ལོ་ཙཱའི་ངོ་བོ།སྔ་མའི་པར་གཞི་དེ ཁྲ་ཚེ་རིང་དབང་ལྡན།  ནས 2018-04-04 10:03ལ་འགྲུབ།

ལོ་ཙཱའི་ངོ་བོ།

མིའི་རིགས་ལ་སྐད་བརྡའི་འབྲེལ་འདྲེས་ཡོད་པ་ནས་བཟུང་ལོ་ཙཱའི་བྱ་འགུལ་བྱུང་ཞིང་། ལོ་ཙཱའི་བྱ་འགུལ་དེས་མིའི་རིགས་ཀྱི་སྐད་བརྡ་དང་ཡིག་རིགས་སྣ་མང་བར་འབྲེལ་ཟམ་བཙུགས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་དཔལ་ཡོན་དང་འཕེལ་རྒྱས་ཀྱི་རྩེ་མོར་སྐུལ་འདེད་བྱས་དང་བྱེད་བཞིན་ཡོད། དེས་ན་དེ་ལྟ་བུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་རྐྱེན་གཙོ་བོར་གྱུར་བའི་ལོ་ཙཱ་ནི་ཇི་ལྟ་བུ་ཞིག་ཡིན་པར་ཕྱོགས་འགའ་ནས་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
翻译性质
1 ལོ་ཙཱའི་ངོ་བོ།

ལོ་ཙཱའམ་ཡིག་སྒྱུར་དེའི་ངོ་བོ་དང་རང་བཞིན་སྐོར་མདོར་ཙམ་གླེང་ན། མིག་སྔར་བར་དུ་འཛམ་གླིང་གི་ལོ་ཙཱའི་མཁན་པོ་རྣམས་ཀྱིས་དེའི་སྐོར་ལ་གཞུང་བཤད་འདྲ་མིན་སྣ་ཚོགས་མང་དུ་བཏོན་ཡོད་དེ། ལོ་ཙཱ་ནི་སྐད་དང་ཡི་གེ་སྤྱོད་པའི་རིག་གནས་བྱེད་སྒོ་ཞིག་ཡིན། ལོ་ཙཱ་ནི་ལག་རྩལ་དང་སྒྱུ་རྩལ་ཟུང་འབྲེལ་གྱི་ཀླད་ཤུགས་ངལ་རྩོལ་ཞིག་སྟེ། དེ་ནི་ལག་རྩལ་ཞིག་ཡིན་ལ་སྒྱུ་རྩལ་ཞིག་ཀྱང་ཡིན། ལོ་ཙཱ་ནི་སྤྱི་ཚོགས་བྱ་འགུལ་ཞིག་དང་རིག་གནས་སྤེལ་རེས་ཀྱི་ལས་སྒོ་ཞིག་ཀྱང་ཡིན་ཞེས་སོགས་དང་། གཞན་ཡང་ཁ་ཤས་ཀྱིས་བསྒྱུར་བྱ་སྒྱུར་བྱེད་ཡིག་རིགས་གཉིས་ཀྱིས་མཚོན་པའི་ཆ་འཕྲིན་ནམ་བརྗོད་དོན་རྣམས་ཆ་ཡོངས་སུ་དོ་མཉམ་འདྲ་མཚུངས་ཤིག་འབྱུང་ནུས་མིན་སོགས་ཀྱི་ཐད་ནས་དཔྱད་པ་སྤེལ་ཡོད། གོང་སྨྲས་ཀྱི་ལྟ་ཚུལ་འདི་དག་ནི་མཐོང་སྣེ་མི་འདྲ་བའི་ཆ་ནས་ལོ་ཙཱའི་ངོ་བོ་ལ་དབྱེ་ཞིབ་མཛད་པ་ཡིན་ལ། ཕྱོགས་དང་ཟུར་ཚད་མི་འདྲ་བའི་ཆ་ནས་ལོ་ཙཱ་བྱ་བའི་རང་བཞིན་དང་ཁྱད་ཆོས་རེ་འགའ་མཚོན་པར་བྱས་ཡོད་མོད། འོན་ཀྱང་རིག་གནས་བྱེད་སྒོ་དེའི་གཞི་རྩའི་ངོ་བོ་ད་དུང་གསལ་སྟོན་བྱ་ནུས་མེད། དེས་ན་འདིར་ལོ་ཙཱ་བྱ་བའི་མཚན་ཉིད་དང་དམིགས་ཡུལ། ཚད་གཞི། བརྒྱུད་རིམ་བཅས་དང་། བྱེ་བྲག་གི་སྒྱུར་ཐབས་དང་ལག་ལེན་གྱི་དགོས་མཁོ་སོགས་ཕྱོགས་ཡོངས་ནས་གཞིགས་ན། ལོ་ཙཱའི་ངོ་བོ་ནི་དོན་གྱིས“གསར་རྩོམ”སྟེ་སྒྱུ་རྩལ་སླར་རྩོམ་ཞེས་པ་དེའོ།། གཤམ་དུ་ལོ་ཙཱའི་ངོ་བོ་ནི་དོན་གྱིས“གསར་རྩོམ”ཡིན་ཞེས་བརྗོད་པའི་རྒྱུ་མཚན་དང་དགོས་པ་དང་བཅས་པར་ཕྱོགས་འགའ་ནས་དབྱེ་ཞིབ་ཙམ་བྱ་བ་ལ།

1_1 དང་པོ། ལོ་ཙཱའི་མཚན་ཉིད་དང་དམིགས་ཡུལ་ཆ་ནས་བརྗོད་ན།

ལོ་ཙཱ་བྱ་བས་བསྒྱུར་བྱ་མ་ཡིག་གང་གི་བརྗོད་དོན་རྩོམ་ཉམས་དང་བཅས་པ་ཆད་ལྷག་ནོར་འཛོལ་མེད་པར་འགྱུར་ཡིག་ཁྲོད་ཇི་བཞིན་སྤོ་སྣུར་བྱེད་དགོས་ལ། འགྱུར་ཡིག་ཀློག་པ་པོ་རྣམས་ཀྱིས་འགྱུར་རྩོམ་བཀླགས་པས་ཀྱང་མ་རྩོམ་བཀླགས་པ་ལྟ་བུའི་མྱོང་ཚོར་བསྐྱེད་དགོས། འདི་ལ་འཇར་མན་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བH·ཧླེ་མའེ་ཨེར་ལགས་ཀྱིས“དང་ཐོག་ལོ་ཙཱ་ཡིས་མ་རྩོམ་གང་ཉིད་ཡང་དག་པར་མཚོན་དགོས་པར་འདོད་ལ། ཕྱིས་སུ་ཀུན་གྱིས་གླེང་བ་ནི་མ་ཡིག་དང་མཐུན་པའམ་འདྲ་མཉམ་གྱི་ལོ་ཙཱ་ཡིན། ད་ལྟ་དེ་ལས་ཀྱང་ཞིབ་ཚགས་སུ་སྨྲ་སྟེ། འགྱུར་ཡིག་གང་ཉིད་ནང་དོན་དང་ནུས་པ། ཡང་ན་ཕན་འབྲས་སོགས་ཀྱི་ཆ་ནས་མ་རྩོམ་དང་འདྲ་མཉམ་ཡོང་བ་བྱེད་དགོས།”ཞེས་གསུངས། དེས་ན་བསྒྱུར་སྒྱུར་བྱེད་གཉིས་ཀྱི་ཆ་འཕྲིན་དང་ཕན་ནུས་དང་བཅས་པ་དོ་མཉམ་ཆ་མཚུངས་ཞིག་འབྱུང་བ་ལ“ལོ་ཙཱའི་གསར་རྩོམ”གྱི་ལས་ལ་ངེས་པར་དུ་བརྟེན་དགོས།

1_2 གཉིས་པ། ལོ་ཙཱའི་ཚད་གཞི་ཆ་ནས་བརྗོད་ན།

ཕྱི་ནང་གི་མཁས་པ་ཀུན་གྱིས་ཁས་ལེན་པའི་གཅིག་གྱུར་གྱི་ལོ་ཙཱའི་ཚད་གཞི་ཞིག་མིག་སྔར་བར་དུ་ད་དུང་བྱུང་མེད་མོད། འོན་ཀྱང“མ་ཡིག་ལ་བསྟུན་པ”དང“འགྱུར་མ་བརྗོད་བདེ་བ”ཞེས་པ་འདི་གཉིས་རྩ་བའི་ཚད་གཞི་རུ་འགོད་པར་ལོ་ཙཱའི་བྱ་བ་གཉེར་མཁན་ཕལ་ཆེར་ཞིག་ཡིད་འཐད་བྱུང་ཡོད། ཚད་གཞི་འདི་གཉིས་ནི་བྱེ་བྲག་གི་ལོ་ཙཱའི་ལག་ལེན་ཁྲོད་དུ་ཐག་གཅོད་དཀའ་བའི་འགལ་འདུ་ཞིག་སྟེ། མ་ཡིག་ལ་བསྟུན་ན་བརྗོད་མི་བདེ་བ་དང་། བརྗོད་བདེ་ན་མ་ཡིག་ལ་བསྟུན་མི་ནུས་པའི་གནས་ཚུལ་རྒྱུན་དུ་འབྱུང་། དེ་གཉིས་བར་གྱི་འགལ་འདུ་ཐག་གཅོད་ལེགས་པོ་ཞིག་བྱ་བ་ལ་ལོ་ཙཱའི་གསར་རྩོམ་གྱི་སྒྱུ་རྩལ་ལ་མ་བརྟེན་རང་བརྟེན་ཡིན། འཇར་མན་གྱི་རྩོམ་པ་པོ་གྲགས་ཅན་ལའེ་ཞིན(莱辛)གྱིས། “གལ་ཏེ་ལོ་ཙཱ་བ་སུ་ཞིག་གིས་རྨོངས་མུན་དུ་མ་རྩོམ་ལ་བསྟུན་དྲགས་ན། མཇུག་འབྲས་སུ་མ་རྩོམ་དེར་བློ་མི་དཀར་བ་ཞིག་ཏུ་འགྱུར་སྲིད”ཅེས་མ་རྩོམ་ལ་མུན་འཐོམས་ཀྱིས་བསྟུན་དྲགས་ན་དོན་གྱིས་དེ་དང་རྒྱལ་འགལ་དུ་སོང་བའི་གནས་ལུགས་དེ་བསྟན་ཡོད། དེས་ན་མ་ཡིག་གི་དོན་དང་ཡང་མི་འགལ་ཞིང་རང་སྐད་ལ་བརྗོད་བདེ་བ་ཞིག་ཀྱང་བྱེད་པ་ལ། ལོ་ཙཱའི་ཐབས་རྩལ་དང་ཉམས་མྱོང་། ཡང་བསྐྱར་གསར་རྩོམ་བྱ་བའི་སྒྱུ་རྩལ་བཅས་མེད་ན་ལེགས་འགྲུབ་འབྱུང་དཀའ་བ་ཞིག་ཡིན།

1_3 གསུམ་པ། ལོ་ཙཱའི་བརྒྱུད་རིམ་གྱི་ཆ་ནས་བརྗོད་ན།

ལོ་ཙཱའི་བྱ་བ་གང་ཡང་བརྒྱུད་རིམ་གཉིས་ནས་འཇུག་དགོས་ཏེ། ཐོག་མར་བསྒྱུར་བྱ་གབ་གི་དངོས་ཤུགས་གང་རུང་ལས་མཚོན་པའི་བརྗོད་དོན་དང་། དེའི་ཐུན་མོང་མ་ཡིན་པའི་རྩོམ་ཉམས་དང་ཁྱད་ཆོས་ལ་སོགས་པར་རྒྱུས་ལོན་གཏིང་ཟབ་ཅིང་ཡང་དག་པ་ཞིག་བྱ་དགོས། གོམ་རིམ་གཉིས་པར་དེ་དག་གྲ་མ་ཞིག་གྲུ་མ་ཉམས་པར་ཇི་བཞིན་འགྱུར་ཡིག་ཁྲོད་ཡང་བསྐྱར་མཚོན་པར་བྱེད་དགོས། དེ་བས་གཅིག་མ་ཡིག་གང་གི་ཆེས་གལ་ཆེ་ཞིང་ཆེས་ལེགས་པའི་ཆ་རྣམས་གང་ཡིན་པ་ངོས་ཟིན་དགོས་ལ། གཉིས་ན་འགྱུར་ཡིག་ཁྲོད་དེ་དག་དང་དོ་མཉམ་འདྲ་མཚུངས་ཡིན་པའི་མཚོན་སྟངས་ཤིག་འཚོལ་དགོས། སྤྱིར་བཏང་དུ་བརྗོད་ན། བསྒྱུར་བྱ་མ་རྩོམ་ཁྲོད་ཀྱི་མིང་བརྡ་ཞིག་དང་ཡང་ན་ཚིག་གི་གྲུབ་ཆ་གཅིག སྐད་ཆའི་རྗོད་སྟངས་ཤིག་སོགས་གང་ཡིན་ཡང་དོན་སྙིང་འགའ་ཤས་ལྡན་སྲིད་པས་ན། ལོ་ཙཱ་བས་དེ་དག་གི་སྔ་ཕྱིའི་གཏན་ཚིགས་དང་ཚིག་གི་ཁོར་ཡུག་བཅས་ལ་གཞིགས་ནས་གནས་སྐབས་དེའི་གོ་དོན་ཅི་ལྟར་ཡིན་པ་གསལ་བོར་ངེས་དགོས། ཡང་དེ་ལྟ་བུའི་བརྗོད་དོན་སྟོན་པ་ལ་སྒྱུར་བྱེད་སྐད་ཆའི་ཁྲོད་དུ་ཁ་གཏད་ཀྱི་རྗོད་སྟངས་མང་ཙམ་ལྡན་སྲིད་པ་ལས་ཆེས་འོས་ཤིང་འཕྲོད་པ་དེ་སྤྱོད་དགོས་ཤིང་། ཐ་ན་སྒྱུར་བྱེད་སྐད་ཆའི་ལུགས་སྲོལ་དང་ཁྱད་ཆོས་ལྟར་འོས་འཚམ་གྱི་རྗོད་སྟངས་གསར་བ་ཞིག“གསར་རྩོམ”བྱ་དགོས་པའི་སྐབས་ཀྱང་ཡོད། མདོར་ན། ལོ་ཙཱའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ཁག་དང་རྙོག་འཛིང་ཆེ་ས་ནི། ལོ་ཙཱ་བས་སྒྱུར་བྱེད་སྐད་ཆའི་ཁྲོད་དུ་འོས་ཤིང་འཚམ་པའི་རྗོད་སྟངས་ཤིག་གདམ་གསེས་དང་ཡང་ན“གསར་རྩོམ”བྱ་དགོས་པ་དེའི་སྟེང་དུ་མངོན་ཡོང་།

1_4 བཞི་བ། ལོ་ཙཱའི་ཐབས་རྩལ་གྱི་ཆ་ནས་བརྗོད་ན།

འཛམ་གླིང་གི་མཁས་པ་མང་པོ་ཞིག་གིས་ལོ་ཙཱ་ནི་རི་མོ་གང་ཞིག་བསྐྱར་བཟོ་བྱེད་པ་དང་འདྲ་ཞེས་བརྗོད། རི་མོའི་མ་དཔེ་ཞིག་བསྐྱར་བཞེངས་བྱེད་པ་དེའང་དོན་གྱིས་གསར་རྩོམ་རྣམ་པ་ཞིག་ལས་མ་འདས་ཏེ། བསྐྱར་བཞེངས་བྱ་བ་ལའང་རི་མོ་འབྲི་བའི་ཐབས་རྩལ་ངེས་ཅན་ཞིག་ལྡན་དགོས་ལ། བསྐྱར་བཟོའི་རི་མོ་དེར་ཡང་སྒྱུ་རྩལ་གསར་རྩོམ་གྱི་རིན་ཐང་ལྡན་པ་ཡིན། དཔེ་དེ་བཞིན་དུ་ལོ་ཙཱ་བྱེད་དུས་ཀྱང་བརྩམས་ཆོས་གང་གི་བརྗོད་སྙིང་དང་ནང་དོན་སོགས་གསར་རྩོམ་བྱ་མི་རུང་མོད། འོན་ཀྱང་མ་རྩོམ་དེའི་བརྗོད་སྙིང་དང་ནང་དོན་སོགས་ཇི་ལྟར་མཚོན་པའི་ཕྱོགས་སུ་གསར་རྩོམ་བྱ་དགོས་ཏེ། གསར་བཏོད་རང་བཞིན་གྱི་ཐབས་རྩལ་སྣ་མང་བཀོལ་ནས་ལོ་ཙཱའི“གསར་རྩོམ”གྱི་ལས་ལ་ངེས་པར་དུ་བརྟེན་དགོས།

དེ་ལྟར་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་དཔྱད་གླེང་མང་པོའི་བཅུད་བསྡུས་ནས་ལོ་ཙཱ་ནི་དོན་གྱིས“གསར་རྩོམ”རྣམ་པ་ཅན་གྱི་ལས་སྒོ་ཞིག་ཡིན་པ་གོང་དུ་ཕྱོགས་ཁ་ཤས་ནས་བརྗོད་པ་བཞིན་ཡིན། འདིར་ངེས་པར་ཤེས་དགོས་པ་ཞིག་ལ། ལོ་ཙཱའི་སྐབས་ཀྱི“གསར་རྩོམ”ཞེས་པ་འདི་ནི་དོན་གྱིས“ཡང་བསྐྱར་གསར་རྩོམ”ཞིག་སྟེ། དེ་དང་རྩོམ་པ་པོའི“གསར་རྩོམ”ཞེས་པ་གཉིས་མི་འདྲ། རྩོམ་པ་པོའི་གསར་རྩོམ་ལྟ་བུར་མཚོན་ན་བྲི་བྱའི་རྩོམ་ཡིག་གང་གི་སྤྱི་ཁོག་འབུབ་ཚུལ་དང་མི་སྣ་བཀོད་སྒྲིག བྱུང་རིམ་བཀོད་ཚུལ། ཐ་ན་ཚིག་སྦྱོར་སྤེལ་ཚུལ་དང་རྒྱན་གྱི་སྤྲོས་སྟངས་བཅས་ལ་རང་གི་དགོས་མཁོ་ལྟར་ཅི་འདོད་དུ་བྱ་རུང་མོད། ལོ་ཙཱ་ལ་མཚོན་ན་སྒྱུ་རྩལ་གསར་རྩོམ་ཇི་ལྟར་བྱས་རུང་མ་རྩོམ་གང་གི་སྤྱི་ཁོག་ལས་འདའ་མི་རུང་སྟེ། “ལོ་ཙཱ་བྱ་བ་ནི་རྐང་ལག་བསྡམས་ནས་བྲོ་འཁྲབ་པ་དང་གཉིས་སུ་མེད”ཅེས་པ་ལྟར་ནམ་ཡང་མ་རྩོམ་གྱི་བཀག་རྒྱ་ལས་ཐར་མི་ནུས་ཤིང་། མ་རྩོམ་གང་དེའི་བརྗོད་སྙིང་དང་རྩོམ་ཉམས་ལ་སོགས་ཇི་བཞིན་སོར་འཇོག་བྱ་བའི་དགོས་མཁོ་ལྟར་ཡང་བསྐྱར་གསར་རྩོམ་བྱ་བ་ཡིན། འོན་ཀྱང་ལོ་ཙཱ་བྱེད་དུས་ཡོད་ཚད་མ་ཡིག་གིས་གཅུན་པར་བྱས་ན་ལོ་ཙཱ་ལ་གསར་བཏོད་ཀྱི་རང་དབང་གང་ཡང་མི་ལྡན་པའི་གནད་འདི་ཡང་རྟོགས་དགོས། དེང་དུས་འཛམ་གླིང་སྟེང་འགྱུར་ཡིག་ཁ་ཤས་ཤིག་ལ་མ་རྩོམ་ལས་ཀྱང་ལྷག་པའི་སྙན་གྲགས་དང་གོ་གནས་ཐོབ་ཡོད་པ་འདིའང་དོན་གྱིས་ལོ་ཙཱ་བས་ཡང་བསྐྱར་གསར་རྩོམ་བྱས་པའི་གྲུབ་འབྲས་ཡིན་ལ། ལོ་ཙཱ་ནི་སྒྱུ་རྩལ་གསར་བཏོད་ཀྱི་ལས་རིགས་ཤིག་ཡིན་པའང་ར་སྤྲོད་གང་ལེགས་བྱས་ཡོད་དོ།།