ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་གྱི་ཤེས་རྟོགས་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞིའི་ཐོག ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ལྟ་བ་གཅིག་དང་རྩ་གནད་གཉིས་ཀྱི་རྩ་བའི་ལམ་ཕྱོགས་སྙིང་བསྡུས་དང་རྒྱས་བཤད་གསལ་བོར་གནང་བ་སྟེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་རྒྱན་འཁྱོངས་བྱེད་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་ཏང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱེད་པའོ།།
སྤྱི་ལོ1922ལོར་བསྡུས་པའི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་རྨིན་གྱིས་ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དེ་མཛུབ་སྟོན་བྱས་ནས། ལོ་རབས90པར་བཅོས་སྒྱུར་དང་འཛུགས་སྐྲུན་གྱི་འགན་གཙོ་བོ་སྟེ། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཇེ་མགྱོགས་སུ་གཏོང་བ་དང་། སེམས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་གོང་དུ་སྤེལ་དགོས་པ་བཏོན། ཁོང་གིས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་དམིགས་ཡུལ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་རྒྱུ་དེ་ཡིན་པ་དང་། དེས་སྔར་ལས་ལྷག་པར་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གོང་དུ་སྤེལ་བར་ཕན་ཐོགས་པ་བཏོན། ཚོགས་ཆེན་བཅུ་བཞི་བའི་སྟེང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཏེ། གཞུང་ལུགས་འདི་ཉིད་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་དགོས་པ་བཏོན་པར་མ་ཟད། ད་དུང་ཏེང་ཞའོ་ཕིང་གིས་གཞུང་ལུགས་འདི་གསར་བཏོད་བྱེད་པའི་ཐད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་མཛད་རྗེས་གལ་ཆེན་བཞག་ཡོད་པ་བསྟན། ཁོང་ནི་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཁྱབ་ཇུས་འགོད་པ་ཡིན། ཐེངས་དེའི་ཚོགས་ཆེན་ལས་རང་རྒྱལ་ལ་དུས་རབས་འདིའི་མདུན་སྐྱོད་བགྲོད་ལམ་འཆར་འགོད་བྱས་པར་མ་ཟད། ད་དུང་དུས་རབས་21པར་བསྐྱོད་པའི་བྱེད་སྒོའི་རྩ་འཛིན་ཡང་གཏན་འབེབས་བྱས། ཐེངས་དེའི་ཚོགས་ཆེན་ལས་ཅང་ཙེ་རྨིན་སྲོག་ཤིང་ཡིན་པའི་ཏང་གི་མགོ་ཁྲིད་ཚོགས་ཁག་རབས་གསུམ་པ་གྲུབ།