ལ་གསང་བ་སྔགས་ཀྱི་ནང་དུ་གསལ་བ་ཇི་བཞིན་ས་གཡོ་བ་དང་། འཇའ་ཤར་བ་སོགས་ངོ་མཚར་བའི་རྟགས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་མོ།།

བྲིས་རབས་དྲུག་པ།

བྲིས་རབས་དྲུག་པ་གློ་སྤྲུལ་ཀ་དག་ཡེ་ཤེས། ཡབ་གློ་གཡུ་པོའམ་གཡུ་རྩེ་བསྟེན་དང་། མ་ཡུམ་མགར་བཟའ་གསེར་ལོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ1906ལོར་སྡེར་ནང་རབ་ཁ་མདའ་བར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དགུང་ལོ་དྲུག་གི་སྟེང་ཁུ་བོ་བླ་མ་བཤད་སྒྲུབ་ཀྱི་མདུན་དུ་བོད་ཡིག་གསལ་བྱེད་ནས་དབུ་བརྩམས་ཏེ་སྔ་འགྱུར་སྙིང་མའི་འདོན་ཆ་ཡོངས་རྫོགས་ལ་སྦྱང་བ་ལེགས་པར་བྱེད་སྐབས་ཁུ་བོ་བླ་མས་བཀའ་བཀྱོན་དང་། ཕྱག་འབེབས་མང་པོ་གནང་བས་དཀའ་ཁག་རྒྱ་ཆེན་པོ་ཁུར་བའི་ལོ་རྒྱུས་ཡོད་ཀྱང་། རྗེས་སོར་འདོན་ཕྱག་ལེན་དང་གར་དབྱངས་ཐིག་གསུམ་ལ་མཁས་པར་གྱུར་ཏེ། འདོན་གཤིབ་བྱེད་ཚེ་རང་དགོན་གྱི་བླ་གྲྭ་ཡོངས་ཀྱི་རྩེ་བུད་ཞིག་ཡིན་པས་ཁོང་གི་སྔོན་དུ་ཤོར་མཁན་གཅིག་ཀྱང་མེད་པར་བཞེད། དགུང་ལོ་བཅུ་གཅིག་སྟེང་སྡེར་ནང་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེའི་མདུན་ནས་གླིང་སྤྲུལ་སྐྱབས་འགྲོ་སོགས་དང་ཁྱད་པར་དུ་བོད་ཡིག་ས་བྲིས་ཡིག་ཆེན་དང་། ཡིག་འབྲིང་། ཡིག་ཆུང་། འབྲུ་ཚ་བཅས་ལེགས་པར་སྦྱངས། རྗེས་སུ་ཁོང་གིས་བྲིས་ལ་བརྩོན་པ་རྒྱ་ཆེར་བྱས་པ་དང་། སྐོར་མང་པོར་བྱ་བླ་མའི་མདུན་དུ་བྱོན་ཏེ་ས་བྲིས་སོགས་ཀྱི་ཕྱོགས་ལ་བླ་མའི་མདུན་ནས་གདམས་ངག་མང་པོ་ཞུས་པས་བྱ་བླ་མའི་སློབ་མའི་གཙོ་བོ་དང་། སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ཆེན་པོར་གྱུར། ཕྱིས་སུ་དུས་འགྱུར་གྱི་དབང་གིས་དགུང་ལོ་ལྔ་བཅུ་རྩ་གསུམ་སྟེང་རིམ་བཞིན་རྫོང་དང་། ཁུལ། ཟི་ལིང་བཅས་ཀྱི་ཁྲིམས་ཁང་དུ་ཁྱེར་ནས། དེར་བཞུགས་སྐབས་གོང་རིམ་རྣམས་ཀྱི་རིག་གནས་སྦྱང་དགོས་ཟེར་བས་ཁྲིམས་མི་རྣམས་ཀྱིས་སློབ་སྦྱོང་བྱས་ཏེ་བྲིས་འབྲི་སྐབས་ལཉྫ་དང་། ཝརྟུ། དབུ་མེད་སོགས་བྲིས་པས་ཁྲིམས་ཁང་དེར་བཞུགས་པའི་བླ་སྤྲུལ་བརྒྱད་བརྒྱ་ལྷག་ཡོད་པའིི་ནང་ནས་གློ་སྤྲུལ་ཀ་དག་ཁོང་གི་ཕྱག་བྲིས་ཀྱི་ཡག་གཅིག་ཀྱང་མ་བྱུང་། ཁོང་ཁྲིམས་ཁང་དེར་བཞུགས་སྐབས་དྷི་ཚ་རི་ཁྲོད་ཀྱི་ཨ་ལགས་གསུང་རབ་རྒྱ་མཚོའི་ཚ་བུ་ཞིག་ཡོད་པ་དེ་ཁྲིམས་ནས་བཙོན་བཀྲོལ་བཏང་སྐབས། སྤྲུལ་ཀ་དག་ལ་ཁྱེད་ཀྱི་ཕྱག་བྲིས་དང་རྩོམ་ཡིག་ཅིག་འབྲི་རོགས་ཞུས་པས། ཁོང་གིས་ཤོ་ལོ་ཀ་གཉིས་བརྩམས་ཤིང་འབྲི་རོགས་བྱས་ནས་གནང་། དེ་ཕྱིར་རང་ཡུལ་ལ་བྱོན་ནས་རྩོམ་དང་བྲིས་དེ་གཉིས་ཨ་ལགས་གསུང་རབ་རྒྱ་མཚོ་ལ་ཕུལ་ཏེ། མགོ་ལོག་གི་གློ་སྤྲུལ་ཀ་དག་ཞུ་བ་དེའི་ཕྱག་བྲིས་དང་རྩོམ་ཡིག་རེད་ཞུས། ཁོང་གིས་གཟིགས་རྗེས་འདི་འདྲ་བའི་སྙན་རྩོམ་ཡག་པོ་ཞིག་དང་བྲིས་ཡག་པོ་ཞིག་སྲིད་ན་དཀོན་པར་འདུག  མགོ་ལོག་ཕྱོགས་ན་དེ་འདྲའི་མཁས་པ་ཡ་མཚན་ཅན་ཡོད་ན་ཅིའི་ཕྱིར་ཡིག་མཁན་མཁས་པའི་ཚད་དུ་མི་འཇོག་ཅེས་བསྔགས་བརྗོད་གནང་བར་མ་ཟད། མགོ་ལོག་ཁུལ་ཐོག་ཏུ་ལོན་ཐབས་བྱས་ན་ཡག་པོ་རེད་གསུངས་ཏེ། ཕྱིས་སུ་དགུང་ལོ་ང་བདུན་གྱི་སྟེང་ཁྲིམས་ནས་དགེ་བཤེས་གསུང་རབ་རྒྱ་མཚོའི་ཐབས་བཀོལ་གྱིས་ཕྱིར་བྱོན་ཐབས་བྱུང་། སྤྲུལ་རིན་པོ་ཆེས་སློབ་བུ་རྣམས་ལ་ང་ཁྲིམས་ནས་བུད་ཐུབ་པ་ནི་དགེ་བཤེས་གསུང་རབ་རྒྱ་མཚོ་དང་། ངའི་ཆོས་སྐྱོང་གི་གཙོ་བོ་གནོད་སྤྱིན་ཡང་ལེ་བར་གཉིས་ཀྱི་བཀའ་དྲིན་ཡིན་གསུངས།ཁྲིམས་ནས་ཕྱིར་རང་ཡུལ་དུ་བྱོན་ཡང་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་དང་ཐུགས་ནས་བྲིས་རྒྱུན་ལེགས་པོ་སྤེལ་མ་ཐུབ། ཁོང་གི་སྐུ་ཚེ་གང་ལ་གཞན་ལ་སྡང་སེམས་ཀྱི་ཁོང་ཁྲོ་སྐྱེ་མ་མྱོང་ཞེས་བཤད་པ་དོན་ལ་གནས། འདི་ལྟ་བུའི་མཛད་སྤྱོད་དག་ལ་དཔག་ན་རྣམ་དཔྱོད་ལྡན་པའི་སྐྱེ་བོ་དག་གིས་ངེས་པར་དུ་ཁོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་སྟེང་ན་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་ཡིད་ཆེས་བྱེད་ཐུབ་པ་ཞིག་ཡིན་ནོ།། རིན་པོ་ཆེ་མཆོག་ནི་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བའི་མཁས་པ་ཞིག་ཡིན་པར་མ་ཟད། སྐབས་དེར་བོད་ཡིག་དབུ་མེད་སྡེར་ནང་ས་བྲིས་འབྲི་སྲོལ་གཅིག་པུ་ལ་ཡང་བྱ་བླ་མ་དང་། ཁོང་རྣམ་གཉིས་ཀྱི་བྲིས་ལྟ་བུ་ཐོན་མཁན་གཅིག་ཀྱང་མེད་སྟབས། ཀཿཐོག་སི་ཏི་ཆོས་ཀྱི་རྒྱ་མཚོ་དང་། རྡོ་གྲུབ་རིན་པོ་ཆེ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་སོགས་དམ་པ་དུ་མས། སྤྱིར་སྡེར་ནང་ས་བྲིས་དང་ཁྱད་པར་དུ་ཁོང་གཉིས་ཀྱི་ཕྱག་བྲིས་ནི་མཐོང་གྲོལ་ཡིན་པར་ཞལ་གྱིས་བཞེས། གཞན་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་གློ་སྤྲུལ་ཀ་དག་གི་ཕྱག་བྲིས་སུམ་བུད་ཅིག་ལ་མཇལ་ཚེ། མགོ་ལོག་ལ་འདི་འདྲ་བའི་ཡིག་མཁན་མཁས་པ་ཡོད་ན་བདག་ནི་ཡི་གེ་བའི་མིང་ཙམ་དུ་ཟད་དོ། ཞེས་བསྔགས་བརྗོད་མཛད་པར་གྲགས་སོ། ད་ལྟ་ཁོང་གི་ཕྱག་བྲིས་ཀར་གླིང་ཞི་ཁྲོ་མཆོག་ལྷ་རྣམས་པད་མ་དངོས་གྲུབ་ཀྱིས་ལྷ་རིས་བགྱིས་པ་ཞིག་ཡོད་པས། དེ་ནི་མཇལ་བ་ཙམ་གྱིས་ཡིད་དབང་མེད་དུ་འཕྲོག་པར་འགྱུར་བ་ཞིག་གོ གཞན་ཡང་ཁོང་གིས་ཕྱག་བྲིས་ཀྱི་སྐོར་ནི། རྡོར་སེམས་བླ་མཆོད་དང་། སྙིང་ཐིག་རྩ་གསུམ་སོགས་གསར་རྙིང་རིས་མེད་ཀྱི་ཞལ་འདོན་ཕྱོགས་བསྒྲིགས་གཅིག གཟུངས་འབུར་ལག་ལེན་ལྡེབ་གྲངས་བཞི་བཅུ་ཡོད་པ་ཞིག སྨིན་གླིང་རྡོར་སེམས་རུས་ཚ་དང་བཅས་པ། སྤྱོད་འཇུག་རྩ་བ་ཞིག ཆེ་བོས་སྤྲུལ་སྐུའི་གསུང་དུམ་ཆེན་གསུམ་ཡོད་པ་སོགས་ཕྱག་བྲིས་ཧ་ཅང་མང་ནའང་རིག་གསར་སྐབས་མེ་སྦྱང་དང་། རླུང་སྐུར་སོགས་བྱས་ཏེ་ད་ལྟ་མི་བཞུགས་པ་ཡང་མང་ངོ་།། ཁོང་གི་བྲིས་སློབ་གཙོ་བོ་རྣམས་ནི། ཁྲ་བྲིས་རྒན་པད་གྲགས་མཆོག་དང་། ཁྲ་བླ་མཆོག་རིས། མགར་བཟའ་རིན་སྐྱིད། གདོང་གཡོན་མཁན་པོ་རིག་དཔལ། དམེ་ཚང་དགེ་འཕེལ། རི་སར་འོད་ལོ། རྡོ་བླ་བློ་སྙན། གསའ་སྤྲུལ་འོད་མཆོག་སོགས་མང་ངོ་།། མཐར་དགུང་གྲངས་དོན་དགུ་སྟེ་སྤྱི་ལོ1985ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་འཛིན་བཟློག་ཕྱིར། སྐུ་གཟུགས་གླང་ཆེན་ཉལ་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།

བྲིས་རབས་བདུན་པ།

སྡེར་ནང་ས་བྲིས་ཀྱི་བྲིས་རབས་བདུན་པ་ཁྲ་བྲིས་ཆེན་པད་གྲགས་ནི། ཡབ་ཁྲ་ཀུན་ལྡེའུ་དང་། ཡུམ་ཞིང་བཟའ་འོད་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཐ་མ་སྟེ་སྤྱི་ལོ1926བོད་མེ་ཕོ་སྟག་གི་ལོར་སྐུ་བལྟམས། དགུང་ལོ་བདུན་གྱི་སྟེང་ཞང་བོ་བླ་མ་ལེགས་གྲུབ་ཀྱི་མདུན་ནས་ཞལ་འདོན་གྱི་སྐོར་དང་། སྐུ་གསུམ་ཆོ་ག ཀར་གླིང་ཞི་ཁྲོ། པདྨ་བཀའ་ཐང་སོགས་མཐར་ཕྱིན་པར་སྦྱངས། འདོན་ཆ་དེ་དག་སྦྱང་ཞོར་དུ་ཞང་བོ་བླ་མས་ཕྱག་བྲིས་ཁྲིད་པ་དང་། མཚན་བརྗོད་ཀྱི་ལུང་དང་སྙིང་ཐིག་སྔོན་འགྲོ་ཁྲིད་དེ་འབུམ་ལྔ་ཆ་ཚང་བསག་ཏུ་བཅུག

དགུང་གྲངས་བཅུ་དྲུག་གི་ཐོག་ཏུ་སྤྲུལ་ཀ་དག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཀྱང་། རྗེས་སུ་དུས་འགྱུར་གྱི་དབང་གིས་སྡོམ་པ་ཕུལ་དགོས་བྱུང་སྟེ་སྐྱ་ཆས་བཞེས་ནས་དགེ་བསྙེན་གྱི་ཚུལ་དུ་བཞུགས། སྤྲུལ་རིན་པོ་ཆེ་ཀ་དག་སྙན་དགོན་དུ་བཞུགས་སྐབས་ཤིག་ལ་ཁོང་གི་མདུན་དུ་ཕེབས་ཤིང་། བྲིས་ཀྱི་སྨྱུག་ཁ་བསྒྱུར་ནས་བྲིས་སློབ་བཟང་ཤོས་སུ་གྱུར་ཏེ།ཁྱེད་དང་བདག་གཉིས་ཀྱི་བྲིས་ལ་བཟང་ངན་ཡག་བཙོག་གང་ཡང་མི་འདུག་ཅེས་བསྟོད་བསྔགས་དང་། རྒྱུད་འཛིན་པ་ཆེན་པོར་མངའ་གསོལ་མཛད་དོ།། གཞན་ཡང་སྡེར་ནང་གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར་གྱི་མདུན་ནས་ཁོང་གི་གསུང་གེ་སར་གསོལ་ཁ་ཆ་ཚང་དང་། གེ་སར་ལྷ་ལྔའི་སྲོག་དབང་བཅས་གསུངས་ནས་ཆོས་འདིའི་བདག་པོ་ཁྱེད་ཡིན་ཅེས་ཆོས་བདག་ཏུ་མངའ་གསོལ་མཛད་པ་དང་། དེ་དག་འབྲི་དགོས་ཞེས་བཀའ་ལུང་གནང་བ་ལྟར་བྲིས་ཀྱང་། རྗེས་སུ་ཁོང་ཉིད་ཁྲིམས་ཁང་དུ་བཟུང་ཤུལ་ནས་བྲིས་དེ་དག་བོར་བརླག་ཏུ་སོང་། སྤྱིར་བྲིས་ཆེན་ཁོང་ཉིད་ནི་བསམ་པ་དཀར་ཞིང་ཐུགས་གཤིས་དྲང་བས། ཁོང་ཉིད་དགུང་ལོ་བརྒྱད་ཅུ་ལ་ཕྱིན་སྐབས་ད་དུང་གྲྭ་ཆུང་རྣམས་ལ་བྲིས་ཁྲིད་པ་དང་། དུས་རྒྱུན་པར་བྲིས་ཁྲིད་འབྲི་སོགས་ཀྱི་ལས་ལ་གཞོལ་སྐབས་དཀའ་ཚེགས་ལ་མི་འཛེམ་པར་གཞན་གྱི་འདོད་བློ་སྐོང་ཅི་ཐུབ་བྱེད་སྲིད། ཁོང་ཉིད་ཆུང་ངུའི་དུས་ནས་བྲིས་ལ་སྦྱང་མོས་ཆེ་བ་ཞིག་ཡིན་པས། བྲིས་ཆོས་སྤེལ་བའི་ཚེ་ན་ཡང་ཧ་ཅང་སྡོད་ཚུགས་པོ་ཞིག་ཡིན་ཕྱིན། ཡུལ་མི་རྣམས་ཀྱིས་ངོ་མཚར་ཆེ་ཞེས་བསྟོད་བསྔགས་ཀྱི་གནས་སུ་གྱུར། སྐོར་ཞིག་ཁོང་གིས་པདྨ་དངོས་གྲུབ་ཀྱི་བཀའ་གསུངས་ལྟར། ཕུ་མང་གོང་མའི་ནང་ནས་པདྨ་བཀའ་ཐང་ཚར་གཉིས་སྐུ་མཚམས་བཅད་དེ་ཉིན་རེ་ལ་ཡིག་ཆེན་ལྡེབ་གྲངས་དྲུག་རེ་འབྲི་བར་དམ་བཅས་ཏེ་བྲིས་པས། ཕྱག་མཛུབ་བར་ཤ་ལ་གོ་རུ་ཆགས་པ་དང་། ཉིན་ཞིག་ཡར་བཞེངས་སྐབས་བྲིས་ལ་ནན་ཏན་བྱེད་ཆེ་བས་མགོ་ཡུ་འཁོར་ཏེ། མགོ་བོ་ཕུག་པའི་ངོས་ལ་གཞུས་ནས་རྨ་བཟོས་པ་སོགས་དཀའ་ཁག་མང་དུ་བྱུང་ཡང་མཇུག་མ་རྫོགས་བར་དུ་སྐུ་མཚམས་ལས་མ་གྲོལ་བ་སོགས་རྣམ་ཐར་གྲངས་ལས་འདས།

ཁོང་གི་ཕྱག་བྲིས་ཀྱི་སྐོར་ལ། གོང་གི་བཀའ་ཐང་པོད་གཉིས་དང་། སྤྲུལ་རྡོར་དགྲའི་གསུང་ཆོས་སྐོར་ལྡེབ་གྲངས་བརྒྱ་དང་ལྔ་བཅུ་ཡས་མས་དང་། ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་པོད་གཅིག ཀར་གླིང་ཞི་ཁྲོ་ཚར་བཞི། ཀློང་གསལ་སྐུ་གསུམ་ཆོ་ག་ཚར་ལྔ། བླ་མ་གཏུམ་པོའི་གསུང་ཕྱག་རྡོར་སྒྲུབ་པ་དང་། ཞལ་འདོན་པོད་གཅིག  གཅོད་ཁྲིད་པོད་གཅིག ཐར་མདོ་པོད་གཅིག་བཅས་ཁྱོན་ལྡེབ་གྲངས་བཞི་བརྒྱ་ལྷག   པད་མ་བཀའ་ཐང་ཚར་གཅིག  བཟང་སྡུད་འཇམ་གསུམ་པོད་གཅིག སྡེར་ནང་གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར་གྱི་གཏེར་ཆོས་དང་འདོན་ཆ་སོགས་པོད་གཉིས། སྙིང་ཐིག་རྩ་གསུམ། བསམ་ལྷུན་མཆོད་ཆོག་ཆེ་ཆུང་གཉིས། གསང་སྙིང་འདོན་ཆ་ཆ་ཚང་། གུ་རུའི་རྣམ་ཐར་ཟངས་གླིང་མ། ཀཿཐོག་ལུགས་ཀྱི་དབྱར་གནས་འདོན་ཆ་ཆ་ཚང་། གསོལ་འདེབས་ལེ་བདུན་མ་ཚར་ལྔ། ཚེ་མདོ་ཚར་ལྔ།ཞལ་འདོན་ཤོག་གྲངས་ཉིས་བརྒྱ་ཡས་མས་ཅན་ཞིག ངོ་མཚར་བའི་གངས་ཅན་འཕྲུལ་ལྡན་སྐུང་ཡིག་བེའུ་བུམ། གཞན་ཁ་འདོན་དུམ་པ་ལྔ་ཅན་ཞིག་སོགས་ཕ་ལམ་པོད་གྲངས་ལྔ་བཅུ་ལ་ཉེ་བ་བྲིས་ཡོད་པ་བྲིས་མཁན་ཁོང་གི་ཞལ་དངོས་སུ་ཕྲན་ལ་གསུངས་སོ།།

ཁོང་གི་སློབ་མའི་སྐོར་ལ། ཨོ་རྒྱན་སྐུ་གསུམ་གླིང་བས་གསུང་གི་བསྐུལ་ངོར་ལུང་སྔོན་དགོན་དུ་ཕེབས་ནས་མཆོག་སྤྲུལ་ཧཱུྃ་དཀར་རྡོ་རྗེ་དང་གཙང་སྐོར་བླ་མ་ཚེ་བརྟན་བསོད་ནམས་སོགས་བླ་སྤྲུལ་སུམ་ཅུ་ལྷག་ལ་ཕྱག་བྲིས་ཟླ་གསུམ་ལ་ཁྲིད་པ་དང་། མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ཆེད་ཞུས་ལྟར་སློབ་གྲྭ་དེའི་དགེ་རྒན་ཆེན་མོ་དཔལ་ཆེན་སྟོབས་ལྡན་རྒྱལ་དང་འབའ་དོན་གྲུབ་རྒྱལ་སོགས་དགེ་རྒན་བཅུ་གྲངས་ལ་ཕྱག་བྲིས་ཁྲིད། སྐབས་དེ་དུས་སུ་ཕྲན་ལ་ཡང་སྡེར་ནང་ས་བྲིས་ཀྱི་ཡིག་འབྲིང་དང་ཡིག་ཆུང་སོགས་ཞུ་རྒྱུའི་སྐལ་བ་ལྡན། གཞན་ཡང་ཨ་སྐྱོང་སྤྲུལ་སྐུ་བློ་གཅེས་ཀྱིས་བསྐུལ་ངོར་ཁྲ་གླིང་དགོན་དུ་བྱོན་ཏེ་བླ་གྲྭ་བཅུ་གསུམ་ལ་བྲིས་ཁྲིད་གནང་།རང་དགོན་སྡེར་ནང་དུ་ཡང་བླ་གྲྭ་མང་ཆེ་བར་ཕྱག་བྲིས་ལེགས་པར་ཁྲིད།

དེ་ལས་ཀྱང་སློབ་མ་གཙོ་བོ་ལ། བར་གཞིའི་བླ་མ་ཐུབ་དགེ་དང་བྷོག་ཐར། སྡེར་ནང་ཁྲ་བླ་མཆོག་རིས། མཆོག་སྤྲུལ་ཧྰུྃ་དཀར་རྡོ་རྗེ། གཙང་སྐོར་བླ་མ་ཚེ་བརྟན་བསོད་ནམས། གདོང་གཡོན་བླ་མ་སེང་གེ་དར་རྒྱས། སྤྲུལ་འཇམ་དཔལ་འཕྲིན་ལས། རྡོ་སྨད་ཆོས་འབྱོར། གདོང་གཡོན་བླ་མ་ཆོས་དཔལ། ཁྲ་འོད་ཉི། ཨ་ཉ་བསྟན་རྒྱམ། མུ་ར་ཀར་བརྟན། གློ་ངག་རྒྱམ་སོགས་མང་དུ་མཆིས་སོ།།

དེ་ལྟར་བྲིས་ཆེན་དམ་པ་གང་གིས་མི་ཚེ་ཧྲིལ་བོ་གངས་ཅན་བྲིས་ཀྱི་བསྟན་པ་གོང་དུ་སྤེལ་པའི་ལས་ཁོ་ན་ལ་གཞོལ་ཞིང་། མཐར་དགུང་གྲངས་གྱ་བཞི་བ་སྤྱི་ལོ2009ལོའི་ཟླ1པོའི་ཚེས12ཉིན་ལ་སྙུན་ཚུལ་ཅུང་ཙམ་བྱུང་ཙམ་དང་བཅས་སྐུ་ཚེའི་མཛད་པ་བསྡུས་སོ།།