ཤན་རྩ་རྫོང་ཁོངས་ཀྱི་གཡག་པ་ཕྲུ་ཚོགས་ནི་ལོ་ལྟར་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་གྲུ་འཁྲིད་ཅེས་པའི་ས་ཆ་དེ་རུ་འདུ་འཛོམས་ཀྱི་ཁྲལ་བསྡུ་དང་རྟ་རྒྱུག་ཚོང་འདུས་བཅས་ཚུགས་ཀྱི་ཡོད་པ་ཞིག་རེད།
གཡག་པ་གྲུ་འཁྲིད་ཀྱི་རྟ་རྒྱུག་ནི་གཡག་པ་ཕྲུ་མ་དྲུག་ཅུའི་ཕྲུ་མ་རེའི་རྒྱུག་རྟ་རེ་རེ་དང་འབབ་རྟ་ཟེར་བའི་རྟ་གཅིག་བཅས་སྒྲིག་དགོས་པ་དང་། རྒྱ་དཔོན། ཁྲི་དཔོན་བཅས་རྒྱས་འཛོམས་སར་ལས་དྲུང་གིས་ཚོ་ཤོག་ཤོག་སོ་སོའི་ཁྲི་དཔོན་སོ་སོའི་རྟ་མིང་ཐོ་འབུལ་བྱེད་དགོས་པ་དང་གལ་ཏེ་རྒྱུག་རྟ་ཁྲིད་མེད་ཚེ་ཁྲི་དཔོན་དེས་རྒྱུག་དམར་པོ་ཆོམས་ཆོམས་ཞེས་བརྗོད་དགོས་པ་དང་རྒྱུག་རྟའི་དོད་དུ་དངུལ་སྤྲོད་དགོས་པ་ཡིན།
རྟ་རྒྱུག་མ་རྒྱུག་ཐེངས་གསུམ་བྱེད་དགོས་པ་སྟེ་དང་བོ་ཐན་ཚེ་ནང་རྒྱུག་ཅེས་པ་དང་། དེ་ནས་རྒྱུག་ཆུང་། དེ་ནས་རྒྱུག་ཆེན་བཅས་ཡིན། རྒྱུག་ཆེན་སྐབས་ཨང་ཀི་དང་བོ་ནས་བརྒྱད་པ་བར་ནོར་རེ་རྟ་རྒྱལ་སྤྲོད་པ་དང་། དགུ་བ་དང་བཅུ་བ་གཉིས་ལ་ཇ་སོགས་གང་འཚམས་རེ་སྤྲོད་པ། རྟེལ་ལུས་ལ་ཁ་བཏགས་དང་སྦྲགས་རྟ་ལུད་ཀྱི་ཕྲེང་བ་སྐེ་ལ་བཀོན་པ་ཡིན།
ཚན་གྲངས་སྤྲོད་སྐབས་རྟ་རྣམས་རིམ་གྱིས་ཁྲིད་ནས་ལས་དྲུང་གི་རྟ་བཤད་སྒྲོག་སྦྱོང་གིས་ཨང་དང་བོ་གཉིས་པ་གསུམ་པ་སོ་སོར་རྒྱུག་མའི་སྤུ་མདོག་ལ་གཞིགས་པའི་བསྟོད་བཤད་དང་། རྟེལ་ལུས་ལ་དམད་ར་བཤད་པ་བཅས་བྱེད། རྟ་རྒྱུག་མ་ཚང་མའི་ནང་ནས་ལེགས་ཤོས་གཉིས་སྔོན་ཚུད་ནས་སྡེ་པས་བདམས་ནས་དེའི་རྟ་རྒྱལ་སྡེ་པ་རང་གིས་བདག་གིར་བཟུང་བ་དང་། རྟ་བདག་ལ་གསོལ་རས་ཞེས་ཕྲན་བུ་ལས་སྤྲོད་ཀྱི་མེད་པ་རེད།
དེ་མིན་ཞར་འཕེན་དང་མི་རྒྱུག་བཅས་རྩེད་སྣ་ཁ་ཤས་ཡོད་པ་དེ་དག་སོ་སོར་བབ་བསྟུན་ཙམ་གྱི་རྒྱལ་ཁ་དང་དར་ཁ་སྤྲོད་པ་ལས་གཏན་འཁེལ་མེད། གཡག་པ་གྲུ་འཁྲིད་ཀྱི་འཛོམ་འདུས་དེར་ཚོང་འདུས་ཡང་རྒྱ་ཆེ་ཙམ་ཡོད།
ལྷོ་ནས་རྣམ་གླིང་དང་། ལྟང་བུ། རྟ་ནག་ འཛད་པ་མུས་སོགས་ཀྱི་ཞིང་ཁུལ་གྱི་ཐོན་རྫས་སྣ་ཚོགས་དང་། བྱང་ནས་གཡག་པ་རང་ཁོངས་ཀྱི་ཐོག་ནག་ཚང་། ཁམ་དོལ་སོགས་ནས་འབྲོག་ཁུལ་གྱི་ཐོན་རྫས་དང་བརྗེ་ཚོང་འཁྲུག་པོ་བྱེད་ཀྱི་ཡོད་པ་རེད།