ཚེ་རིང་འཚོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2017-09-18 10:05ལ་འགྲུབ།

ཚེ་རིང་འཚོ།

དགེ་རྒན་ཆེན་མོ་ཚེ་རིང་འཚོ་ལགས་ནི་ཀན་ལྷོ་གཙོས་གྲོང་ཁྱེར་དུ་སྐྱེས་ཤིང་། ཆུང་དུས་སུ་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཡག་པོ་མེད་ཀྱང་རང་གི་འབད་བརྩོན་དང་ནུས་པ་ལ་བརྟེན་ནས་རྗེས་སུ་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ལ་བྱས་རྗེས་མང་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
འཁྲུངས་ཡུལ།
ཀན་ལྷོ་གཙོས་གྲོང་ཁྱེར།
འཁྲུངས་ལོ།
སྤྱི་ལོ1959
ལས་རིགས།
སློབ་གསོ་བ།
1 ​ངོ་སྤྲོད།

སྤྱི་ལོ1959ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་ཞང་རྟ་ཕུར་སྡེ་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་སུ་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་མེད་པས་ལོ་དགུའི་སྟེང་དུ་ཨ་ཕས་ཁོ་མོ་སྤྱི་ལེ་བཞི་བཅུའི་ཕ་རོལ་གྱི་ཞང་ལྟེ་བའི་སློབ་ཆུང་དུ་སློབ་གཉེར་བྱེད་པར་བསྐྱལ། དུས་དེར་མོས་རྒྱ་ཡིག་དང་རྒྱ་སྐད་སོགས་མི་ཤེས་པའི་རྐྱེན་གྱིས་དཀའ་ངལ་མང་བོར་འཕྲད་ཀྱང་། དགེ་རྒན་གྱི་ཐུགས་ཁུར་དང་རོགས་སྐྱོར་འོག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྦྱང་བྱ་མཐའ་དག་ལ་སྦྱངས་བ་གཏིང་ཐུག་པ་བྱས་ཏེ་སྤྱི་ལོ1977ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་། དེ་ནས་ཀྱང་རྣམ་གཡེང་དང་ལེ་ལོ་རིང་དུ་དོར་ཅིང་ཁེངས་སྐྱུངས་དང་ཞི་དལ་བག་ཡོད་ཀྱི་སྤྱོད་པ་ལྷུར་བཞེས་ནས། བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན་དང་དོར་ཞི་གདོང་དྲུག་སྙེམས་བློ། དཔའ་རིས་སངས་རྒྱས་སོགས་བསྟེན་པའི་མཐུ་ལས་བསླབ་ཚན་མཐའ་དག་ལ་ཕྱོགས་རིས་མེད་པར་སྦྱངས་བ་གང་ལེགས་མཛད་ནས་སྦྱངས་འབྲས་གཟེངས་སུ་ཐོན་པ་བླངས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982ལོར་སློབ་མཐར་ཕྱིན་པ་དང་སློབ་གྲྭ་དེ་གའི་དགེ་རྒན་གྱི་བྱ་བ་གཉེར་ཏེ་བོད་ཡིག་སྡེ་ཁག་གི་དངོས་གཞི་སློབ་མར་ཆེད་ལས་རྨང་གཞི་སློབ་ཁྲིད་བྱས།

སྤྱི་ལོ1994ལོར་སྡེ་ཁག་གི་བཀོད་སྒྲིག་ལྟར《རྩིས་འཁོར་དབྱིན་ཡིག》གི་སློབ་ཁྲིད་ལས་འགན་དང་སྒྲིག་སྒྱུར་གྱི་ལས་འགན་དང་ལེན་བྱས།

སྤྱི་ལོ2000ལོ་ནས་བཟུང་མོས་ལོ་རྒྱུས་སྡེ་ཁག་དང་སོག་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ལ་སློབ་ཁྲིད་བྱེད་པའི་འགན་བཞེས།

སྤྱི་ལོ2002ལོར་ཀན་སུའུ་ཞིང་ཆེན་གྱི“ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་ཐོབ།

སྤྱི་ལོ2005ལོ་ནས་སྤྱི་ལོ2006ལོའི་བར་ལ་ཨ་མེ་རི་ཁའི་ཧྭ་ཧྥོ་སློབ་ཆེན་གྱི་ཧི་མ་ལ་ཡའི་ཞིབ་འཇུག་ཁང་དུ་སོང་ནས་བཅར་འདྲིའི་འགན་དང་དུ་བླངས།

3 བརྩམས་ཆོས་གཙོ་གྲས།

བརྩམས་ཆོས་གཙོ་བོ་ལ《སྙན་གཞུང་མེ་ཏོག་མ》དང་དཔྱད་རྩོམ《དབྱིན་བོད་སྐད་གཉིས་ཀྱི་ཞིབ་བསྡུར་དང་སློབ་ཁྲིད་ཞིབ་འཇུག》《ཀྲུང་གོའི་ཀན་སུའུ་རྨ་ཆུ་རྫོང་གི་བོད་རིགས་འབྲོལ་ཁུལ་གྱི་སྤྱི་ཚོགས་ཕོ་མོའི་འབྲེལ་བར་བརྟག་དཔྱད་ཞིབ་འཇུག་བྱེད་པ》《དུས་རབས་ཉེར་གཅིག་ལ་ཕྱོགས་པའི་བོད་ཀྱི་སྙན་ངག་ཁྲིད་ཐབས་གསར་བ》《རྩོམ་རིག་གི་ཁྱད་ཆོས་རགས་ཙམ་གླེང་བ》《བོད་རྒྱ་དབྱིན་གསུམ་གྱི་དཔེ་རྒྱན་གྱི་ཞིབ་བསྡུར་དང་ལོ་ཙཱ》སོགས་དཔྱད་རྩོམ་མང་པོ《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་སློབ་གསོ》《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》སོགས་ཀྱི་སྟེང་དུ་སྤེལ་མྱོང་ངོ་།།