གནའ་ནས་ད་བར་དུ་མི་རྣམས་ཀྱིས་རང་རང་གི་ལྟ་ཚུལ་ཁྱེར་ནས་ཆབ་སྲིད་ཀྱི་སྒྲིག་གཞིའི་རྣམ་པར་གོ་དོན་དང་དབྱེ་བ་མང་དུ་མཛད་ཡོད་མོད། འོན་ཀྱང་ཞིབ་འཇུག་པ་རེ་རེའི་ཟུར་མི་འདྲ་བའི་མཐོང་རྒྱ་དང་ཞིབ་འཇུག་གི་ཐབས་ལམ་མི་འདྲ་བའི་དབང་གིས། ནམ་ཡིན་ཡང་ལྟ་ཚུལ་གཅིག་གྱུར་གྱི་སྡོམ་ཚིག་ཅིག་ཏུ་འབབ་ཐུབ་མེད།དེ་དག་ལས་ཅུང་ཚབ་མཚོན་རང་བཞིན་དུ་བགྲངས་ཆོག་པ་ནི་ཨ་རིའི་ཆབ་སྲིད་རིག་པ་བ་པའོ་ཅཱེ་སི་ཡི་སྒྲིག་གཞི་དབྱེ་སྟངས་ཡིན་ཏེ།
(1) དབང་འཛིན་ལས་ཁུངས་དང་སྲིད་གཞུང་ལས་ཁུངས་གཉིས་ལ་ཁྱད་པར་ཡོད་མེད་ལྟར་དབྱེ་ན། དངོས་བརྒྱུད་སྲིད་གཞུང་དང་གཞན་བརྒྱུད་སྲིད་གཞུང་གཉིས་སུ་དབྱེ་ཡོད།
(2) རྒྱལ་ཁབ་ཀྱི་གཙོ་འཛིན་བསྐོ་བའི་ཐབས་ལམ་ལྟར་དབྱེ་ན། རྒྱུད་འཛིན་སྲིད་གཞུང་དང་འདེམས་བསྐོའི་སྲིད་གཞུང་གཉིས་སུ་དབྱེ་ཡོད།
(3) སྲིད་འཛིན་དང་ཁྲིམས་འཛུགས་ལས་ཁུངས་དབར་གྱི་འབྲེལ་བ་ལྟར་དབྱེ་ན། སྲིད་སྐྱོང་ནང་མའི་ལམ་ལུགས་དང་ཙུང་ཐུང་ལམ་ལུགས་གཉིས་སུ་དབྱེ་ཡོད།
(4) སྲིད་གཞུང་ལས་ཁུངས་ཀྱི་འགན་དབང་ཁྱབ་ཁོངས་ལྟར་དབྱེ་ན། གཅིག་འཛིན་ལམ་ལུགས་དང་མཉམ་སྡེབ་ལམ་ལུགས་གཉིས་སུ་དབྱེ་ཡོད།
རྒྱལ་ཁབ་ཅིག་གིས་སྲིད་དབང་སྒྲིག་གཞི་ག་འདྲ་ཞིག་དོན་དུ་གཉེར་ན་ཡང་། སྤྱི་ཚོགས་ཀྱི་རིམ་པ་སོ་སོ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ལ་འབྲེལ་བ་ཡོད། སྤྱི་ཚོགས་གར་གནས་ཀྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་སྲོལ་རྒྱུན། མི་རིགས་གྲུབ་ཚུལ་སོགས་ཀྱིས་ཚོད་འཛིན་ཡང་ཐེབས་ཀྱི་ཡོད། དེ་བཞིན་བཀས་བཀོད་རྒྱུན་འཛིན་ལམ་ལུགས་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་གཞི་ནི་ཞིང་བདག་ལམ་ལུགས་ཡིན་སྲིད་ལ། སྤྱི་མཐུན་ལམ་ལུགས་ཡིན་ཡང་སྲིད། ཡིན་ཡང་། ངོ་བོ་མི་འདྲ་བའི་རྒྱལ་ཁབ་ཀྱིས་ཀྱང་དེ་མཐུན་གྱི་ཆབ་སྲིད་སྒྲིག་གཞི་བཀོལ་སྤྱོད་བྱེད་བཞིན་ཡོད། དཔེར་ན། གནའ་བོའི་ཀེ་རི་སེ་ནི་སྤྱི་མཐུན་ལམ་ལུགས་ཡིན་པ་དང་། དེང་རབས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཡང་སྤྱི་མཐུན་ལམ་ལུགས་ཡིན་པ་ལྟ་བུའོ།
ཉམས་འཇོག་བྱ་དགོས་པ་ཞིག་ལ། ལུགས་མཐུན་མ་ཡིན་པའི་སྲིད་དང་ཡང་ན་དབང་ཤུགས་སྤྱོད་པ་ལེགས་འགྲུབ་འབྱུང་མི་སྲིད་པའི་སྲིད་གཞུང་ཞིག་ཡིན་ན་ཡང་ཆབ་སྲིད་ཀྱི་སྒྲིག་གཞི་ངེས་ཅན་ལྡན་པ་ཡིན་ལ། དབང་སྒྱུར་གྱི་ངོ་བོ་ལེགས་ཉེས་གང་གི་ཕྱོགས་སུ་གཏོགས་ན་ཡང་། ཕམ་ཉེས་སུ་སོང་བའི་སྲིད་གཞུང་དེ་ཡང་སྲིད་གཞུང་གང་རུང་གི་རྣམ་པར་གནས་པ་ཞིག་ཡིན་པ་བསྒྱུར་དུ་མེད།