དབྱིན་ཇི་དང་ཨ་མེ་རི་ཁ་བཙན་རྒྱལ་རིང་ལུགས་ཀྱིས་ཉིང་ཧན་མཉམ་ལས་ལ་བརྟེན་ནས། འཇའ་ཕན་གྱིས་རྒྱབ་སྐྱོར་བྱེད་པའི་ཧྥེང་ཤོག་དམག་ཤེད་ཅན་ཀྲང་ཙའོ་ལིན་ལ་དཔུང་འཇུག་བྱེད་བསམ། འོན་ཏེ་ཅང་ཅེ་ཧྲིས་ཐོག་མར་ཝུའུ་ཧན་ལ་དཔུང་འཇུག་བྱེད་བསམ་པ་དེ་འཇའ་ཕན་བཙན་རྒྱལ་རིང་ལུགས་ཀྱི་བསམ་ཚུལ་དང་གཅིག་མཐུན་བྱུང་། ཡིན་ནའང་། བསམ་ཚུལ་དེའི་རྗེས་སུ་འབྲང་མཁན་མེད་ཀྱང་། དབྱིན་ཇི་དང་ཨ་མེ་རི་ཁའི་རྒྱབ་སྐྱོར་ཡང་མ་ཐོབ་ཕྱིར། དམག་ཤེད་ཅན་གསར་བའི་ནང་ནས་ཅང་ཅེ་ཧྲིའི་གོ་འཕང་ཉམས་པར་གྱུར། རང་ཉིད་ཀྱི་གོ་གནས་གཏན་འཇགས་དང་མཐོར་འདེགས་ཡོང་བའི་ཆེད་དུ། ཅང་ཅེ་ཧྲིས་ངེས་པར་དུ་ཕྱི་རྒྱལ་ནས་བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་སྐྱོར་སྔར་ལས་ལྷག་པ་ཞིག་འཚོལ་དགོས་པར་སྙམ་སྟེ། བཤོལ་ཐབས་ལ་བརྟེན་ནས་མདུན་སྐྱོད་བྱེད་པའི་ཐབས་སྤྱད་དེ། སྤྱི་ལོ1927ལོའི་ཟླ8པར་སྲིད་དོན་དང་བྲལ་བ་ཡོངས་བསྒྲགས་བྱས། སྤྱི་ལོ1927ལོའི་སྟོན་ཀར། ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་དེ་ནན་ཅིང་དུ་གནས་སྤར་ཏེ། ནན་ཅིང་གྱི་་རྒྱལ་དམངས་སྲིད་གཞུང་དང་ཟླ་སྒྲིལ་བྱས། ལོ་རྒྱུས་ཐོག་དེ་ལ་ཉིང་ཧན་མཉམ་འབྲེལ་ཟེར། རྒྱལ་དམངས་སྲིད་གཞུང་ནི་ཞིང་བདག་ཆེན་པོ་དང་འབྱོར་ལྡན་གྲལ་རིམ་ཆེན་པོའི་ཁེ་ཕན་གྱི་ཚབ་བྱེད་ཡིན། དེ་བཙུགས་པའི་གོ་མིན་ཏང་གཅིག་པུའི་སྲིད་དབང་སྒེར་གཅོད་བྱེད་པའི་དབང་སྒྱུར་གྱི་མགོ་ཚུགས་པ་མཚོན།
སྤྱི་ལོ1928ལོའི་ལོ་མགོར། རྒྱལ་དམངས་སྲིད་གཞུང་གིས་ཅང་ཅེ་ཧྲི་ཆེད་དུ་རྒྱལ་དམངས་གསར་བརྗེ་དམག་སྤྱིར་བསྐོས། དེར་མཐུད་ནས་གོ་མིན་ཏང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནན་ཅིང་དུ་འཚོགས། གྲོས་ཚོགས་ཀྱིས་ཅང་ཅེ་ཧྲིས་བཏོན་པའི་ཐུན་མོང་གཅིག་གྱུར་གྱིས་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི་འདོད་བློ་དེ་ལག་ལེན་མཐར་ཕྱིན་བྱས་པ་མ་ཟད། ད་དུང་རྒྱལ་དམག་གསར་བརྗེའི་དམག་སྤྱི་ཡིས་ཀྲུང་གོའི་གོ་མིན་ཏང་གི་ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་དང་རྒྱལ་དམངས་སྲིད་གཞུང་གི་དམག་དོན་ཐད་འགན་ཁུར་དགོས་པ་གཏན་ཁེལ་བྱས། དེ་ལྟར་ཅང་ཅེ་ཧྲིར་གོ་མིན་ཏང་གི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་གོ་གནས་ཐོབ།
སྤྱི་ལོ1928ལོའི་ཟླ8པར། གོ་མིན་ཏང་གིས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཚོགས་ནས་དམག་སྲིད་དུས་སྐབས་མཇུག་བསྒྲིལ་བ་དང་སློབ་སྲིད་ཀྱི་དུས་སྐབས་མགོ་ཚུགས་པ་ཡོངས་བསྒྲགས་བྱས། ཅང་ཅེ་ཧྲིས་ཏང་གིས་རྒྱལ་ཁབ་སྐྱོང་བ་ཞེས་པའི་དར་ཆ་བསྒྲེངས་ནས་དམག་སྲིད་གཅིག་གྱུར་དང་སློབ་སྲིད་ལག་བསྟར་བྱས་ནས། མིང་དུ་ཀྲུང་དབྱང་གི་དབང་སྒྱུར་ལ་ཤུགས་སྣོན་པར་ཁ་གཡར་བ་དང་། དོན་དུ་རང་ཁོངས་མིན་པ་ཕྱིར་འབུད་བྱས་ཏེ། སྒེར་གཅོད་ཀྱི་དབང་སྒྱུར་བཙུགས། ཟླ10བར། གོ་མིན་ཏང་ཀྲུང་དབྱང་གིས་སློབ་སྲིད་རྩ་འཛིན་བསྒྲགས། རྩ་ཁྲིམས་དུ་སློབ་སྲིད་དུས་སྐབས་སུ་ཀྲུང་གོ་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་དམངས་ཀྱི་ཚབ་བྱས་ནས་རྒྱལ་དམངས་ལ་མགོ་བྱས་ཏེ་སྲིད་དབང་ལག་བསྟར་བྱེད་པ་དང་། གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྲོལ་སྐབས་སྲིད་དབང་དེ་ཀྲུང་གོ་གོ་མིན་ཏང་ལས་འཛིན་ཨུ་ཡོན་ལྷན་ཁང་ལ་བཅོལ་ནས་ལག་བསྟར་བྱེད་པ་དང་། སློབ་སྲིད་བརྒྱུད་ནས་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རྦད་དེ་རྒྱལ་དམངས་ཚོགས་ཆེན་གྱི་ཚབ་བྱེད་དུ་གྱུར།