ཆབ་སྲིད་རིག་པ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:32ལ་འགྲུབ།

ཆབ་སྲིད་རིག་པ།

ཆབ་སྲིད་རིག་པ་ནི་ཆབ་སྲིད་ཀྱི་སྤྱོད་ལམ་དང་ཆབ་སྲིད་སྒྲིག་སྲོལ་སོགས་ཆབ་སྲིད་དང་འབྲེལ་བའི་ཁྱབ་ཁོངས་གཙོ་བོར་བཟུང་བའི་སྤྱི་ཚོགས་ཚན་རིག་རིག་ཚན་དག་ལ་བརྗོད་པ་དང་། སྒྲ་དོག་འཇུག་ལྟར་ན་ཆབ་སྲིད་རིག་པའི་ཞིབ་འཇུག་གི་བྱ་འགུལ་དང་རྣམ་པ། འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཟེར་ཞིང་། སྒྲ་ཡངས་འཇུག་ལྟར་ན་ངེས་གཏན་གྱི་དཔལ་འབྱོར་རྨང་གཞིའི་སྟེང་གི་སྤྱི་ཚོགས་ཐུན་མོང་གི་དབང་ཆའི་བྱ་འགུལ་དང་རྣམ་པ། འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཟེར་བ་ཡིན།
1 ཞིབ་འཇུག་བྱ་ཡུལ།

ཆབ་སྲིད་ལས་རིགས་ཀྱིས་ཆབ་སྲིད་རིག་པའི་ཞིབ་འཇུག་བྱ་ཡུལ་ལ་བཟུང་པའི་ལྟ་ཚུལ་ནི་ད་དུང་གཅིག་གྱུར་ཞིག་མིན་པར། དེ་ལ་འདོད་ཚུལ་མི་འདྲ་བ་མང་པོ་བཏོན་ཡོད་ཅིང་། དེ་དག་མདོར་སྒྲིལ་ན་རིགས་གཉིས་སུ་དབྱེ་ཆོག་སྟེ།

འདོད་ཚུལ་དང་པོ་ལྟར་ན།

ཆབ་སྲིད་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་ཆབ་སྲིད་ཀྱི་སྣང་ཚུལ་དང་ཆབ་སྲིད་ཀྱི་འབྲེལ་བ་ཡིན་པ་དང་། ཆབ་སྲིད་རིག་པ་ནི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་པར་འདོད་ཀྱི་ཡོད་ལ། དེ་ནི་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་དང་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱ་བ་ཞིག་དང་ཡང་ན་སྤྱི་ཚོགས་ཆབ་སྲིད་ཀྱི་སྟོབས་ཤུགས་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་ཞིབ་འཇུག་བྱ་བའི་ཚན་རིག་ཅིག་ཡིན་པར་ཡང་འདོད་ཀྱི་ཡོད།

འདོད་ཚུལ་གཉིས་པ་ལྟར་ན།

ཆབ་སྲིད་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རྒྱལ་ཁབ་ཡིན་པ་དང་། ཡང་ན་རྒྱལ་ཁབ་གཙོ་སྙིང་དུ་བཟུང་བའི་ཆབ་སྲིད་ཀྱི་སྣང་ཚུལ་སྣ་ཚོགས་དང་ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་ཡིན་པར་འདོད་ཀྱི་ཡོད།

2 ཞིབ་འཇུག་གི་ཐབས་ལམ།

ཆབ་སྲིད་རིག་པའི་ཞིབ་འཇུག་བྱ་ཐབས་དེ་རིམ་པ་ལྟར་དབྱེ་ན། མཚན་ཉིད་རིག་པའི་ངོས་ཀྱི་ཐབས་ཤེས་དང་། མཉམ་འགྲོས་རིམ་པའི་ཐབས་ཤེས། ལག་རྩལ་ཕྱོགས་ཀྱི་ཐབས་ཤེས་བཅས་ཡོད་དེ། 

(1) མཚན་ཉིད་རིག་པའི་ངོས་ཀྱི་ཐབས་ཤེས།

རིག་ཚན་གང་རུང་ཡིན་ན་ཡང་ཞིབ་འཇུག་ནི་བྱེ་བྲག་ནས་སྤྱི་མཚན་ཅན་དང་མ་ལག་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་ཡིན་པ་དང་། དེ་ནི་ངེས་གཏན་གྱི་མཚན་ཉིད་རིག་པའི་ཤེས་བྱ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ལ། ལྷག་པར་དུ་ཚད་མ་རིག་པའི་ཤེས་བྱ་དང་འབྲལ་ཐབས་མེད་པ་ཞིག་ཡིན། སྤྱོད་ལམ་རིང་ལུགས་ཀྱི་ཆབ་སྲིད་རིག་པ་བས་རིན་ཐང་མེད་པར་བཟོ་བ་ནན་བཤད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཆབ་སྲིད་རིག་པའི་ཞིབ་འཇུག་ནི་རིན་ཐང་གི་བར་ཚབ་ངོ་མ་ལྟ་བུ་ཞིག་བྱ་ཐབས་མེད་པ་ནི་ལག་ལེན་གྱིས་བདེན་དཔང་བྱས་ཡོད། ཆབ་སྲིད་རིག་པའི་ཞིབ་འཇུག་དེ་ཞིབ་འཇུག་པ་རང་ངོས་ཀྱི་འདུ་ཤེས་དང་ཡང་འབྲལ་ཐབས་མེད་པ་ཞིག་ཡིན་པ་དང་། དེ་བཞིན་ཞིབ་འཇུག་པར་ཡང་མཚན་ཉིད་རིག་པའི་དཔྱོད་ཤེས་དང་གཏན་ཚིགས་རིག་འདེད་ཀྱི་ནུས་པ་ལྡན་དགོས། 

(2) མཉམ་འགྲོས་རིམ་པའི་ཐབས་ཤེས།

སྤྱི་འགྲོས་རིམ་པ་ཞེས་པའི་ཐ་སྙད་ནི་ཨ་རིའི་ཚན་རིག་མཚན་ཉིད་པ་བ་ཁུའུ་སིའི «ཚན་རིག་དང་མཐུན་པའི་གསར་བརྗེ་ཡི་གྲུབ་ཚུལ» ཞེས་པ་ལས་བྱུང་ཡོད་པ་དང་། ཆབ་སྲིད་ཚན་རིག་ཏུ་བརྗོད་པའི་སྤྱི་འགྲོས་ནི་འབྲེལ་ཡོད་དོན་སྤྱི་དང་གཞུང་ལུགས། ལག་ལེན་དཔེ་དབྱིབས་བཟོ་བར་བཙུགས་པ་ཞིག་ཡིན། གཞུང་ལུགས་མཉམ་འགྲོས་ཞེས་པ་ནི་གཞུང་ལུགས་ཀྱི་གཏན་ཚིགས་མ་དཔེ་ཡིན་པ་དང་། དེ་ནི་གཞུང་ལུགས་ཀྱི་གྲུབ་ཆ་དང་གྲུབ་ཆའི་གྲུབ་ཚུལ་ཐབས་ལམ་སོགས་ཀྱི་གྲུབ་པ་ཞིག་ཡིན།

(3) ལག་རྩལ་ཕྱོགས་ཀྱི་ཐབས་ཤེས།

ལག་རྩལ་ཕྱོགས་ཀྱི་ཐབས་ཤེས་གཙོ་བོ་ནི་རྒྱུ་ཆ་འཚོལ་བསྡུ་དང་། གཞི་གྲངས་ཀྱི་ལས་སྣོན་ལེགས་བསྒྲིག  ཞིབ་འཇུག་གི་གྲུབ་འབྲས་སོགས་ལག་ཆའི་རང་བཞིན་དང་གོ་རིམ་ཅན་གྱི་བྱ་ཐབས་དབྱེ་འབྱེད་བྱེད་པ་ཞིག་ཡིན།

3 སྤྱི་ཚོགས་ཀྱི་གོ་གནས།

ཆབ་སྲིད་རིག་པ་ནི་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཡིན་པ་དང་། དེས་མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་ཆབ་སྲིད་འབྲེལ་བ་ཞིབ་འཇུག་བྱ་ཡུལ་དུ་འཛིན་དགོས་པའི་བླང་བྱ་འདོན་བཞིན་ཡོད་ལ། ཚན་རིག་དང་ཚན་རིག་གི་ལྟ་ཚུལ་བཟུང་ནས་ཞིབ་འཇུག་བྱ་དགོས། ཞིབ་འཇུག་གི་ཚན་རིག་གྲུབ་འབྲས་དང་མཇུག་སྡོམ་གྱིས་མི་རྣམས་ལ་ཆབ་སྲིད་ཀྱི་གནས་སྟངས་ངོས་འཛིན་བྱ་རུ་འཇུག་པ་དང་། ཆབ་སྲིད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པ་ཡིན། 


དཔྱད་གཞིའི་ཡིག་ཆ།