ཁྲ་འབྲུག་མུ་ཏིག་ཞལ་ཐང་།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2018-12-05 15:50ལ་འགྲུབ།

ཁྲ་འབྲུག་མུ་ཏིག་ཞལ་ཐང་།

ཁྲ་འབྲུག་མུ་ཏིག་ཞལ་ཐང་།
ལྷོ་ཁའི་ཁྲ་འབྲུག་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་གེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན། ཐོག་མར་རྩེད་ཐང་རྩེ་ཚོགས་པའི་མུ་ཏིག་གི་ཞལ་ཐང་འདི་ནི་དགོན་པའི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས། སྐུ་རྒྱུ་མུ་ཏིག་ལས་བཞེངས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་འདིའི་མཐོ་ཚད་ལ་སྨི2དང་ཞེང་ཚད་ལ་སྨི1.2ཡོད། ཞལ་ཐང་འདིའི་སྐུ་ལུས་ཚང་མ་མུ་ཏིག་གིས་གྲུབ་ཡོད་པ་དེ་ནི་རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས། 

ལྷོ་ཁའི་ཁྲ་འབྲུག་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་གེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན། ཐོག་མར་རྩེད་ཐང་རྩེ་ཚོགས་པའི་མུ་ཏིག་གི་ཞལ་ཐང་འདི་ནི་དགོན་པའི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས། སྐུ་རྒྱུ་མུ་ཏིག་ལས་བཞེངས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་འདིའི་མཐོ་ཚད་ལ་སྨི2དང་ཞེང་ཚད་ལ་སྨི1.2ཡོད། ཞལ་ཐང་འདིའི་སྐུ་ལུས་ཚང་མ་མུ་ཏིག་གིས་གྲུབ་ཡོད་པ་དེ་ནི་རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཡིན། འོན་ཀྱང་རིག་གསར་དུས་ཟིང་ནང་ཞལ་ཐང་ལ་ཉམས་ཆག་ཆེན་པོ་བྱུང་ཡོད་ཀྱང་སྔར་ཡོད་ཞལ་ཐང་གི་གཡས་གཡོན་གོས་ཆེན་དང་སྲོག་ཤིང་གསེར་གྱི་རལ་གྲི་བཞུགས་པ་དེས་རྐང་བྱས་ཏེ་སྤྱི་ལོ1982ལོར་སྐབས་དེའི་ལྷོ་རྒྱུད་དུ་སྙན་གྲགས་ཆེ་བའི་བྲིས་འབུར་གཉིས་ལ་མཁས་པ་རྒན་ཚེ་དབང་རྡོ་རྗེས་ཉམས་གསོའི་ལས་འགན་བཞེས་ནས་མུ་ཏིག་རྡོག29929དང་དེ་བཞིན་རྡོ་རྗེ་ཕ་ལམ་དང་། པདྨ་རཱ་ག མུ་མེན། གཡུ་བྱུར་གསེར་སོགས་རིན་ཆེན་དུ་མ་ལས་སྔར་ཡོད་བཞིན་འདྲ་བཞེངས་མཛད་པ་དང་དེང་སྐབས་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད་པ་དེ་ཡིན་ལ། སྔོན་རྩེ་ཚོགས་པའི་ནང་རྟེན་ཡིན་པ་ད་ལྟ་ཁྲ་འབྲུག་དགོན་ནས་བདག་སྐྱོང་མཛད་བཞིན་ཡོད། 

ཞལ་ཐང་དེའི་འབྱུང་ཁུངས་ཐད་ད་ཕན་ཡིག་ཐོག་གི་དཔྱད་གཞི་མ་མཐོང་རུང་དམངས་ཁྲོད་ཀྱི་བཤད་སྲོལ་ཞིག་ལ། སྣེ་གདོང་རྩེ་ཚོགས་དགོན་གྱི་རྩ་ཆེན་ནང་རྟེན་གྲགས་ཅན་སྒྲོལ་མ་ཕྱག་བཞི་མའམ་སྒྲོལ་མ་གསུང་བྱོན་མ་ཞིག་ཡོད་པ་སྔོན་རྒྱ་གར་དུ་ཁ་ཆེ་པཎ་ཆེན་གྱིས་མུ་སྟེགས་པ་དང་རྩོད་པ་ཉིན་བདུན་བསྐྱོད་དུས་ཉིན་ལྔ་ཕམ་པས་ཐུགས་ཡིད་མུག་སྟེ་ཤིང་ཏ་ལའི་སྡོང་པོ་ཞིག་ལ་སྐུ་བསྙེས་ནས་བཞུགས་དུས་སྡོང་པོ་དེའི་ལོ་མ་ཞིག་ལྷུང་བ་ཡར་སྒྲུག་ནས་གཟིགས་སྐབས་ལོ་མ་དེའི་ངོས་ལ་སྒྲོལ་མ་ཕྱག་བཞི་མ་རང་བྱོན་ཞིག་ཡོད་པ་དེས་པཎ་ཆེན། པཎ་ཆེན་ཁྱོད་ཀྱིས་སྔར་བཞིན་རྩོད་ཅིག་ཅེས་གསུང་བྱོན་པ་ལྟར་རྩོད་པ་བསྐྱོན་པས་པན་ཆེན་རྒྱལ། སྒྲོལ་མ་དེའི་མཚན་ལའང་སྒྲོལ་མ་རྩོད་རྒྱལ་ཞེས་གསོལ། ཕྱིས་གནས་སྐབས་ཐམས་ཅད་པཎ་ཆེན་གྱི་བྱ་དཀའ་བའི་བླངས་དོར་ཐམས་ཅད་སྒྲོལ་དེ་རང་གིས་སྟོན་པར་གནང་གི་ཡོད། མཐར་པཎ་ཆེན་ཁ་ཆེར་ཕེབས་པར་ཉེ་བའི་ཚེ་སྲས་ཀྱི་ཐུ་བོ་མཁན་ཆེན་རྡོ་རྗེ་དཔལ་ལ་སྒྲོལ་མ་རང་བྱོན་པ་དེ་རྟེན་སྐལ་དུ་གནང་ངོ་། ། དེ་ནས་བཟུང་རྩེ་ཚོགས་དགོན་དུ་ཉིན་ལྟར་སྒྲོལ་མ་ཉེར་གཅིག་ཚར་གཅིག་མ་ཆག་པ་འདོན་སྲོལ་ཆགས་པ་རེད། སྣེ་གདོང་གི་མི་སེར་མང་པོས་ཀྱང་སྒྲོལ་མ་སྐྱོར་བར་ཡོང་གི་ཡོད་ཅིང་། སྒྲོལ་མ་ཉེར་གཅིག་རྫོགས་མཚམས་སུ་ཕྱག་འཚལ་བ་ནི་ཞེས་བཏོན་ནས་ཁ་ཁུ་སིམ་མེར་བསྡད་ན་ཉི་ཤུ་རྩ་གཅིག་ཞེས་སྒྲོལ་མ་དེས་གསུང་བྱོན་གྱི་ཡོད་པས་སྣེ་གདོང་རྒྱལ་བོའི་བཙུན་མོ་རབ་ཏུ་དད་དེ་ཞལ་གསེར་སྤུས་ལེགས་མཐུག་པོ་ཞིག་བསྒྲོན་པས་དེ་ནས་བཟུང་སྒྲོལ་མས་གསུང་མ་བྱོན་སྟབས་མཐོལ་བཤགས་ཀྱི་ཚུལ་དུ་རང་གི་རྒྱན་ཆ་བཤིག་སྟེ་གཙོ་བོ་མུ་ཏིག་ལས་གྲུབ་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་འགྲན་ཟླ་མེད་པ་ཞིག་བཞེངས་པ་ད་ལྟ“ཁྲ་འབྲུག་མུ་ཏིག་ཞལ་ཐང”ཞེས་པ་དེ་ཡིན།