འཇམ་དབྱངས་རྒྱ་མཚོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2017-09-18 16:39ལ་འགྲུབ།

འཇམ་དབྱངས་རྒྱ་མཚོ།

ཁོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ་འཁྲུངས་ཤིང་། མདོ་སྔགས་རིག་གནས་ལ་མཁྱེན་རྒྱ་ཡངས་བ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་བསང་ཆུ།
འཁྲུངས་ལོ།
སྤྱི་ལོ 1933
ལས་རིགས།
ཡོངས་འཛིན།
1 ​ངོ་སྤྲོད།

ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་རྒྱ་མཚོ་མཆོག་ནི་སྤྱི་ལོ1933ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོ་ཚེ་རྩྭ་ཐང་གི་འབྲོག་ཁྱིམ་ཞིག་ཏུ་འཁྲུངས་ཤིང་། ཕུ་ནུ་མིང་སྲིང་དགུ་ཡོད་པ་ལས་ཁོང་ནི་བུ་ཆེ་མགོ་ཡིན། ཁོ་ཚེ་རྩྭ་ཐང་ནི་བསང་ཆུ་རྩྭ་ཐང་གི་ཆེས་འབྱོར་ཕྱུག་ལྡན་པའི་རྩྭ་ཐང་ཞིག་ཡིན་ལ། དབྱར་དུས་སུ་ཁོ་ཚེ་རྩྭ་ཐང་ནི་གཡུ་ཡི་ཞུན་མ་ལན་བརྒྱར་བྱུགས་པ་དང་འདྲ་བར་ལྗང་ནེམ་ནེམ་དུ་ཡོད་ཅིང་། མེ་ཏོག་སྣ་ཚོགས་ཕྲ་ཚོམ་བཏབ་པ་ལྟར་རྩྭ་ཐང་གི་ཕང་བར་མགོ་ལྕོག་ལྡེམ་ལྡེམ་གཡོ། རྒྱང་རིང་གི་རི་ཚོགས་ལྟ་ན་སྡུག་ཅིང་རྫི་བོའི་གླུ་སྐད་སྙན་མོ་མཁའ་མཐའི་སྤྲིན་པའི་ཕང་བར་འཁྱིལ། རྩྭ་ཐང་གི་རང་བྱུང་ཁོར་ཡུག་ལྟ་བས་མི་ངོམས་པ་བཅས་མཛེས་སྡུག་གི་སྣང་ཚུལ་ཡོད་ཚད་ཀྱིས་ཁོང་ལ་བསྩལ་བ་ནི་ལྷིང་འཇགས་ཀྱི་ཁོར་ཡུག་བཟང་བོ་ཞིག་ལགས། ཁོང་ནི་བུ་ཆེ་བ་ཡིན་པས་སྤྱིར་ཡིན་ན་རང་ཉིད་ཀྱི་ཡབ་ཆེན་དང་འདྲ་བའི་སྐྱེས་ཕོ་རབ་ཞིག་གི་སྟོབས་ཀྱིས་ནང་ཕུ་ནུར་བདག་སྐྱོང་བྱེད་པའི་འགན་ཕྲག་ཏུ་ལེན་དགོས་པ་ཡིན་མོད། ཁོང་གི་ཕ་མའི་རེ་བ་ནི་ཁྱིམ་གྱི་བུ་ཆེ་མགོ་འདི་ངུར་སྨུག་གོས་སུ་གྱོན་པའི་རབ་བྱུང་བ་ཞིག་ཏུ་འགྱུར་རྒྱུའི་འདུན་པ་བཅངས་པ་ལྟར། སྤྱི་ལོ1949ལོར་དགེ་བའི་བཤེས་གཉེན་ཆེན་མོ་འཇམ་དབྱངས་རྒྱ་མཚོ་ཁོང་ཉིད་བླ་བྲང་དགོན་པའི་དགེ་བཤེས་འཇིགས་མེད་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་།

དམ་པ་གང་དེས《བསེ་བསྡུས་རྩ་བ》དང《བསྟོད་ཆེ་བཞི》《གྲུབ་མཐའ་རྩ་བ》《གྲུབ་མཐའ་རིན་ཆེན་ཕྲེང་བ》《ས་ལམ་ཐེག་གསུམ་མཛེས་རྒྱན》《དོན་བདུན་ཅུའི་མཐའ་དཔྱོད》《ཚད་མ་རྣམ་འགྲེལ་གྱི་རྩ་བ》《མངོན་རྟོགས་རྒྱན》《མངོན་རྟོགས་རྒྱན་གྱི་རྩ་བ》《དབུ་མ་ལ་འཇུག་པ》《རྒྱུད་བླ་མ》《སྤྱོད་འཇུག》《ཀུན་གཞིའི་རྩ་བ》《ལེགས་བཤད་གསེར་ཕྲེང》《དྲང་ངེས་ལེགས་བཤད་སྙིང་བོ》《མངོན་རྟོགས་རྒྱན་གྱི་མཐའ་དཔྱོད》《རྟེན་འབྲེལ་ལུང་རིག་བང་མཛོད》《བསམ་གཟུགས་ལེགས་བཤད་བུམ་བཟང》《མཛོད་རྩ་འགྲེལ》《འདུལ་བའི་རྩ་བ》《དབྱངས་ཅན་སྒྲ་མདོ》སོགས་བསྟན་བཅོས་མང་པོ་ཐུགས་འཛིན་གནང་བས་མདོ་སྔགས་རིག་གནས་ལ་མངའ་བསྒྱུར་བའི་མཁས་པའི་གོ་འཕང་བརྙེས།

2 མི་ཚེ་བརྒྱུད་རིམ།

སྤྱི་ལོ1956ལོར་བླ་བྲང་དགོན་པའི་མཁས་འདུས་པ་རྒྱ་མཚོའི་དབུས་སུ་རིག་ལམ་དྲི་མ་མེད་པའི་རྟགས་གསལ་བཏང་བས་མཚན་སྙན་རྒྱ་ཆེར་རྒྱས།

སྤྱི་ལོ198ལོར་ལོ་རྒྱུས་དུས་ཟིང་གི་རྐྱེན་གྱིས་དགོན་པ་དང་ཁ་བྲལ་ཏེ་ཕ་ཡུལ་དུ་ལོག་དགོས་བྱུང་། ལོ་བཞིའི་རྗེས་སུ་ཡང་བསྐྱར་བླ་བྲང་དགོན་པར་ལོག་པ་མ་ཟད་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་མནོས།

སྤྱི་ལོ1963ལོར་དམ་པ་ཁོང་ཉིད་ལ་རབ་འབྱམས་པའི་གོ་མིང་ཐོབ།

རིག་གསར་གྱི་སྐབས་སུ་ཁོང་ཉིད་ཕྱིར་ཕ་ཡུལ་ཁོ་ཚེ་རུ་ལོག་པ་དང་། ལོ་ངོ་དེ་དག་ལ་དམ་པ་ཁོང་གྲོང་ཁྱིམ་དུ་བཞུགས་ཀྱང་སྔར་བཞིན་དུ་འདུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས།

སྤྱི་ལོ1971ལོར་ཁོང་ཉིད་ཡང་བསྐྱར་བླ་བྲང་དགོན་པར་ཕེབས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་དང་། དགེ་བཤེས་བསང་ཁོག་འཇིགས་མེད་སོགས་སྐྱེས་ཆེན་དམ་པ་མང་བོའི་ཞབས་ལ་གཏུགས་ཏེ་གསང་སྔགས་ཀྱི་དབང་ལུང་མཐའ་དག་གསན། དགུང་ལོ40བཞེས་སྐབས་སུ་གྲྭ་བཙུན་མང་པོར་གཞུང་བཀའ་པོད་ལྔའི་འཆད་ཁྲིད་གནང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་སླར་གསོ་མཛད།

སྤྱི་ལོ1985ལོར་རང་ཞིང་གི་ཡུལ་ཕྱོགས་སོ་སོར་ཕེབས་ཏེ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭར་སློབ་མ་བསྡུས་པ་དང་ནང་བསྟན་སློབ་གྲྭའི་སློབ་དཔོན་ཆེན་མོའི་འགན་བཞེས།

སྤྱི་ལོ1993ལོར་ཐུའུ་བཀྭན་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་དང་ཟམ་ཚ་ཚང་སྐུ་ཕྲེང་བདུན་པའི་ཡོངས་འཛིན་གྱི་བགྱི་བ་དང་དུ་བླངས།

སྤྱི་ལོ1996ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་དུ་བཞུགས་པ་མ་ཟད། དུས་འཁོར་དབང་ཆེན་གྱི་བརྒྱུད་པ་དང་མན་ངག་གི་ཆོས་སྦྱིན་གྱིས་འགྲོ་ལ་ཕན་པའི་དོན་རྒྱ་ཆེར་སྤེལ་བཞིན་བཞུགས་སོ།།