ཆ་རྐྱེན་ངེས་ཅན་འོག་ཏུ་གལ་ཏེ་དོན་རྐྱེན་ཞིག་ངེས་པར་དུ་འབྱུང་སྲིད་ན་དོན་རྐྱེན་དེ་ལ་ལྡོག་མེད་དོན་རྐྱེན་ཟེར། གལ་ཏེ་དོན་རྐྱེན་ཞིག་འབྱུང་མི་སྲིད་ན། དོན་རྐྱེན་དེ་ལ་འབྱུང་མི་སྲིད་པའི་དོན་རྐྱེན་ཟེར། གལ་ཏེ་ཆ་རྐྱེན་ངེས་ཅན་འོག་ཏུ་དོན་རྐྱེན་དེ་འབྱུང་མི་འབྱུང་ལ་ངེས་པ་མེད་ཚེ། དོན་རྐྱེན་དེ་ལ་སྐབས་བསྟུན་དོན་རྐྱེན་ཟེར།
སྐབས་བསྟུན་དོན་རྐྱེན་འབྱུང་བར་ཆོས་ཉིད་མེད་པ་ཡིན་ནམ། ཡར་འཕངས་པའི་ཐེངས་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། སྲ་སྒོར2གྱི་མདུན་ངོས་ཡར་འཁོར་བའི་སྡུར་ཚད་ཆེས་མང་སྟེ། ཕལ་ཆེར་སྤྱི་གྲངས་ཀྱི3/8ཟིན། སྲ་སྒོར3ཡར་འཁོར་བའི་ཐེངས་གྲངས་ཀྱི་སྡུར་ཚད་ཅུང་ཉུང་། སོ་སོས་ཕལ་ཆེར་སྤྱི་གྲངས་ཀྱི1/4ཟིན། ཚང་མ་ཡར་འཁོར་བ་དང་ཚང་མ་འོག་ལ་འཁོར་བའི་ཐེངས་གྲངས་ཀྱི1/16ཟིན། སྲ་སྒོར་མི་གཅིག་པ་དང་དུས་མཉམ་དུ་མདུན་ངོས་ཡར་འཁོར་བའི་སྣང་ཚུལ་བྱུང་བའི་ཐེངས་གྲངས་ནི་དཔེ་རིས་དང་པོ་ལྟར་ཡིན།
སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྡོམ་རྩིས་ཆོས་ཉིད་ཀྱི་བཀོལ་སྤྱོད་གང་སར་མཐོང་ཐུབ། དཔེར་ན། ཉེན་འགོག་ཀུང་ཟིའི་མི་ལུས་ལ་བློ་ཡུལ་ལས་འདས་པའི་གནོད་འཚེ་བྱུང་བའི་ཉེན་འགོག་འགན་ཞུ་བྱེད་དུས། ལས་རིགས་མི་འདྲ་བ་ལྟར་ཉེན་འགོག་འགྲོ་གྲོན་སྤྲོད་དགོས། ཡང་དཔེར་ན། མི་འབོར་གྱི་བདེ་ཐང་ལ་ཞིབ་བཤེར་བྱེད་པའི་སྡོམ་རྩིས་གཞི་གྲངས་བརྒྱུད་ན། ས་ཆ་ལ་ལར་ནད་ཕོག་ཚད་མཐོ་བའི་ནད་རིགས་ཡོད་པ་རྙེད་ཐུབ། ཕྱིས་སུ་མི་སུ་ལ་ནད་ཅི་ཞིག་ཕོག་རྒྱུ་ཐོག་མ་ནས་མི་ཤེས་མོད། འོན་ཀྱང་ས་ཁུལ་དེར་ནད་དེ་བྱུང་བའི་རྒྱུ་རྐྱེན་ཡོད་ངེས་པས་ཞིབ་འཇུག་མི་སྣས་ས་ཁུལ་དེའི་མི་ཚོགས་ཀྱི་འཚོ་བའི་གོམས་སྲོལ་དང་ཁོར་ཡུག་སོགས་ལ་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱས་ན་འབྱུང་རྐྱེན་རྙེད་ཐུབ་པ་རེད།དངོས་བཤེར་འདི་ལས་ང་ཚོས་མཐོང་ཐུབ་པ་ནི། དོན་རྐྱེན་ག་གེ་མོ་ཞིག་ལ་མཚོན་ན། སྲ་སྒོར4གྱི་མདུན་ངོས་ཡར་འཁོར་བའི་སྣང་ཚུལ་གང་བྱུང་ཡང་ཚང་མར་སྐབས་འཕྲལ་རང་བཞིན་ལྡན་མོད། འོན་ཀྱང་དེ་དག་གི་འབྱུང་ངེས་རང་བཞིན་ལ་ཐེ་ཚོམ་མེད། ཡང་གཅིག་བཤད་ན། སྐབས་བསྟུན་དོན་རྐྱེན་མང་པོའི་ཚོགས་སྤྱི་ལ་ཆོས་ཉིད་རང་བཞིན་ངེས་ཅན་ཞིག་མངོན་ལ། ཆོས་ཉིད་དེ་ནི་སྡོམ་རྩིས་ཆོས་ཉིད་ཡིན།
ཚ་བའི་སྣང་ཚུལ་དེ་ཆ་རྡུལ་འབོར་ཆེན་ཚ་བའི་འགུལ་སྐྱོད་ཀྱི་སྡོམ་རྩིས་ཆོས་ཉིད་ལ་འབྲེལ་བ་ཡོད། དབུགས་གཟུགས་ཀྱི་ཚ་བའི་སྣང་ཚུལ་ལ་ཞིབ་འཇུག་བྱེད་དགོས་ན་དབུགས་གཟུགས་ཆ་རྡུལ་འགུལ་སྐྱོད་ཀྱི་ཁྱད་ཆོས་ཤེས་པར་བྱ་དགོས།
གཤེར་གཟུགས་ཀྱི་ཆ་རྡུལ་ནི་གཅིག་རྗེས་གཅིག་མཐུད་ནས་བསྟར་དུ་སྒྲིག་ཡོད་པར་བརྩིས་ཆོག གཤེར་གཟུགས་དེ་དབུགས་གཟུགས་སུ་གྱུར་རྗེས་དེའི་བོངས་ཚད་ལྡབ་སྟོང་ལྷག་ཇེ་ཆེར་འགྱུར་བས་དབུགས་གཟུགས་ཆ་རྡུལ་བར་གྱི་བར་ཐག་ནི་ཕལ་ཆེར་ཆ་རྡུལ་ཚངས་ཐིག་གི་ལྡབ10ཡས་མས་ཡིན་པ་ཤེས་ཐུབ། ཆ་རྡུལ་གྱི་ཆེ་ཆུང་དེ་ཆ་རྡུལ་བར་གྱི་བར་གསེང་ལ་བལྟས་ནས་བཤད་ན་ཧ་ཅང་ཆུང་བས་ཆ་རྡུལ་དེ་སྤུས་ཚེག་ཏུ་རྩིས་ཆོག དབུགས་གཟུགས་ཆ་རྡུལ་བར་གྱི་བར་ཐག་ཅུང་ཆེ་བ་དང་། ཆ་རྡུལ་བར་གྱི་བྱེད་ནུས་ཤུགས་ཅུང་ཞན། ནམ་རྒྱུན་དབུགས་གཟུགས་ཆ་རྡུལ་ནི་ཕན་ཚུན་གདོང་གཏུག་བྱེད་པའམ་སྣོད་ངོས་སུ་གདོང་གཏུག་བྱེད་པ་ལས། ཤུགས་གཞན་མི་ཐེབས་པར་འགྲོས་སྙོམས་དྲང་ཐིག་འགུལ་སྐྱོད་བྱེད་པས་དབུགས་གཟུགས་ཀྱིས་དགང་བྱའི་བར་སྟོང་ཚང་མ་ཁེངས་སྲིད།
སྤྱིར་བཏང་དུ་དབུགས་གཟུགས་ཆ་རྡུལ་གྱི་ཁྱབ་ཚུལ་གཤར་གཟུགས་ལ་ཐར་ཐོ་ཡིན་ན་ཡང་ཆ་རྡུལ་གྲངས་ཀྱི་སྟུག་ཚད་སྔར་བཞིན་ཧ་ཅང་ཆེ། ཚད་ལྡན་རྣམ་པའི་འོག་དབུགས་གཟུགས1 cm3ཁྲོད་ཀྱི་ཆ་རྡུལ་གྲངས་ནི་སའི་གོ་ལའི་སྟེང་གི་སྤྱིའི་མི་གྲངས་ལས་ལྡབ་དུང་ཕྱུར་མང་པོས་མང་། དེ་བས་ཆ་རྡུལ་བསྟུད་མར་གདོང་གཏུག་བྱས་ནས། ཆ་རྡུལ་རེ་རེའི་འགྲོས་ཚད་ཆེ་ཆུང་དང་ཁ་ཕྱོགས་བསྟུད་མར་འགྱུར་བ་རེད། ཆ་རྡུལ་གྱི་འགུལ་སྐྱོད་རྙོག་འཛིང་ཡིན་པས། དུས་མཚམས་ཤིག་ལ་ཁ་ཕྱོགས་གང་རུང་དུ་འགུལ་སྐྱོད་བྱེད་པའི་ཆ་རྡུལ་ཡོད་པ་མ་ཟད། ད་དུང་ཕྱོགས་སོ་སོར་འགུལ་སྐྱོད་བྱེད་པའི་དབུགས་གཟུགས་ཀྱི་ཆ་རྡུལ་གྲངས་ཀ་འདྲ་མཚུངས་ཡིན། འདིར་བཤད་པའི་གྲངས་ཀ་འདྲ་མཚུངས་ཡིན་ཞེསཔ་ནི་ཆ་རྡུལ་འབོར་ཆེན་ལ་བལྟས་ནས་བཤད་པ་ཡིན། གྲངས་ཀ་དངོས་ལ་ཁྱད་པར་ཅུང་ཆུང་བ་ཞིག་ཡོད། ཆ་རྡུལ་གྲངས་ཆེས་མང་པས་དེའི་ཁྱད་པར་ཡོངས་སུ་སྣང་མེད་དུ་བཞག་ཆོག
ཕྲ་མཐོང་གི་ཐད་ནས་བལྟས་ན། དབུགས་གཟུགས་ཀྱིས་ཤོང་སྣོད་ལ་གནོན་དྲག་ཐེབས་པ་ནི་དབུགས་གཟུགས་ཆ་རྡུལ་འབོར་ཆེན་གྱིས་ཤོང་སྣོད་ལ་གདོང་གཏུག་བྱས་པ་ལས་བྱུང་བ་ཡིན་ལ། དེ་ནི་ཆར་ཐིགས་མང་པོས་ཆར་གདུགས་སྟེང་དུ་རྡེག་པ་མཚུངས། ཆར་ཆུའི་ཐིགས་པ་གཅིག་རེ་བཞིན་ཆར་གདུགས་སྟེང་དུ་ལྷུང་བ་ཡིན་རུང་། ཆར་ཐིགས་འབོར་ཆེན་གྱི་གཅིག་བསྡུས་རྡེབ་རྡེག་ལས་ཆར་གདུགས་ལ་རྒྱུན་མཐུད་བྱེད་ནུས་ཤུགས་འབྱུང་དུ་བཅུག
ཕྲ་མཐོང་གི་ངོས་ནས་བལྟས་ན། དབུགས་གཟུགས་གནོན་དྲག་གི་ཆེ་ཆུང་དེ་རྒྱུ་རྐྱེན་གཉིས་ལ་རག་ལས་ཏེ། གཅིག་ནི་དབུགས་གཟུགས་ཆ་རྡུལ་གྱི་ཆ་སྙོམས་འགུལ་ནུས་ཡིན་པ་དང་། ཅིག་ཤོས་ནི་ཆ་རྡུལ་གྱི་སྟུག་ཚད་ཡིན།
ཆ་རྡུལ་འགུལ་སྐྱོད་གཞུང་ལུགས་བཀོལ་ན་དབུགས་གཟུགས་དངོས་བཤེར་གཏན་སྲོལ་ལ་འགྲེལ་བཤད་ལེགས་པོ་རྒྱག་ཐུབ།
སྤུས་ཚད་ངེས་ཅན་གྱི་འདོད་མཐུན་དབུགས་གཟུགས་ཤིག་དྲོད་ཚད་མི་འགྱུར་བའི་སྐབས་སུ། ཆ་རྡུལ་གྱི་ཆ་སྙོམས་འགུལ་ནུས་གཏན་འཇགས་ཡིན། གནས་ཚུལ་འདི་ལྟ་བུའི་འོག་བོངས་ཚད་ཇེ་ཆུང་དུ་འགྲོ་སྐབས། ཆ་རྡུལ་གྱི་འདུས་ཚད་ཇེ་ཆེར་སོང་ན། དབུགས་གཟུགས་ཀྱི་གནོན་དྲག་ཇེ་ཆེར་འགྲོ་བ་ཡིན། འདི་ནི་པོ་ལེ་ངེས་སྲོལ་གྱི་ཕྲ་མཐོང་འགྲེལ་བཤད་ཡིན།
སྤུས་ཚད་ངེས་ཅན་གྱི་འདོད་མཐུན་དབུགས་གཟུགས་ཤིག་བོངས་ཚད་མི་འགྱུར་བའི་སྐབས། ཆ་རྡུལ་གྱི་འདུས་ཚད་མི་འགྱུར། གནས་ཚུལ་འདི་འདྲའི་འོག་དྲོད་ཚད་ཇེ་མཐོར་འགྲོས་སྐབས། ཆ་རྡུལ་གྱི་ཆ་སྙོམས་འགུལ་ནུས་ཇེ་ཆེ་དང་དབུགས་གཟུགས་ཀྱི་གནོད་དྲག་ཇེ་ཆེར་འགྲོ། འདི་ནི་ཆར་ལེ་ངེས་སྲོལ་ཕྲ་མཐོང་འགྲེལ་བཤད་ཡིན།
སྤུས་ཚད་ངེས་ཅན་གྱི་འདོན་མཐུན་དབུགས་གཟུགས་ཤིག་དྲོད་ཚད་ཇེ་མཐོར་འགྲོ་སྐབས། ཆ་རྡུལ་གྱི་ཆ་སྙོམས་འགུལ་ནུས་ཇེ་ཆེར་འགྲོ། དབུགས་གཟུགས་ཀྱི་བོངས་ཚད་ཁོ་ན་དུས་མཚུངས་སུ་ཇེ་ཆེར་སོང་ན་ཆ་རྡུལ་གྱི་འདུས་ཚད་ཇེ་ཉུང་དུ་སོང་ནས་གནོན་དྲག་མི་འགྱུར། འདི་ནི་ཀས-ལུ་སུ་ཁི་ངེས་སྲོལ་གྱི་ཕྲ་མཐོང་འགྲེལ་བཤད་ཡིན།