ཤ་ར་ཝ་སྟེའི་ཡུལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2018-12-12 11:05ལ་འགྲུབ།

ཤ་ར་ཝ་སྟེའི་ཡུལ།

བི་སུ་ཀཝའི་ཡུལ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཤ་ར་ཝ་སྟེའི་ཡུལ་ཏེ་མཉན་དུ་ཡོད་པ་ཞེས་པ་ཁོར་ཡུག་ཏུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ལྟེ་བའི་མཁར་ཆེན་པོའི་ཁོར་ཡུག་ཏུ་རྒྱང་གྲགས་ཉི་ཤུ་ཡོད་པ་ཞིག་རལ་ཆེ་ཞིང་། ས་གཞི་གཤེར་ཆེ་བའི་འབྲུ་སོགས་འདེབས་པ། མིའི་རང་བཞིན་དུལ་བ་དང་སློབ་གཉེར་ལ་དགའ་བ། གཙུག་ལག་ཁང་བརྒྱ་ཕྲག་དུ་མ་ཡོད་ཀྱང་དགེ་འདུན་ཉུང་ཙམ་ལས་བཞུགས་མེད། ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་ཅིག་ལ་མུ་སྟེགས་པ་མང་པོ་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
室罗伐悉底国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

བི་སུ་ཀཝའི་ཡུལ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཤ་ར་ཝ་སྟེའི་ཡུལ་ཏེ་མཉན་དུ་ཡོད་པ་ཞེས་པ་ཁོར་ཡུག་ཏུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ལྟེ་བའི་མཁར་ཆེན་པོའི་ཁོར་ཡུག་ཏུ་རྒྱང་གྲགས་ཉི་ཤུ་ཡོད་པ་ཞིག་རལ་ཆེ་ཞིང་། ས་གཞི་གཤེར་ཆེ་བའི་འབྲུ་སོགས་འདེབས་པ། མིའི་རང་བཞིན་དུལ་བ་དང་སློབ་གཉེར་ལ་དགའ་བ། གཙུགལག་ཁང་བརྒྱ་ཕྲག་དུ་མ་ཡོད་ཀྱང་དགེ་འདུན་ཉུང་ཙམ་ལས་བཞུགས་མེད། ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་ཅིག་ལ་མུ་སྟེགས་པ་མང་པོ་གནས་སོ།།

2 བཞུགས་ཁང་གི་ཤུལ།

དེ་ནི་སྔོན་སྟོན་པ་ཞལ་བཞུགས་པའི་དུས་ཀྱི་རྒྱལ་པོ་གསལ་རྒྱལ་གྱི་གྲོང་ཁྱེར་རོ།། ཕོ་བྲང་ནང་ན་རྒྱལ་པོ་གསལ་རྒྱལ་གྱི་ཁང་ཤུལ་དང་། དེའི་གཡོན་རོལ་ན་སྟོན་པའི་ཆོས་ཁྲིའི་ཤུལ་ན་མཆོད་རྟེན་ཞིག་ཕྱིས་སུ་བཞེངས་པ་དང་། དེའི་ལོགས་ཤིག་ན་གཙུག་ལག་ཁང་རྙིང་པ་ཞིག་གི་ཤུལ་ནི་སྲུ་དགུའི་བདག་མོའི་བཞུགས་གནས་ཡིན་ཟེར་བ་དང་། ཡང་ཤར་ལོགས་སུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བཞུགས་ཁང་གི་ཤུལ་དང་། སོར་འཕྲེང་ཅན་གྱི་ཁང་རྙིང་གི་ཤུལ་དང་། དེའི་ལོ་རྒྱུས་ནི་སོར་མོའི་འཕྲེང་བ་ལ་ཕན་པའི་མདོར་གསལ་བ་ལྟར་རོ།།

3  རྒྱལ་བྱེད་ཚལ་གྱི་ཤུལ།

གྲོང་ཁྱེར་གྱི་ལྷོ་ངོས་ལ་རྒྱང་གྲགས་བཞི་ལྔ་ཙམ་གྱི་སར་རྒྱལ་བྱེད་ཚལ་གྱི་ཤུལ་དུ་སྔོན་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་ད་ལྟ་ཞིག་རལ་གྱི་ཤུལ་ཙམ་ལས་མེད་པ་དང་། གྲོང་ཁྱེར་གྱི་ཤར་སྒོའི་གཡས་གཡོན་གྱི་ལོགས་གཉིས་སུ་རྡོའི་ཀ་བ་རེ་རེ་སྲིད་དུ་ཁྲུ་བདུན་ཅུ་ལྷག་ཙམ་ཡོད་པར་བཀྲ་ཤིས་པའི་རི་མོ་བརྐོས་ཤིང་། གཡས་མའི་སྟེང་ན་བ་གླང་ཞིག་བརྐོས་པ་སྣང་ངོ་།། གྲོང་ཁྱེར་གྱི་ཕྱི་རོལ་ནས་སོ་ཕག་གི་ཁང་པ་ཤིན་ཏུ་ཆེ་བ་ཞིག་གི་ནང་ན་སྐུ་བརྙན་ཆེན་པོ་ཞིག་ཡོད་པ་ནི། སྔོན་སྟོན་པ་ལྷ་ལས་བབས་པ་གྲུབ་པ་ན་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཨུ་ཏྲ་ཡ་ནས་ཙནྡ་ཇོ་བོའི་སྐུ་བཞེངས་པ་ཐོས་ཏེ་གསེར་ཟངས་ལས་སྐུ་བརྙན་འདི་བཞེངས་པར་གྲགས་སོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཟེར་བའི་ལོ་རྒྱུས་ནི་མདོ་སྡེ་མཛངས་བླུན་ན་གསལ་ལོ།།

4 སྟོན་པས་ཁྲུས་གནང་བ།

དེའི་ཤར་ལོགས་ན་སྟོན་པས་དགེ་སློང་ནད་པ་ལ་ཁྲུས་གནང་བའི་གནས་སུ་བཞེངས་པའི་མཆོད་རྟེན་ཞིག་ཡོད་པ། དེའི་ལོ་རྒྱུས་ནི་དགེ་སློང་ཞིག་ནད་ཀྱིས་འགུལ་བསྐྱོད་མི་ནུས་པ། བཅོམ་ལྡན་འདས་དེའི་དྲུང་དུ་སོང་ནས་ཅི་ཉེས་དྲིས་བས། བདག་བྱིས་པའི་དུས་ནད་ཀྱིས་ཐེབས་པས་གཅོང་ཅན་ཞིག་སྟེ་ལེ་ལོ་ཆེ་བ་ཟུག་རྔུ་མི་བཟོད་པ་ལགས་ཏེ་ནད་རོ་འཕར་བས་མི་བཟོད་ཅིང་ནད་གཡོག་མེད་པས་སྡུག་བསྔལ་པར་གྱུར་ཏོ།། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ན་སར་ཕྱག་གིས་མཉེས་ཞིང་བྱིན་གྱིས་བརླབས་པས་ཞི་བདེ་ཐོབ་བོ།། བཅོམ་ལྡན་འདས་ཀྱིས་ནད་པའི་མཆན་འོག་ནས་བསྐྱོར་ཏེ་ཁང་པའི་ཕྱིར་བཏོན་ཏེ་བཤང་གཅི་བྱེད་དུ་བཅུག་ནས་ཡན་ལག་ལྔ་བཀྲུས་ཏེ་གོས་གསར་བ་བརྗེས་ཏེ།  བཀའ་བསྩལ་བ། ཚེ་དང་ལྡན་པ་བརྩོན་འགྲུས་རྩོམས་ཤིག་གི་བསྐུལ་ཚིག་གནང་བས། དགེ་སློང་དེས་སྟོན་པའི་བཀའ་དྲིན་བསམ་ཞིང་བཀའ་ནོད་པས་སེམས་དགའ་ཞིང་གཟུགས་ཕུང་བ་བདེ་བ་ཐོབ་བོ།།