དེང་རབས་སྤྱི་ཚོགས་སུ། མི་རྣམས་ཀྱི་འཚོ་བ་དང་། ཐོན་སྐྱེད་ཐམས་ཅད་གློག་ལ་ཁ་བྲལ་མི་ཐུབ་པ་དང་། མི་རྣམས་ཀྱིས་བཀོལ་བའི་གློག་ཉུང་ཤས་ནི་གློག་སྨན་འདོན་སྤྲོད་བྱེད་ཅིང་། མང་ཆེ་བའི་གློག་ནི་གློག་འདོན་བཟོ་གྲྭ་དང་གློག་འདོན་ས་ཚུགས་ཀྱིས་གློག་འདོན་པར་བརྟེན་ནས་ཐོབ་པ་རེད།
གློག་འདོན་པ་ནི་རྣམ་པ་གཞན་རིགས་སྣ་ཚོགས་ཀྱི་ནུས་པ་སྤྱོད་པ་སྟེ། དཔེར་ན་རྫས་འགྱུར་ནུས་པ་དང་། ཆུ་ནུས། རླུང་ནུས། མ་རྡུལ་ནུས་པ། ཉི་མའི་ནུས་པ་ལྟ་བུ་སོགས་ཏེ། སྒྲིག་ཆས་ངེས་ཅན་ལ་བརྒྱུད་དེ་གློག་འདོན་འཕྲུལ་འཁོར་འདེད་སྒུལ་བྱས་ཏེ་གློག་ནུས་འབྱུང་དུ་འཇུག་པའི་བརྒྱུད་རིམ་ཞིག་ཡིན། དེའི་ཕྱིར་སྔོན་ཐོན་གྱི་གློག་འདོན་འཕྲུལ་འཁོར་བཟོ་སྐྲུན་བྱེད་རྒྱུ་གལ་ཆེན་རེད། ད་ལྟ་འཛམ་གླིང་ཐོག་ཏུ་གློག་འདོན་ཐབས་གཙོ་བོ་ནི་མེ་ཤུགས་གློག་འདོན། ཆུ་ཤུགས་གློག་འདོན། ཉིང་ནུས་གློག་འདོན་རེད། ས་ཆ་ལ་ལས་ཉི་མའི་ནུས་པ་དང་མཚོ་རླབས་ནུས་པ་བཀོལ་ནས་གློག་འདོན། ཚན་རིག་པ་རྣམས་ཀྱིས་ཆིང་ནུས་གློག་འདོན་པ་དང་སྡུད་རྒྱུན་གཟུགས་གློག་འདོན་པ་སོགས་ཐབས་གསར་བར་ཞིབ་འཇུག་བྱེད་བཞིན་ཡོད།
དུས་རབས་ཉེར་གཅིག་གི་འགོ་ལ་ཀྲུང་གོའི་གློག་ཤུགས་གྲུབ་ཚུལ་ནི། མེ་ཤུགས་གློག་འདོན་ཕལ་ཆེར75%ཟིན་པ་དང་། ཆུ་ཤུགས་གློག་འདོན་ཕལ་ཆེར24%ཟིན། ཉིང་ནུས་གློག་འདོན་པ་ཕལ་ཆེར1%ཟིན། ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་ད་དུང་རླུང་ཤུགས་གློག་འདོན་པ་གསར་སྤེལ་བྱེད་བཞིན་འདུག ལྷ་ས་ནས་ད་དུང་ས་དྲོད་ནུས་པའི་ཐོན་ཁུངས་འཛོམས་པོ་ཡོད་པ་བེད་སྤྱད་དེ་སྤྲོད་ནུས་པའི་གློག་འདོན་པ་གསར་སྤེལ་བྱེད་ཆོག་པ་རེད།