དོམ་གྱི་གཏམ་རྒྱུད།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-01-20 12:04ལ་འགྲུབ།

དོམ་གྱི་གཏམ་རྒྱུད།

དོམ་གྱི་གཏམ་རྒྱུད།
《དོམ་གྱི་གཏམ་རྒྱུད》ཅེས་པའི་དངོས་ཞུས་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་རང•ཡཱ་ཁུ•ཨ་ནོའུ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཆེ་ཅི•ཁཱ་ཡོའུ་དང་ཅེ་ཁུ•ཧྭ་ལའེ་སི་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདི་ནི་དངོས་ཞུས་དང་གཏམ་རྒྱུད་གཞི་གཅིག་ཏུ་འདྲེས་པའི་ཁྱད་མཚར་རང་བཞིན་གྱི་གློག་བརྙན་ཞིག་ཡིན། ལའོ་ཅིན་རི་རྒྱུད་ཀྱི་ཁུགས་སོ་ནས་མི་དང་དོམ་བར་དུ་བྱུང་བའི་དོན་དངོས་ལ་དམིགས་ནས་གློག་བརྙན་གྱི་ལམ་ནས་ཕྱི་ཡུལ་གྱི་བཀོད་པ་གཞི་བྱས་ནས་ནང་བཅུད་ཀྱི་སེམས་ཅན་བར་གྱི་འགལ་འདུ་དང་ཞི་མཐུན། ཞོད་འཇགས་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
དོམ་གྱི་གཏམ་རྒྱུད།
མ་བརྙན་མིང་།
The Bear
རྒྱ་འགྱུར་མིང་།
熊的故事
རྒྱལ་ཁབ།
ཨ་རི། ཧྥ་རན་སི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
རང•ཡཱ་ཁུ•ཨ་ནོའུ།
གཙོ་འཁྲབ་པ།
ཆེ་ཅི•ཁཱ་ཡོའུ། ཅེ་ཁུ•ཧྭ་ལའེ་སི་སོགས།
འགྲེམ་དུས།
1988-10-19
བརྙན་རིགས།
དངོས་ཞུས།
ཡུན་ཚད།
སྐར་མ94
1 ནང་དོན་མདོར་བསྡུས།

གློག་བརྙན་གཏམ་རྒྱུད་འདི་ལས་རི་རབ་ཀྱིས་ཡོངས་སུ་བསྐོར་བའི་རང་བྱུང་ཁམས་ཆེན་མོའི་གྲུ་ཟུར་ཞིག་ན། དོམ་ཕྲུག་དང་དོམ་མ་གཉིས་ཀྱིས་སྦྲང་མའི་རྩི་བཅུད་ལ་རོལ་སྐབས། སྟབས་མ་ལེགས་པར་ཕ་བོང་ཉིལ་ནས་དོམ་མ་དེ་རྐྱེན་ལམ་དུ་ཤོར། འོན་ཀྱང་། ནར་མ་སོན་པའི་དོམ་ཕྲུག་གིས་རང་ཉིད་སྲུང་ཞོར་དང་ལོགས་སུ་རྩེད་མོ་ཞོར། གཉིད་ཞོར། འབོད་ཞོར་གྱིས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས། ཨ་མ་དངོས་གནས་ཕྱིར་ཡོང་མེད་པ་ཤེས་ནས་རང་ཉིད་གཅིག་པུའི་འཚོ་བ་རོལ་མགོ་བརྩམས། དེ་ནས་ཁོ་རང་ངན་ངོན་གྱི་འཚོ་བའི་བཞུད་ལམ་ལས་ངུ་མ་དགོད་ཀྱི་ལམ་བུ་རང་གིས་བསྐྲུན་པ་རེད།

ཁེར་རྐྱང་གི་འཚོ་ཐབས་ལས་དོམ་ཕྲུག་བཀྲེས་ལྟོགས་ཀྱིས་མནར་བ་དང་ལམ་ནོར་ཐེབས་ཤིང་། སྦལ་བ་དང་ཕྱེ་ལེབ་སོགས་ཀྱིས་ཁོ་ཡི་རྩེད་རོགས་དང་བསླུ་བྲིད་ཡང་ཡང་བྱས། སྐབས་ཤིག་ལ། ལྷིང་འཇགས་ཀྱི་རི་ཁུག་ཞིག་ནས་སྐད་ཞིག་གྲག་པ་ན། དོམ་ཕྲུག་ལ་སྐྲག་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། འོན་ཀྱང་། རང་གི་རིགས་མཐུན་གྱི་སྐད་སྒྲ་ཞིག་ཀྱ་ཐོས་པས། ཁོས་རྣམ་རིག་ཀྲོང་ཀྲོང་ཡང་ན་དལ་བ་དལ་བུར་འཚོལ་དུ་ཕྱིན། བསམ་ཡུལ་འདས་པ་ཞིག་ལ་དོམ་སྐྱ་ཆེན་པོ་ཞིག་ལ་རྨས་ལྕི་མོ་ཕོག་འདུག་པ་མཐོང་། དོམ་ཕྲུག་ག་ལེར་དོམ་རྒན་གྱི་འཁྲིས་སུ་ཕྱིན་ནས་རང་ནུས་ཅི་ལྕོགས་ཀྱིས་དོམ་རྒན་གྱི་རྨ་ཁའི་ཁྲག་ལྡག་པས་དོམ་རྒན་ལ་ཅུང་བདེ་བའི་ཚོར་བ་ཞིག་ཐོན། དེ་ནས་བཟུང་དོམ་ཕྲུག་དང་དོམ་རྒན་གྱི་བར་ལ་འཚོ་བ་གསར་པ་ཞིག་དང་མཛའ་གཅུགས་ཀྱི་རི་མོ་བྲིས།

རྔོན་པ་དེ་དག་ནི་དོམ་སྤགས་དང་གཅན་གཟན་ཅི་རིགས་ཀྱི་ཉོ་ཚོང་ལ་དམིགས་ནས་ནགས་ཀླུང་དུ་རྔོན་ལས་ཀྱི་འཚོ་བ་རོལ། སྤྱིར་ན་རྔོན་པ་དང་དོམ་ཕྲུག དོམ་རྒན་གྱི་བར་ལ་ཤི་གསོན་གྱི་གཡུལ་འགྱེད་ཡིན་ཡང་། ནང་སེམས་ཀྱི་རྐྱེན་དང་རྐྱེན་ལ་བརྟེན་ནས་འབྲས་པ་སྨིན་པ་ནང་བཞིན། འགལ་ཟླའི་རང་བཞིན་ཞོད་འཇགས་སུ་གྱུར་བའི་གནས་ལུགས་ཀྱང་མང་པོ་འདུག དེ་ཡང་དོམ་རྒན་ནི་དོམ་ཕྲུག་གི་མགོན་སྐྱབས་སུ་གྱུར་བ་རེད། དོམ་ཕྲུག་རྔོན་པས་བཟུང་བ་དང་གཟན་གཅན་གཞན་གྱིས་བརྙས་བཅོས་ཇི་ལྟར་བྱེད་སྐབས་དོན་རྒན་རྒྱབ་རྩར་ལངས་ཤིང་། རྔོན་པ་དང་དོམ་རྒན་གཉིས་ཁ་གཏད་དུ་འཕྲད་ཀྱང་། དོམ་རྒན་གྱིས་བཟོད་བསྲན་དང་གུ་ཡངས་ཀྱི་སྒོ་ནས་གྱེས་པ་རེད། དེ་ནི་གཅན་གཟན་གྱི་ཤེས་རྒྱུད་ཀྱི་ས་བོན་ནི་གདུག་རྩུབ་ཁོ་ན་མ་ཡིན་པ་ཤེས་ཐུབ། རྔོན་པའི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་ནི་ཕ་རོལ་གྱི་དགྲ་བོའི་བཟོད་བསྲན་ཡིན་སྲིད། ཁོ་གཉིས་ཀྱིས་ཀྱང་རྔོན་པའི་འཆར་གཞི་དོར་ནས་ནགས་ཚལ་གྱེས་པ་རེད།

སྐབས་དེར། དོམ་ཕྲུག་གིས་དོམ་རྒན་གྱི་རྗེས་མ་ཆོད་པ་དང་རྗེས་སྙེགས་པའི་ལམ་དུ་རྔུལ་ཆུ་མང་པོ་བཏོན། ལྷག་པར་མེ་གླིང་གཟིག་གིས་བརྙས་བཅོས་བྱས། བྲོས་ནས་སྡོང་སྐམ་ལ་འགོས་ཤིང་། སྡོང་སྐམ་ཆག་ནས་ཆུར་ལྷུང་། ཆུའི་ནང་དུ་འཕག་འཚག་ཡུན་རིང་བརྒྱབ། ཆུའི་ནང་དུ་ཤི་ལ་ཁད་ཙམ་བྱས་ཤིང་། ཞི་གཟིག་གིས་འཐབ་པའི་ཚེ་ན། དོམ་རྒན་གྱི་ངར་སྒྲ་ཐེངས་ཤིག་གིས་ཕས་རྒོལ་གཞོམ་པའི་ནུས་པ་ཡག་པོ་ལྡན་པ་རེད། དོམ་ཕྲུག་གིས་འཚོ་བའི་མངར་སྐྱུར་བསྐ་གསུམ་མྱངས་པ་མ་ཟད། དོམ་རྒན་གྱི་གཅེས་སྐྱོང་འོག་ཁོ་རང་རིམ་གྱིས་ནར་སོན། བྲག་དོང་གི་ཕྱི་རོལ་ན་ཁ་བ་ལྷབ་ལྷུབ་དུ་འབབ་ཅིང་ནང་དུ་དོམ་གཉིས་ཀྱིས་རྨི་ལམ་གྱི་ཞིང་དུ་བཞུད་མགོ་རྩོམ།

2 དཔྱད་གཏམ།

འཛམ་གླིང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་གིས་གློག་བརྙན་གང་ཞིག་འཁྲབ་བསྒྱུར་བྱེད་གྱུར་ན། ཆེས་དཀའ་བའི་གནད་དོན་ནི་བྱིས་པ་དང་རི་དྭགས་གཅན་གཟན་གྱི་རིགས་ཡིན་ཞེས་གདམས་པ་ནང་བཞིན། རང་བྱུང་ཁམས་ཆེན་མོའི་རི་སྐྱེས་སྲོག་ཆགས་གང་ལ་ཚད་ལྡན་གྱི་བརྙན་གཟུགས་དང་ཚད་ལྡན་གྱི་བརྩམས་ཆོས་ཞིག་ཏུ་འགྱུར་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་ཤེས་ཐུབ། དེ་ནི་འདུ་ཤེས་མེད་པ་དང་བཀོད་འདོམས་མེད་པ། དེ་མིན། བདེན་དོན་གྱི་ཚད་ཧ་ཅང་མཐོ་བའི་ཕྱིར་ཡིན། དེ་བས། གློག་བརྙན་འདི་ནི་སྤྱིར་བཏང་གི་བསམ་གཞིགས་དང་གཏམ་རྒྱུད་ལ་དྲངས་ནས། སྤྱིར་བཏང་མ་ཡིན་པའི་ལེན་ཤེལ་ལག་རྩལ་དང་བྱེད་ཐབས། བློ་གྲོས། མནོ་བསམ་ཡག་པོ་བཏང་ཡོད་པ་ཤེས།

གློག་བརྙན་གྱི་ལེན་ཤེལ་གཞུང་ལུགས་ལྟར་དུ་ཉེ་རིང་རྒྱང་བརྙན་དང་ཞིབ་བརྙན། དམིགས་གསལ་ཁྱད་ཆོས་བྱེད་ཐབས། ཕྱིའི་ཡུལ་གྱི་སྤྱི་མཐུན་ཆོས་ཉིད་ལ་གཞིགས་ནས་འཁྲབ་ཁྲིད་བྱས་ཡོད། གཙོ་བོ་ནི་ལྗོངས་དངོས་རང་བཞིན་དང་ཞིབ་བརྗོད་རང་བཞིན་གྱི་ཁྱད་ཆོས་དངོས་ཐོན་ཡོད། དོམ་རྒན་གྱི་སྣའི་ཚོར་ཤེས་ལ་བརྟེན་ནས་ཕྱི་རོལ་གི་བྱ་དངོས་ལ་ངོས་འཛིན་བྱེད་པའི་ཐབས་ནི་སྲོག་ཆགས་རིག་པའི་ཆེས་གཞི་རྩའི་རིག་ལམ་ཞིག་ཡིན། གློག་བརྙན་འདིའི་ཟུར་ཚད་གང་ལ་བལྟས་ན། གསར་འབྱེད་དང་ཁྱད་མཚར། དགོས་མཁོ་རང་བཞིན་གྱི་སྒྱུ་རྩལ་བློ་མིག་ཤིན་ཏུ་ནས་རྣོ། རྒྱུ་མཚན་ནི་ཕྱོགས་གསུམ་གྱི་ཐད་ནས་བརྗོད་པ་ལ།

གཅིག འཁྲབ་ཁྲིད་པའི་བསམ་གཞིགས་དང་ལག་རྩལ་ནི་སྐྱོ་གར་རང་བཞིན་གྱི་དོམ་ཕྲུག་ཨ་མའི་སྣང་བརྙན་གསར་བཞེངས་ནི་རབ་རིབ་ཀྱི་རྨི་ལམ་རྨི་བའི་ཐབས་སྤྱད་པ་དང་སྐྲག་སྣང་གི་བྱེད་ཐབས་ནི་སྦལ་བ་རྨི་བའི་རྣམ་པ། རྩེད་མཚར་གྱི་རྣམ་པ་ནི་དུག་ཅན་གྱི་ཤྭ་མོ་དག་ཟོས་བས་དོམ་ཕྲུག་གི་མགོ་བོ་མགལ་མེ་བཞིན་དུ་འཁོར་བའི་རྣམ་པ་ནི་འཁྲབ་ཁྲིད་པའི་ཆེས་ཕུན་སུམ་ཚོགས་པའི་ལག་རྩལ་རང་བཞིན་གྱི་སྒྱུ་རྩལ་ཡིན།

གཉིས། གློག་བརྙན་འདི་ལ་བརྗོད་དོན་དང་སྣང་བརྙན་གྱི་གཏན་ཚིགས་དང་བསམ་བློའི་རིམ་ཚད་ལ་དམིགས་ནས། བར་བཅུག་གི་བརྙན་རིས་མི་འདྲ་བ་་བཀོད་ཐབས་ནི་ཤྭ་ཁྱུ་དང་ཁྱི། བྱིའུ། ཕྱེ་ལེབ། རྟ་མཆོག སྦལ་བ། སྦྲང་མ། ཞི་གཟིག མི་སོགས་བརྙན་ཐབས་ལེན་ཤེལ་མི་འདྲ་བའི་བརྗོད་དོན་དང་མཚོན་ཐབས་དེ་ཉིད་ལྟ་མཁན་གྱི་ནང་སེམས་གཡོ་འགུལ་ནུས་པའི་ཆེས་མཐོའི་བརྙན་ལེན་རིག་ལམ་མམ་ཡང་ན་དེ་ནི་སྒྱུ་རྩལ་མཚོན་ཐབས་ཀྱི་དགོས་མཁོ་གཙོ་བོ་ཡིན།

གསུམ། དོམ་དང་རྔོན་པའི་བར་གྱི་འགལ་ཟླའི་མེ་རྟ་ཟུར་གང་ཞིག་ཞི་གྱུར་བ་རེད་ཟེར་ན། དེ་ནི་རྔོན་པས་དོམ་ཕྲུག་ལ་ཚུལ་མིན་གྱི་བསམ་སྦྱོར་མ་ལས་པར། དོམ་ཕྲུག་ལ་གཅེས་པ་དང་དོམ་ཕྲུག་མོས་པ་བཞིན་དུ་གསོ་སྐྱོང་བྱས་པའི་གོ་རིམ་ལས། དོམ་རྒན་གྱིས་གསང་བའི་སྒོ་ནས་ཟུར་ལྟ་བྱས་ཐེངས་འགར་བྱས་པས། རྔོན་པ་དང་དོམ་རྒན་བར་གྱི་གཏམ་རྒྱུད་ནི་འགལ་བ་ནས་ཞི་འཇགས་སུ་གྱུར་བའི་མཚོན་ཐབས་བརྙན་རིས་སྤྱད་ཡོད།

འདི་ནི་གློག་བརྙན་གྱི་མཚོན་ཐབས་ཙམ་མ་ཡིན་པར། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་གང་ཞིག་ལ་ཟབ་ཞུགས་ན། དེ་ལ་རྒྱུ་འབྲས་ཀྱི་འབྲེལ་བ་དང་རྟེན་འབྱུང་གི་འབྲེལ་བ་ངེས་དོན་དུ་ཡོད་པ་བསྟན་ཡོད། བཟང་ལ་བཟང་ལན་དང་ངན་ལ་ངན་ལན་གྱི་གཏན་ཚིགས་བསམ་བློ་ཤུགས་སུ་ངེས་ཡོད། གློག་བརྙན་འདིའི་ཆེས་མཐོའི་སྒྱུ་རྩལ་གྱི་བློ་འབྱེད་དང་རྩལ་ནུས་ཕུན་སུམ་ཚོགས་པ་ཡིན། མདོར་ན། གློག་བརྙན་འདིའི་སྤྱི་སྡོམ་ནི་ལག་རྩལ་སྒྱུ་རྩལ་དང་མཚོན་ཐབས་སྒྱུ་རྩལ་ཟུང་དུ་སྦྲེལ་ནས་རིག་ལམ་བཟང་བོ་ཞིག་གིས་མི་སེམས་དབང་མེད་འགུག་པའི་མི་ཆོས་གནད་ཀྱི་ཀུན་སློང་དང་སྐྱེ་ཁམས་ཆོས་ཉིད་ཀྱི་སྣང་ཚུལ་སོགས་མངོན་པར་ཐོན་ཡོད།