སྐར་ཆུང་རྡོ་རིང༌།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2019-05-20 19:50ལ་འགྲུབ།

སྐར་ཆུང་རྡོ་རིང༌།

སྐར་ཆུང་རྡོ་རིང་ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཆུས་ཁོངས་ར་མ་སྒང་དུ་སངས་རྒྱས་དགོན་ཞེས་པའི་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་འགྲམ་བྱེ་མའི་ཁྲོད་དུ་བཙུགས་ཡོད་ཅིང་དུས་ཕྱིས་ཆག་སྐྱོན་ཤོར་ནས་དུམ་བུ་གཉིས་སུ་སོང་བ་ད་ལྟ་ནོར་བུ་གླིང་ཁར་ཉར་ཚགས་བྱས་ཡོད། རྡོ་རིང་དེ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་མཛད་རིང་གི་སྤྱི་ལོ798ནས715བར་གྱི་ལོ་ཞིག་ལ་བཙུགས་པར་གསལ་བས་ད་བར་ལོ་ཆིག་སྟོང་བརྒྱ་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད།
1 ​རྒྱས་འགྲེལ།

སྐར་ཆུང་རྡོ་རིང་ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཆུས་ཁོངས་ར་མ་སྒང་དུ་སངས་རྒྱས་དགོན་ཞེས་པའི་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་འགྲམ་བྱེ་མའི་ཁྲོད་དུ་བཙུགས་ཡོད་ཅིང་དུས་ཕྱིས་ཆག་སྐྱོན་ཤོར་ནས་དུམ་བུ་གཉིས་སུ་སོང་བ་ད་ལྟ་ནོར་བུ་གླིང་ཁར་ཉར་ཚགས་བྱས་ཡོད། རྡོ་རིང་དེ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་མཛད་རིང་གི་སྤྱི་ལོ798ནས715བར་གྱི་ལོ་ཞིག་ལ་བཙུགས་པར་གསལ་བས་ད་བར་ལོ་ཆིག་སྟོང་བརྒྱ་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་དུ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་གྲགས་པ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་ཐོན་མི་སམ་བྷོ་ཊས་ད་ལྟ་སྤྱོད་བཞིན་པའི་བོད་ཡིག་གསར་གཏོད་མཛད་ནས་ཆོས་མང་པོ་བོད་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཏོད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རབ་བྱུང་གི་སྡེ་ཐོག་མར་ཚུགས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ན་ཡང་། སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ད་དུང་གནས་ཡོད་པས་ཡབ་ཁྲི་སྲོང་ལྡེ་བཙན་སྐུ་ན་མ་སོན་པའི་སྐབས་དང་བསྟུན་ནས་བོན་ལ་དགའ་བའི་བློན་པོ་འགའ་ཞིག་གིས་མོ་དང་རྨི་ལྟས་ལ་ཁ་གཡར་ཏེ་ཆོས་མཛད་ན་བཙན་པོའི་ཆབ་སྲིད་ལ་གནོད་ཚུལ་གྱི་གཏམ་ཞུས་ནས་རྒྱལ་པོས་ཆོས་མཛད་པར་བཀག་འགོག་བྱེད་མི་བྱུང་ཡོད་པ་ལྟར་སླད་མ་བྱུང་སྔོན་འགོག་ཆེད་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་བཞེས་རྗེས་ཡབ་མེས་ཀྱི་སྲོལ་བཟང་རྒྱུད་འཛིན་གནང་ནས་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་ཡོང་བའི་དོན་དུ་གནམ་གྱི་སྐར་མ་ཆུང་བ་གཅིག་གི་ཁྱོན་ལ་རྒྱང་གྲགས་གཅིག་ཡོད་པའི་བཤད་སྲོལ་གྱི་ཚད་ལྟར་གཙུག་ལག་ཁང་བཞེངས་པ་ལ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དུ་མཚན་གསོལ་ཞིང༌།  དེའི་མདུན་དུ་རྗེ་བློན་རྣམས་ཀྱིས་མི་རབས་རྒྱུད་བཅས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཐབས་བྱེད་པ་ལས། ནམ་ཡང་མི་བཤིག་མི་སྤོང་བའི་མནའ་སྐྱེལ་དམ་བཅས་པའི་བཀའ་གཙིགས་ཀྱི་ཡི་གེ་རྒྱས་པ་ཟུར་དུ་ཡོད་པ་ལྟར་དོན་བསྡུས་པའི་རྡོ་རིང་འདི་བཙུགས་པ་རེད། བཀའ་གཙིགས་དེ་ནི་ཤོག་བུ་མཐིང་ཤོག་ཐོག་གསེར་ཡིག་གིས་བྲིས་པ་དང༌། དེའི་ནང་དོན་ཆ་ཚང་བ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་འཁོད་ཅིང་མདོར་བསྡུས་ཙམ་ནི་ཡབ་མེས་གདུང་རབས་རྒྱུད་ཀྱིས་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང༌། སངས་རྒྱས་ཀྱི་ཆོས་མཛད་པ་འདི་གཅེས་སྤྲད་བྱས་ཐོག  མོ་དང་རྨི་ལྟས་ལས་བརྩེགས་ཏེ་ཁག་འདོགས་ཅིའི་ཕྱིར་ཡང་རུང༌། བློན་འབངས་ཆེ་ཆུང་སུས་གསོལ་ཀྱང༌། སངས་རྒྱས་ཀྱི་ཆོས་མི་གཏང་མ་ཞིག་མི་སྤང་བར། གོང་རྒྱལ་བློན་ནས་འོག་འབངས་མི་སེར་བར་ཐམས་ཅད་ཀྱིས་དམ་པའི་ཆོས་སློབ་ཅིང༌། དེར་བཀག་འགོག་མི་བྱེད་པ་དང༌ཆོས་བྱེད་མཁན་པོ་དགེ་བའི་བཤེས་གཉེན་དུ་བཀུར་བ། ཆོས་སྡེའི་རྐྱེན་རིས་སུ་བཅད་པའི་ས་ཞིང་མི་སེར་སོགས་ཉུང་དུ་མི་འཁྲི་བ་བཅས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པར་བྱེད་དགོས་པ་འཁོད་ཡོད། 《བཀའ་གཙིགས་དང་རྡོ་རིང་གཅེས་བསྡུས》འདིའི་ནང་བཀོད་པ་འདི《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་བཀོད་མི་འདུག་པ་དེར་བརྟགས་ན། སྐབས་དེར་དཔའ་བོ་གཙུག་ལག་ཕྲེང་བས་མ་གཟིགས་པའམ་ཕྱག་ཏུ་མ་འབྱོར་བ་གང་རུང་ཞིག་ཏུ་མངོན་ཏེ། སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲིས་མཛད་པའི《རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ》ཤིང་དཔར་མའི་ཤོག་གྲངས61བར་ནས4བར་བཀའ་གཙིགས་འདིའི་དུམ་བུ་ཡིག་ཕྲེང་བཞི་དྲངས་ཡོད། ཡང་བཀའ་གཙིགས་འདི་ལས་རྒྱས་པ་ཞིག《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མ་སྟོད་ཆའི་ཤོག་གྲངས409ནས413བར་འཁོད་པ་འདིའི་ནང་དོན་གོང་གསལ་གྱི་རྡོ་རིང་བཀའ་གཙིགས་དེ་ལས་རྒྱས་ཤིང༌། མཇུག་ཏུ་བཀའ་གཙིགས་ལ་ཞུགས་པའི་རྒྱལ་ཕྲན་དང༌། བློན་ཆེན། བཀའ་བློན། བཙུན་མོ་སོགས་ཀྱི་མིང་ཐོ་ཆ་ཚང་བཀོད་འདུག་པ་དེར་བརྟགས་ན། བཀའ་གཙིགས་ཀྱི་རྡོ་རིང་གོང་གསལ་གྱི་སྨད་ཆ་ཡིན་པ་དང་རྡོ་རིང་ཁག་གཉིས་གཅིག་ཏུ་བསྒྲིལ་ན་བཀའ་གཙིགས་ཀྱི་ནང་དོན་ཆ་ཚང་ཞིག་ཆགས་པ་ཡིན་ངེས་སྙམ་པ་མ་ཟད། རྡོ་རིང་ཁག་གཉིས་ཀྱི་ནང་དོན་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་ཁ་ཤས་འདུག་པ་འདི་ལྟར། 1.ཡབ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་རྒྱ་ཆེར་ཐུགས་སུ་ཆུད་དེ་བསམ་ཡས་ལྷུན་གྱིས་གྲུབ་པ་སོགས་བོད་ཁམས་སུ་གཙུག་ལག་ཁང་མང་པོ་བརྩིགས་པ་དང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་ངའི་ཞལ་སྔ་ནས། ཆོས་ཐུགས་སུ་ཆུད་དེ་མཛད་པ་ཕན་ཆད་གདུང་རབས་བདུན་གྱི་བར་དུ་མཛད་ཀྱིས་ཀྱང༌། ཞེས་གསལ་བ་དེ་ལས་ཁྲི་སྲོང་ལྡེ་བཙན་དང༌། ཁྲི་ལྡེ་སྲོང་བཙན་གཉིས་ཡབ་སྲས་ཀྱི་འབྲེལ་བ་ཡིན་པ་དང༌། མེས་པོ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་སྲོང་བཙན་རང་ཉིད་བར་གདུང་རབས་བདུན་ཡིན་པར་གསལ་པོར་འཁོད་ཡོད་པ། 2.མེས་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་བྲག་དམར་གྱི་ཀ་ཆུར་གཙུག་ལག་ཁང་བརྩིགས་ནས་ཆོས་མཛད་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་སྐུ་ཆུང་བའི་ཚེ་བཤིག་སྟེ། ཕྱིན་ཆད་ཆོས་བྱེད་དུ་མི་གནང་བར། བཀའ་ཁྲིམས་སུ་བྲིས་པ་ལས་ཞེས་ཡབ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཆུང་དུས་བྲག་དམར་གྱི་ཀ་ཆུ་གཙུག་ལག་ཁང་བཤིག་ནས་ཕྱིན་ཆད་ཆོས་བྱེད་མི་ཆོག་པའི་ཁྲིམས་བཟོས་པ། 3.ཡབ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཆོས་མཛད་ནས་ཕན་འབྲས་ཆེན་པོ་བྱུང་ཡང༌། ཡབ་གཤེགས་པའི་རྗེས་སུ་མི་འགའ་ཞིག་གིས་ཆོས་བྱེད་པ་འདི་བཙན་པོའི་སྐུ་སྲོག་དང་ཆབ་སྲིད་ལ་ཉེས་སྐྱོན་ཆེན་པོ་ཡོད་པས། བཙན་པོའི་ཕོ་བྲང་ནང་ཡོད་པའི་སྐུ་གསུང་ཐུགས་རྟེན་རྣམས་ལོགས་སུ་སྤངས་ནས་ཆོས་བྱེད་མི་རུང་ཞེས་བཙན་པོ་རྗེ་བློན་གྱི་སར་ཞུ་མཁན་བྱུང་ཚུལ་འཁོད་ཡོད་པ། 4.མཇུག་ཏུ་དབུ་མནའ་བཞེས་ནས་བཀའ་གཙིགས་བཅས་པའི་དམ་བཅའི་ཐོག་ཞུགས་མཁན་གྱི་མཚན་ཐོ་བཀོད་པའི་ནང་བཙུན་མོ་གསུམ་དང༌། རྒྱལ་ཕྲན་གསུམ་གྱི་རྗེ་དཔོན། རབ་བྱུང་ཡིན་པའི་བློན་ཆེན་གཉིས། ཆབ་སྲིད་ཀྱི་བློན་ཆེན་དྲུག་གི་ནང་ཞང་བློན་ཡིན་པ་གསུམ། ནང་བློན་བཅུ་བདུན། སྐུ་སྲུང་གི་བློན་པོ་བཅུ་བདུན། ཕྱི་བློན་དང་དམག་དཔོན་བསྡོམས་པའི་མི་གྲངས་སུམ་ཅུ་སོ་དྲུག་གི་མིང་རུས་བཅས་གསལ་པོར་འཁོད་ཡོད་པ་བཅས་ཞིབ་ཕྲ《ཆོས་འབྱུང་མཁས་པའི་དགའ་སྟོན》གོང་གསལ་གྱི་ཤོག་གྲངས་དེར་གཟིགས།