དགོན་སྡེ་འདི་ནི་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་གྲོང་རྡལ་རྭ་ཅོ་ཡུལ་ཚོ་ན་ཡོད། མཚན་ལ་ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་སྟེ་སྤྱིར་བཏང་ཚ་ཁོ་དགོན་ཞེས་གྲགས་པའོ། ། དགོན་སྡེ་འདི་ནི་སྔོན་ཀཿ ཐོག་པ་ཡིན་ཡང་། རྗེས་སུ་བོད་རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ1409ལོ་ལ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་དང་རོང་ཆེན་ལྗགས་ནག་པ་ཆེན་པོ་རྣམ་གཉིས་ཀྱིས་གསར་འདེབས་བྱས་པ་ལགས་སོ། །
དགོན་སྡེ་སྐྱོང་ཁུར་གནང་བའི་མཁན་རབས་ནི། དང་བོ། ཚ་ཆེན་ངག་དབང་གྲགས་པ། ཅོག་ཙེའི་ཆུ་ཕུག་ནས་འཁྲུངས་ཟེར། གཉིས་པ། རོང་ཆེན་དགེ་འདུན་རྒྱ་མཚོ། གསུམ་པ། ཀི་ལོག་དགེ་བཤེས་ལྷ་རམས་པ། བཞི་བ། བླ་མ་པདྨ། ལྔ་བ། བླ་མ་བསམ་འཕེལ། རྭ་ཅོ་ལ་འཁྲུངས། དྲུག་པ། བླ་མ་བསྟན་འཕེལ། རྭ་ཅོ་ལ་འཁྲུངས། བདུན་པ། བླ་མ་ཡོན་ཏན། བརྒྱད་པ། བླ་མ་དབང་ཕྱུག་སོགས་ཀྱིས་དགོན་སྡེ་བདག་སྐྱོང་གནང་པའོ། །
དགོན་སྡེ་འདི་ནི་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཡིན་ལ། དབྱར་གནས་དང་དགེ་ལྡན་ལྔ་མཆོད་ཆེན་མོ་སོགས་ཡོད། དགོན་འདིར་བཞུགས་པའི་སྔགས་གྲྭ་ལ20ལྷག་བཞུགས་ཡོད། སྤྱི་ལོ1983ལོར་འབར་ཁམས་གྲོང་ཁྱེར་གྱིས་ཆོག་མཆན་གནང་སྟེ་ཆོས་སྒོ་ཕྱེ་པའོ། །
འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེ་གྲོང་རྡལ་རྭ་ཅོ་ཡུལ་ཚོ།