རྟ་ཐོག་གནམ་མདའ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2019-06-14 10:59ལ་འགྲུབ།

རྟ་ཐོག་གནམ་མདའ།

རྟ་ཐོག་གནམ་མདའ།
རྟ་ཐོག་གནམ་མདའ་ཞེས་པ་ནི་བོད་ཟླ་དང་བོའི་ཚེས་ཉེར་བདུན་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཀྱི་གྲོལ་སྟོན་ཆེན་མོའི་ཉིན་སྔར་སྲོལ་ལྟར་རྟ་རྒྱུག་ཞོར་མདའ་འཕེན་བྱེད་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
རྟ་ཐོག་གནམ་མདའ།
དར་ཡུལ།
བོད་ལྗོངས།
དུས་ཆེན་གྱི་ཉི་མ།
བོད་ཟླ1པའི་ཚེས27ཉིན།
1 ​ངོ་སྤྲོད།

རྟ་ཐོག་གནམ་མདའ་ཞེས་པ་ནི་བོད་ཟླ་དང་བོའི་ཚེས་ཉེར་བདུན་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཀྱི་གྲོལ་སྟོན་ཆེན་མོའི་ཉིན་སྔར་སྲོལ་ལྷ་ཀླུའི་མདུན་གཞུང་གི་སྤྲོ་ཁང་ཟུར་ཡོད་ལ་བཀའ་ཤག་དང་། ཆིབས་ཞབས་ཤོད་སྐོར་ཡོངས་རྫོགས་ཕེབས། བཀའ་ཤག་གསོལ་ཐབ་ནས་གསོལ་ཇ་བཞེས་འབྲས་ཕུལ་རྗེས་ཡ་གཡོག་རྣམས་རྟ་བཞོན་ཏེ་རྒྱུག་རྩལ་ཐོག་ནས་འབེན་ལ་མདའ་འཕེན་དང་། དེ་མཇུག་བཀའ་ཤག་གཟིགས་ལམ་ཤོད་དྲུང་གཉིས་ནས་ཤིང་སྟེགས་ཞིག་གི་སྟེང་ལངས་ཏེ་སྐད་གསང་མཐོན་པོས་དབྱངས་དང་བཅས་ཏེ་འདི་ལྟར་བརྗོད།

དཔུང་བཟང་མདའ་བའི་ཚོགས་རྣམས་ཉོན། རྒྱང་མ་ཆ་རེད། འཇུ་ཐལ་ཡ་རེད། མདའ་བཟང་བོ་རྣམས་མདའ་ཡིག་ཞུ་ལ་ཤོག་ཅིག་ཝ་ཡེ། ཞེས་ལན་གཉིས་བརྗོད་དེ་མདའ་བ་རྣམས་ཀྱི་མདའ་བཀའ་དྲུང་སོ་སོའི་མིང་ཡིག་བཀོད་དེ་རྒྱང་མ་རྩལ་འདྲེན་བྱེད།

2 སྟོན་མོ།

དེ་སྐབས་རྩེ་གསོལ་ཐབ་ནས་བཀའ་ཤག་ལ་ཇ་ཞུ་དང་། དཀར་སྤྲོ་ལྔ་བརྩེགས་ཕེབས། སྐུ་སྲུང་གཟིམ་པ་རྣམས་གཟིགས་མཐོངས་གྲལ་ལ་འཁོད་དེ་ཇ་ཐུག་གི་སྟོན་མོ་གཟབ་རྒྱས་སྩལ། མདའ་རྒྱང་མ་འཇུ་ཐལ་སོ་སོའི་རིང་ཚད་ཀྱི་ཨང་རིམ་ཅི་ཐོབ་ཡ་སོར2དང་བཀའ་དྲུང1ཕེབས་ཏེ་ཨང་ཐོ་བཀོད་ནས་བཀའ་ལྷན་ལ་སྙན་འབུལ་ཞུས།

དེ་ནས་བཀའ་ཤག་སྤྲོ་ཁང་གཟིམ་ཆུང་དུ་གསོལ་ཚིགས་ལ་ཕེབས།  འདི་ཉིན་བཀའ་ཤག་ལ་གསོལ་སྟོན་སྒྲོག་རྩེ་གཟབ་རྒྱས་ཤིག་དང་།  གཞུང་ཞབས་ཤོད་སྐོར་བྱིངས་ལ་ཁ་ཆེ་ཤ་འབྲས་གཟབ་ལེགས་ཤིག་བཅས་བླ་ཕྱག་ནས་འབུལ་དགོས། གསོལ་ཚིགས་གྲུབ་རྗེས་སླར་ཡང་ཚང་མ་སྤྲོ་ཁང་དབུ་གཡབ་ཏུ་ཕེབས་འཕྲལ་གསོལ་ཇ་ཞིག་ཕེབས།

3 གསོལ་ཐང་།

འདའ་རྒྱང་མའི་ཨང་ཐོ་བཀའ་དྲུང་ནས་ཀློག་སྟེ་བླ་ཕྱག་ནས་མཚན་གྲངས་དང་། ལེགས་དར་སྩལ། དེ་ནས་བཀའ་བློན་སྐུ་སྐྱ་བོ་རྣམས་ཀྱི་དབུ་ཞྭ་བརྗེས་ཏེ་སོག་ཞྭ་དམར་བོ་བཞེས། ཞོལ་གཉེར་ནས་དངུལ་ཕོར་ནང་བཀའ་ལྷན་ལ་འཁྲུངས་གཡང་ཕུད་གཏོར་པུས་བཙུགས་ཀྱིས་ཞུས་རྗེས་གཞུང་ཞབས་མཚོད་ཆང་བཞེས་མི་དང་། བི་ཤུ་རྩལ་འགྲན་བྱེད་མི་རྣམས་ལ་དངུལ་ཕོར་ནང་འཁྲུངས་ཞུམས་མཆོད་ཆང་ཡང་ཡང་ཞུ་ཞིང་། བི་ཤུ་རྩལ་འགྲན་བྱེད་མི་རྣམས་ལ་དངུལ་ཕོར་ནང་འཁྲུངས་ཞུམས་མཆོད་ཆང་ཡང་ཡང་ཞུ་ཞིང་། བི་ཤུ་རྒྱག་མི་ཚོས་ས་དབང་རྣམ་པར་མཆོད་ཆང་བཏེགས་པ་དགྱེས་མཉེས་ཀྱིས་བཞེས་དགོས་ཡོང་། བེ་ཤུ་འབེན་ལ་ཕོག་མི་རྣམས་ལ་ས་དབང་རྣམ་པས་ལེགས་ཆང་སྩལ་བ་འཁྲུངས་ཞུ་མས་ཞུས་ཏེ་སྐུ་མདུན་དུ་པུས་བཙུགས་ཀྱིས་འཐུང་དགོས། བླ་ཕྱག་ནས་འཕྲལ་འཕྲལ་ཚ་དར་སྤྲད་པ་སྐེ་རགས་ལ་གཟེར་བས་མདའ་ཚ་པོ་རྣམས་ལ་དགོངས་དྲོ་ཁ་བཏགས་ཀྱི་ཤམ་ཐབས་ལྟ་བུ་ཆགས་ཡོང་། དེ་སྐབས་གཞུང་གི་ཟློས་གར་བ་དང་གར་ཕྲུག་རྣམས་ནས་རོལ་མོའི་བྱེ་བྲག་སྣ་ཚོགས་ཚང་བའི་རོལ་དབྱངས་སྙན་ཞིང་འཇེབས་པ་དང་། གར་གླུ་བཅས་བཏང་བས་བདེ་བའི་ཉམས་ཀྱིས་ཐུགས་བེར་བ་ལྟ་བུ་ཡོང་། དགོང་དྲོ་ཉི་རྒས་མཚམས་མཛད་སྒོ་གྲོལ་ཁར་བླ་ཕྱག་ནས་ཤང་འབྲས་བཀའ་བློན་རྣམ་པར་རྒྱ་ལྕོག་རེ་དང་། དེ་བྱིངས་ལ་ཐ་སྤག་བཞི་བརྩེགས་དང་། ཐ་སྤག3ནས2བར་གོ་ཐོབ་ཀྱིས་ཕུལ། བཀའ་བློན་རྣམ་པའི་ཤིང་འབྲས་གར་ཕྲུག་བར་བསྩལ། བླ་ཕྱག་ནས་བཀའ་བློན་རྣམ་པར་མགུལ་དར་ནང་མཛོད་དྲི་བྲལ་དང་། རིམ་སྲས་ཡན་ལ་ཨ་ཤེ། དེ་བྱིངས་ལ་ཟུབ་ཤེ། དེ་བཞིན་རྩིས་ཁང་ནས་མཇལ་དང་རེ་ཕུལ། དེ་ནས་ཆིབས་ཐོག་གཟིམ་ཤག་ཏུ་མ་ཕེབས་བར་མཇལ་དར་མགུལ་བཞེས་ཐོག་གར་ཕྲུག་པས་རོལ་ཆ་གཏོང་བཞིན་པར་ཕེབས། གཟིམ་སྦྱོང་བ་རྣམས་ཁག་བགོས་ཀྱིས་བཀའ་བློན་སོ་སོའི་གཟིམ་ཤག་བར་སྐུ་སྲུང་གིས་ཕེབས་སྐྱེལ་ཞུ་སྲོལ་བཅས་སྨོན་ལམ་རྗེས་འབྲེལ་གྲོལ་སྟོན་བཅས་ལེགས་པར་གྲུབ་པ་རེད།   

4 མཇུག་བསྡུ།

དེ་ཉིན་བཀའ་ཤག་གིས་གཙོས་ཤོད་སྐོར་ཡོངས་རྫོགས་རྫོང་རྒྱབ་ཏུ་ཕེབས་ཐོག་མཛད་སྒོ་བྱིངས་ཚེས་གསུམ་ཐོག་མདའ་ལྟར་ལ། མདའ་བ་རྣམས་ཀྱིས་མདའ་སྣེ་ཁ་གསུམ་འགྲན་བསྡུར་བྱས་པའི་ཨང་དང་བོ་གསུམ་ལ་ཁ་བཏགས་རེ་གསོལ་རས་རྟ་རེ། ཨང་གཉིས་པ་དང་ཨང་གསུམ་པར་ཁ་བཏགས་རེ་དང་གནང་ཆ་སྣམ་གོས་ལྡེང་སོགས་ཚན་གྲངས། དེ་བྱིངས་ལ་ལེགས་དར་རེ་གཡོག་སྟེ་སྨོན་ལམ་གྱི་མཛད་རིམ་ཡོངས་རྫོགས་མཇུག་སྒྲིལ་བ། བྱ་འགུལ་འདིའི་ནང་དོན་མདའ་བ་ཁྱད་པར་ཅན་དག་ལ་བཀའ་ཤག་སྲིད་གཞུང་གིས་ལེགས་སྐྱེས་སྟེར་བའི་སྟོན་མོ་ཡིན་པས་མི་མང་གི་ཟང་ཟིང་ཧ་ཅང་ཆེ།